ཀྲུང་གོ་བོད་ཀྱི་དྲ་བ།

ངའི་རྒྱན་ཆ་དེ་ཁྱོ་ཤུག་ཐུན་མོང་གི་རྒྱུ་ནོར་ཡིན་ནམ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2018-05-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1524207107746595.png

གྱོད་དཔེ།

ང་དང་ངའི་ཁྱོ་ག་གཉིས་ཉིས་སྟོང་བརྒྱད་ལོར་གཉེན་སྒྲིག་བྱས་ཤིང་། ལོ་ངོ་དྲུག་གི་རིང་ལ་ངེད་གཉིས་ཀྱིས་སྐྱིད་ཀྱི་རྟ་ཕོ་མཉམ་ཞོན་དང་སྡུག་གི་ཁུར་བོ་མཉམ་འཁུར་བྱས་ནས་བཟའ་ཟླའི་འཚོ་བ་རོལ། ལོ་དེ་དག་གི་རིང་ལ་ངེད་གཉིས་ནངས་སྔ་ལངས་དང་དགོང་འཕྱི་ཉལ་བྱས་ཏེ་ཞིང་ཕྱུགས་གཉིས་ཀྱི་ཐད་ལ་འབད་འབུངས་བྱས་མཐར། ཁྱིམ་གྱི་འབྱོར་བའང་ཅུང་ཙམ་རྒྱས་ཏེ་ང་ལ་གཡུ་བྱུར་དང་གསེར་དངུལ་གྱི་རྣ་ཏོག་སོགས་ཕལ་ཆེར་སྒོར་ཁྲི་བདུན་ཙམ་ལ་ཉེ་བའི་རྒྱན་ཆ་ཞིག་བསྒྲིགས་ཡོད། སྐྱིད་སོང་ན་ལྕེབས་འདོད་ཅེས་པའི་ཁ་དཔེ་ལྟར་ཁྱིམ་ཚང་གི་འཚོ་བ་ཇེ་བཟང་དུ་སོང་བ་དང་ཆ་རྐྱེན་ཡང་ཇེ་ལེགས་སུ་སོང་བ་དང་བསྟུན་ནས། ངེད་བཟའ་ཟླའི་བར་གྱི་ཁ་རྩོད་ཀྱང་ཐེ་མང་དུ་འགྲོ་བ་དང་ཕན་ཚུན་ལ་ཡིད་ཆེས་དང་བརྩེ་འདང་ཡང་མེད་པར་གྱུར་ཏེ། ད་ལྟ་ངེད་གཉིས་ཀྱི་བརྩེ་དུངས་ལ་ཆག་གྲུམ་ཤོར་ནས་བཟའ་འཐོར་མི་བྱེད་ཀ་མེད་བྱུང་། དེ་བས་ངའི་རྒྱན་ཆ་དེ་དག་ངེད་ཁྱོ་ཤུག་གཉིས་ཀྱི་ཐུན་མོང་གི་རྒྱུ་ནོར་ཡིན་ནམ།

ཁྲིམས་བཤད།

《གཉེན་སྒྲིག་བཅའ་ཁྲིམས》ཀྱི་དོན་ཚན་བཅོ་བརྒྱད་པའི་གཏན་ཁེལ་གཞིར་བཟུང་སྟེ། ཕྱོགས་གཅིག་གི་ཆེད་སྤྱོད་ཀྱི་འཚོ་བའི་རྒྱུན་བཀོལ་མཁོ་ཆས་ནི་ཁྱོ་ཤུག་ཕྱོགས་གཅིག་གི་རྒྱུ་ནོར་དུ་ངེས་འཛིན་དགོས། ཆེད་སྤྱོད་ཀྱི་འཚོ་བའི་རྒྱུན་བཀོལ་མཁོ་ཆས་ཟེར་བ་ནི་དངོས་པོ་དེར་རིན་ཐང་མེད་ཀྱང་འཚོ་བའི་ཁྲོད་དུ་མེད་དུ་མི་རུང་བའི་རྒྱུན་སྤྱོད་ཀྱི་དངོས་ཟོང་ཞིག་ལ་གོ     དེ་ཆེད་སྤྱོད་ཀྱི་འཚོ་བའི་རྒྱུན་བཀོལ་མཁོ་ཆས་ཡིན་མིན་གཙོ་བོ་དངོས་པོ་དེ་མི་གཞན་གྱི་བཀོལ་སྤྱོད་བྱེད་སྐབས་རང་ངོས་ཀྱི་རིན་ཐང་དེ་ཕྱིར་མངོན་ཐུབ་མིན་གྱིས་ཐག་གཅོད་དགོས། རྒྱན་ཆ་དང་རིན་པོ་ཆེ་རིགས་ནི་མི་གང་རུང་གིས་ལོངས་སུ་སྤྱད་ཆོག་ལ་མི་སྒེར་གང་ཞིག་གིས་ངེས་པར་དུ་ཆེད་དུ་སྤྱོད་དགོས་པ་ཞིག་མིན་པས། གོང་དུ་བཤད་པའི་མི་སྒེར་གྱིས་རྒྱུན་ལྡན་འཚོ་བའི་ཁྲོད་ཆེད་དུ་སྤྱོད་བཞིན་པའི་རྒྱུན་བཀོལ་མཁོ་ཆས་ཤིག་ཀྱང་མ་རེད། དེ་བས་ཁྱོད་ཀྱིས་བཤད་པའི་རྒྱན་ཆ་དེ་དག་ཁྱོད་རང་ཁོ་ནས་བཀོལ་སྤྱོད་བྱེད་བཞིན་པའི་དངོས་པོ་ཡིན་ནའང་དེ་ལ་རིན་ཐང་ངེས་ཅན་ཞིག་ལྡན་པས། ཁྲིམས་འཛིན་ལག་བསྟར་ཁྲོད། དེ་ནི་ཁྱོ་ཤུག་ཐུན་མོང་གི་རྒྱུ་ནོར་དུ་ངོས་འཛིན་བྱེད་ངེས་ཡིན། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།