ཀྲུང་གོ་བོད་ཀྱི་དྲ་བ།

ནུས་མེད་གཉེན་སྒྲིག་ཁྲོད་ཀྱི་རྒྱུ་ནོར་ཇི་ལྟར་ཐག་གཅོད་བྱེད་དགོས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2018-05-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1523953346870703.png

གྱོད་དཔེ།

ང་དང་ཀླུ་མོ་གཉིས་ཀྱིས་མཛའ་གྲོགས་བསྒྲིགས་ནས་ལོ་གཅིག་འགོར་བའི་རྗེས་སུ། ཕན་ཚུན་བར་ལ་འདང་རྩེ་ཟབ་མོ་ཞིག་ཆགས་པའི་རྐྱེན་གྱིས་ཉིན་བཟང་སྐར་བཟང་ཞིག་བདམས་ནས་གཉེན་སྒྲིག་གྱི་ཆོ་ག་སྤེལ་བ་ཡིན། སྐབས་དེར་ང་རང་གཉེན་སྒྲིག་གི་ལོ་ཚོད་ལ་མ་སླེབས་པའི་རྐྱེན་གྱིས་ལྐོག་ཏུ་ལོ་གྲངས་བཅོས་བསྒྱུར་བྱས་ཏེ་གཉེན་སྒྲིག་ཡི་གེ་བླངས་པ་ཡིན། ཡིན་ནའང་དོན་དངོས་སུ་ང་རང་དུས་ད་ལྟའང་གཉེན་སྒྲིག་བྱེད་པའི་ལོ་ཚོད་ལ་སླེབས་མེད། གཉེན་སྒྲིག་བྱས་ཏེ་དུས་ཡུན་ངེས་ཅན་ཞིག་འགོར་རྗེས། ངའི་སེམས་ལ་ངེད་གཉིས་དེ་འདྲའི་འོས་འཚམས་ཤིག་མིན་པར་བསམ་བྱུང་། རྒྱུ་མཚན་ནི་ངེད་གཉིས་ཀྱིས་དོན་དག་ལ་ལྟ་བའི་བསམ་བློ་དང་དོན་དག་བསྒྲུབ་དུས་ཀྱི་སྒྲུབ་ཕྱོགས་སོགས་ཕན་ཚུན་གཏན་ནས་མི་འདྲ། དེ་ནི་ང་རང་ད་དུང་ལོ་ན་ཆུང་བའི་རྐྱེན་ཡིན་ཡང་སྲིད། མདོར་ན། ངེད་གཉིས་ཀྱི་གཤིས་ཀ་དང་བསམ་བློ་སོགས་ལ་བར་ཁྱད་ཆེན་པོ་ཡོད། དེའི་རྐྱེན་གྱིས་ཕྱོགས་གཉིས་ཀའི་ཕ་མ་རྣམས་ཀྱིས་ངེད་བཟའ་ཟླ་གཉིས་ཀྱི་བསམ་འཆར་ལ་ཉན་རྗེས། མི་དམངས་ཁྲིམས་ཁང་ལ་ངེད་གཉིས་ཀྱི་གཉེན་སྒྲིག་ནུས་མེད་ཡིན་པ་ཁྱབ་བསྒྲགས་བྱེད་པའི་རེ་བ་བཏོན། ཡིན་ཡང་ང་ཚོའི་བར་ལ་རྒྱུ་ནོར་བགོ་བཤའ་ཐད་ཀྱི་རྩོད་གླེང་ཆེན་པོ་བྱུང་བས་ཐེངས་དུ་མར་ཕན་ཚུན་ཁ་རྩོད་བྱས་པ་ཡིན། རྩོད་པ་དང་གྲོས་བསྡུར་ཇི་ལྟར་བྱས་ཀྱང་མཇུག་མཐར་ཕན་ཚུན་ལ་གཅིག་གྱུར་གྱི་ལྟ་ཚུལ་བྱུང་མ་ཐུབ། དེ་བས། གཉེན་སྒྲིག་ནུས་མེད་ཡིན་པ་ཁྱབ་བསྒྲགས་བྱས་རྗེས་རྒྱུ་ནོར་ཇི་ལྟར་ཐག་གཅོད་བྱེད་དགོས།

