ཀྲུང་གོ་བོད་ཀྱི་དྲ་བ།

ཁང་བ་འདི་ཁྱོ་ཤུག་ཐུན་མོང་གི་རྒྱུ་ནོར་ཡིན་ནམ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2018-05-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1524207107746595.png

གྱོད་དཔེ།

ང་ནི་ཉིས་སྟོང་གསུམ་ལོར་སློབ་ཆེན་ནས་མཐར་ཕྱིན་རྗེས་ཕྱིར་ཕ་ཡུལ་དུ་ལོག་སྟེ་དགེ་རྒན་གྱི་འགན་བཞེས། ཕྱི་ལོར་ང་སློབ་གྲྭས་བཀོད་སྒྲིག་ལྟར་ཟི་ལིང་དུ་ཡོང་ནས་ལོ་གཅིག་རིང་ལ་དགེ་རྒན་གྱི་ཟབ་སྦྱོང་བྱས་ཤིང་། སྐབས་དེར་ང་སློབ་ཆེན་དེའི་ལོ་རིམ་གསུམ་པའི་བུ་མོ་གཡང་མཚོ་དང་ཁ་ཐུག་པ་མ་ཟད། མོ་སློབ་མཐར་ཕྱིན་རྗེས་ངེད་གཉིས་གཉེན་སྒྲིག་བྱེད་རྒྱུའི་དམ་བཅའ་བཞག    དེ་ནས་ང་རང་ཕྱིར་ཕ་ཡུལ་དུ་ལོག་སྟེ་རང་གི་ཕ་མ་གཉིས་ལ་དེའི་ཕྱོགས་ཀྱི་ཁ་བརྡ་བྱས་པ་ན། ཕ་མ་གཉིས་ཀྱང་འཐད་པ་བྱུང་སྟེ་ཁོ་གཉིས་ཀྱིས་ཚེ་གང་བོར་ཁྲག་གསོག་རྣག་གསོག་བྱས་པའི་སྒོར་ཁྲི་ལྔ་ཡོད་པའང་བདག་ལ་བྱིན་ནས་རྫོང་ཐོག་ཏུ་ཁང་བ་ཞིག་ཉོས་ཤིང་ཁང་བའི་བདག་དབང་ངའི་མིང་ཐོག་ཏུ་ཐོ་འགོད་བྱས། ཉིས་སྟོང་ལྔ་ལོར་གཡང་མཚོ་ཡང་སློབ་མཐར་ཕྱིན་ཏེ་སྔོན་གྱི་དམ་བཅའ་བཞིན་ང་ཚོའི་རྫོང་ཐོག་ཏུ་ཡོང་། ཉིས་སྟོང་དྲུག་ལོའི་ཟླ་དང་པོའི་ནང་ལ་ངེད་གཉིས་ཀྱིས་ཁྲིམས་མཐུན་སྒོས་གཉེན་སྒྲིག་ཡི་གེ་བླངས་ཏེ་གཉེན་སྒྲིག་གི་ཆོ་ག་སྤེལ་བ་དང་། ལོ་དེའི་ཟླ་གསུམ་པའི་ནང་བྱིས་པ་ཞིག་ཀྱང་སྐྱེས། ན་ནིང་ལོ་ནས་བཟུང་ངེད་གཉིས་བར་ལ་འགལ་བ་མི་ཉུང་བ་ཞིག་བྱུང་སྟེ་བཟའ་འཐོར་མི་བྱེད་ཀ་མེད་བྱུང་། ཡིན་ཡང་གཡང་མཚོ་ཡིས་ངའི་ཕ་མས་ཉོས་པའི་ཁང་བ་དེ་ངེད་གཉིས་ཀྱི་ཁྱོ་ཤུག་ཐུན་མོང་གི་རྒྱུ་ནོར་ཡིན་ཟེར་བས། བདག་གི་ཕ་མས་ཉོས་པའི་ཁང་བ་འདི་ངེད་ཁྱོ་ཤུག་ཐུན་མོང་གི་རྒྱུ་ནོར་ཡིན་ནམ།

ཁྲིམས་བཤད།

ཁང་བ་དེ་ཁྱོད་གཉིས་གཉེན་སྒྲིག་མ་བྱས་པའི་ཡར་སྔོན་དུ་ཕ་མས་ཁྱེད་ལ་ཉོས་པ་ཡིན་ལ། ཁང་བའི་བདག་དབང་འཛིན་ཡིག་སྟེང་དུ་ཁྱོད་ཀྱི་མིང་བྲིས་ཡོད་པས། དེ་ནི་ཕ་མས་ཁྱེད་ལ་གནང་བའི་འགུལ་མེད་རྒྱུ་ནོར་ཡིན་པས་ཁང་བའི་བདག་དབང་ཁྱེད་ལ་དབང་བ་ཡིན། 《གཉེན་སྒྲིག་བཅའ་ཁྲིམས》ཀྱི་ཁྲིམས་འཛིན་གསལ་བཤད་དོན་ཚན་ཉེར་གཉིས་ལས་བསྟན་ཡོད་པ་ལྟར་ན། དོ་བདག་གཉིས་གཉེན་སྒྲིག་མ་བྱས་སྔོན།  ཕ་མས་མ་དངུལ་བཏང་ནས་ཁང་བའམ་རྒྱུ་ནོར་གང་ཞིག་ཡིན་རུང་། མ་དངུལ་གཏོང་མཁན་གྱིས་རང་གི་བུ་བུ་མོ་ལ་གནང་བ་ཡིན་ན་བདག་དབང་ཡོད་པའི་དོ་བདག་ཕྱོགས་དེར་དབང་བར་ངོས་འཛིན་བྱེད་དགོས། གལ་ཏེ་ཕ་མས་དངོས་སུ་ཁྱོ་ཤུག་ཟུང་ལ་བྱིན་པ་ཡིན་ན་ཁྱོ་ཤུག་ཐུན་མོང་ལ་དབང་བ་ཡིན་ཞེས་གཏན་ཁེལ་བྱས་ཡོད། དངོས་ཡོད་འཚོ་བའི་ཁྲོད། ཕ་མས་རང་གི་གསོག་དངུལ་ཡོད་ཚད་བཏང་ནས་བུ་བུ་མོ་གཉེན་སྒྲིག་བྱེད་པར་ཁང་བ་ཉོས་པ་དང་། སྤྱིར་བཏང་དུ་ཕ་མས་བུ་བུ་མོ་ལ་ཁང་བ་སྟེར་བའི་སྐབས་སུ་ཕན་ཚུན་བར་གྲསོ་མཐུན་ཡི་གེ་སོགས་ཅི་ཡང་མེད་པས། གལ་ཏེ་བུ་བུ་མོ་བཟའ་འཐོར་བྱེད་སྐབས་ཕ་མས་ཉོས་པའི་ཁང་བ་དེ་ཁྱོ་ཤུག་ཐུན་མོང་ལ་དབང་བའི་རྒྱུ་ནོར་དུ་ངོས་བཟུང་ཚེ།  དོན་དངོས་སྟེང་ཕ་མའི་ཁེ་དབང་ལ་གནོད་འཚེ་བཏང་བ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།