ཀྲུང་གོ་བོད་ཀྱི་དྲ་བ།

བུ་མོ་གནས་ལ་འགྲོ་དུས་ཕ་མས་རྫོངས་པར་བྱིན་པའི་གཡུ་བྱུར་ཚང་མ་ཁྱོ་ཤུག་ཐུན་མོང་ལ་དབང་བའི་རྒྱུ་ནོར་ཡིན་ནམ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2018-05-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1524207107746595.png

གྱོད་དཔེ། 

ཁོས་རང་གི་བུ་མོ་གནས་ལ་འགྲོ་དུས་བུ་མོའི་རྫོངས་པ་ཡིན་ཟེར་ནས་གཡུ་བྱུར་ཕྲེང་ཐག་བཅོ་བརྒྱད་དང་དམངས་སྒོར་ཁྲི་ལྔ། དྲེལ་རྟ་བཞི། ནོར་ལུག་ཉིས་བརྒྱ་བཅས་གསེར་དངུལ་གྱི་རྒྱན་ཆ་མང་པོ་ཞིག་ཨ་རིག་ལྕགས་ཐར་ཚང་ལ་བག་མའི་རྫོངས་པར་བྱིན་པ་དང་། བུ་མོ་གནས་ལ་སོང་བའི་ལོ་གསུམ་བཞིའི་རིང་ལ། ཁྱོ་གས་ཆང་འཐུང་བ་དང་། ཤོ་རྒྱག་པ། སྒོ་ཟོག་བཙོང་བ། རྒྱན་ཆ་བརྐུ་བ་སོགས་ཀྱི་ལས་སྣ་ཚོགས་བསྒྲུབས་པར་ཁྱོ་ཤུག་ཟུང་གི་བརྩེ་དུངས་ལ་ཆག་གྲུམ་ཤོར་ཏེ་བཟའ་འཐོར་མི་བྱེད་ཀ་མེད་བྱུང་། ཨ་རིག་ལྕགས་ཐར་ཚང་གི་ཁོའི་བུ་དང་མནའ་མ་གཉིས་བཟའ་འཐོར་བྱེད་དགོས་ཚེ་བག་མའི་རྫོངས་པ་ནི་ཨ་ཞང་ཚང་གིས་ངེད་ཨ་རིག་ཚང་ལ་བྱིན་པའི་རྒྱུ་ནོར་དང་རྫོངས་པ་ཡིན་པས། མནའ་མའི་རྫོངས་པ་ལས་སྐར་གང་ཡང་ཕྱིར་མི་སྟེར་བའི་དམ་བཅའ་བཞག   སྤྱིར་བཤད་ན། རྒྱུ་ནོར་འདི་དག་ཁྱོ་ཤུག་ཟུང་གིས་གཉེན་སྒྲིག་ཐོ་འགོད་མ་བྱས་པར་སོ་མ་གནས་ལ་འགྲིམས་པའི་བུ་མོར་བྱིན་པའི་རྫོངས་པ་ཡིན་ལ་ཁོ་བཟའ་ཟླ་གཉིས་ཀྱི་ཐུན་མོང་གིས་གསོག་པའི་རྒྱུན་ནོར་མིན། རང་རྒྱལ་གྱི་བཅའ་ཁྲིམས་ཁྲོད་དུ་ཁྱོ་ཤུག་སྒེར་ལ་དབང་བའི་རྒྱུ་ནོར་དང་ཁྱོ་ཤུག་ཐུན་མོང་ལ་དབང་བའི་རྒྱུ་ནོར་ཐད་ལ་ཐག་བཅད་ག་འདྲ་ཡོད་དམ།