ཁྲིམས་བཤད།

རང་རྒྱལ་གྱི《གཉེན་སྒྲིག་བཅའ་ཁྲིམས》ཀྱི་དོན་ཚན་བཅུ་གཉིས་པའི་གཏན་ཁེལ་ལྟར་ན། ནུས་པ་མེད་པ་དང་མེད་པར་བཟོས་པའི་གཉེན་སྒྲིག་དེར་ཁེ་དབང་དང་འོས་འགན་མེད། ཕོ་མོ་མཉམ་གཅིག་ཏུ་སྡོད་དུས་ཐོབ་པའི་རྒྱུ་ནོར་རྣམས་དོ་བདགཔས་གྲོས་བསྡུར་བྱས་ཏེ་ཐག་གཅོད་བྱེད་དགོས། གྲོས་མཐུན་མ་བྱུང་ཚེ་མི་དམངས་ཁྲིམས་ཁང་གིས་ནོར་འཁྲུལ་མེད་པའི་ཕྱོགས་ལ་གུ་ཡངས་བྱེད་པའི་རྩ་དོན་ལྟར་ཐག་གཅོད་བྱེད་ངེས་ཡིན། དེ་དང་ལྷན་དུ《ཆེས་མཐོ་མི་དམངས་ཁྲིམས་ཁང་གི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་གཉེན་སྒྲིག་བཅའ་ཁྲིམས་བཀོལ་སྤྱོད་བྱེད་དུས་ཀྱི་གནད་དོན་འགའི་འགྲེལ་བཤད》ཀྱི་དོན་ཚན་བཅོ་ལྔ་ཡི་ནང་དུའང་བྱེ་བྲག་གིས་གཏན་ཁེལ་བྱས་ཡོད་དེ། གཉེན་སྒྲིག་དེ་ནུས་མེད་ཡིན་པར་བཟོས་པ་ཁྱབ་བསྒྲགས་བྱས་རྗེས། དོ་བདག་པ་མཉམ་སྡོད་པའི་སྐབས་ཐོབ་པའི་རྒྱུ་ནོར་རྣམས་སྤྱིའི་རྒྱུ་ནོར་ལྟར་ཐག་གཅོད་བྱེད་དགོས་ལ། འོན་ཀྱང་དོ་བདག་པ་ཕྱོགས་གཅིག་ལ་དབང་བ་བདེན་དཔང་བྱེད་ཐུབ་པ་དེར་མི་གཏོགས། དེ་བས། གོང་གི་བཅའ་ཁྲིམས་གཏན་ཁེལ་ལ་གཞིགས་ན། གཉེན་སྒྲིག་གང་ཞིག་མེད་པར་བཟོས་པའམ་ནུས་མེད་ཡིན་ཚེ། ཕྱོགས་གཉིས་ཀ་མཉམ་གཅིག་ཏུ་སྡོད་པའི་བར་སྐབས་ལ་ཐོབ་པའི་རྒྱུ་ནོར་རྣམས་ཐུན་མོང་ལ་དབང་བ་དང་། གལ་ཏེ་ཕྱོགས་གཅིག་ལ་དབང་བ་བདེན་དཔང་བྱེད་མི་ཐུབ་ན།  སྤྱིའི་རྒྱུ་ནོར་ལྟར་ཐག་གཅོད་བྱེད་པ་ཡིན། ཡིན་ནའང་ཕྱོགས་གཉིས་ཀར་གྲོས་མཐུན་མ་བྱུང་ན་མི་དམངས་ཁྲིམས་ཁང་ལ་གཏུག་བཤེར་བྱས་ཀྱང་ཆོག མི་དམངས་ཁྲིམས་ཁང་གིས་ཞིབ་བཤེར་ཐག་གཅོད་བྱེད་དུས་ནོར་འཁྲུལ་མེད་པའི་ཕྱོགས་དེར་གུ་ཡངས་བྱེད་པ་ཡིན། ཁྱོད་ཀྱིས་བཤད་པའི་གནས་ཚུལ་ལ་བརྟག་ཚེ་ཁྱོད་དང་ཀླུ་མོ་གཉིས་མཉམ་སྡོད་སྐབས་ཐོབ་པའི་རྒྱུ་ནོར་ལ་རྩོད་གླེང་བྱུང་བ་དེ་བཅའ་ཁྲིམས་ཀྱི་གོ་རིམ་བརྒྱུད་དེ་ཐག་གཅོད་བྱས་ནས་བཟང་བར་སྙམ།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།