ཁྲིམས་བཤད། 

གོང་གི་གྱོད་དོན་འདིར་མཚོན་ན་ཕོ་མོ་ཟུང་གིས་གཉེན་སྒྲིག་ཐོ་འགོད་བྱས་མེད་པའི་སྔོན་ནམ་ཡང་ན་ཐུན་མོང་གི་འཚོ་བ་མ་རོལ་བའི་སྔོན་ཞ་བུ་མོའི་ཕ་མ་གཉིས་ཀྱིས་རང་ཉིད་ཀྱི་བུ་མོ་གནས་ལ་འགྲོ་སྐབས་བྱིན་པའི་རྒྱུ་ནོར་ཡིན་པས་ཁྱོ་ཤུག་སྒེར་ལ་དབང་བའི་རྒྱུ་ནོར་ཡིན་ལ་བུ་མོ་གནས་ཡུལ་ནས་མ་བསྡད་ཚེ་གོང་གི་རྒྱུ་ནོར་རྣམས་ཕྱིར་སློག་དགོས་སོ། ། ཁྱིམ་ཚང་གི་རྒྱུ་ནོར་ལ་རིགས་གཉིས་ཡོད་ལ། དེ་ནི་ཁྱོ་ཤུག་ཐུན་མོང་གི་རྒྱུ་ནོར་དང་ཁྱོ་ཤུག་སྒེར་ལ་དབང་བའི་རྒྱུ་ནོར་ཡིན།

ཁྱོ་ཤུག་ཐུན་མོང་ལ་དབང་བའི་རྒྱུ་ནོར་ནི། 

གཅིག གཉེན་སྒྲིག་བྱས་རྗེས་ཕྱོགས་གཅིག་གམ་ཕྱོགས་གཉིས་ཀའི་ངལ་རྩོལ་ལས་ཐོབ་པའི་རྒྱུ་ནོར་དང་། ཕྱོགས་གཅིག་གམ་ཕྱོགས་གཉིས་ཀར་གཞན་གྱིས་ཤུལ་འཛིན་དུ་གནང་བ་དང་། ལས་རྟགས་སུ་གནང་བའི་ཁྲིམས་མཐུན་རྒྱུ་ནོར།

གཉིས། གཉེན་སྒྲིག་གི་སྔོན་དུ་ཕྱོགས་གཉིས་ཀའི་ཁྲིམས་མཐུན་སྒོས་ཐུན་མོང་གིས་ཉོས་པའི་རྒྱུ་ནོར།

གསུམ། གཉེན་སྒྲིག་ཐོ་འགོད་བྱེད་སྐབས་ཕྱོགས་གཉིས་ཀྱི་དངུལ་སྒོར་དང་ཁྱིམ་ཆས་དངོས་ཟོང་། ཕྱོགས་གཉིས་ཀར་གྲོགས་པོས་གནང་བའི་མཚན་རྟགས

བཞི། གཉེན་སྒྲིག་བྱས་རྗེས་ཐུན་མོང་གི་འཚོ་བར་ཉོས་པའི་རྒྱུ་ནོར(གཉེན་སྒྲིག་གི་སྔོན་ལ་སྒེར་གྱི་གསོག་དངུལ་ལས་ཉོས་པའང་ཁོངས་སུ་གཏོགས)

ལྔ། གཉེན་སྒྲིག་གི་སྔོན་དུ་རང་ལ་དབང་བའམ་གཉེན་སྒྲིག་རྗེས་སུ་ཡུན་རིང་བོར་ཐུན་མོང་གིས་བཀོལ་སྤྱོད་བྱེད་པ་དང་། ཞིག་གསོ་བྱས་པའི་གསར་བཟོའི་དངོས་ཟོང་སྟེ། (དཔེར་ན་ཁང་བ་སོགས)ཁྱོ་ཤུག་ཐུན་མོང་ལ་དབང་བའི་རྒྱུ་ནོར་ཡིན།

དྲུག གཉེན་སྒྲིག་བྱས་རྗེས་ཉོས་པ་དང་། རང་ཉིད་ཁོ་ནས་ཆེད་སྤྱོད་ཀྱི་རྒྱུ་རྫས་དང་རིན་གོང་ཅུང་མཐོ་བའི་འཚོ་བའམ་ཐོན་སྐྱེད་བཀོལ་ཆས་ཏེ། དཔེར་ན་གསེར་དངུལ་རྒྱན་ཆ་དང་འདྲུད་འཐེན་འཕྲུལ་འཁོར། འཕྲུལ་རྟ་སོགས།

བདུན། སྒེར་གྱི་རྒྱུ་ནོར་ཡིན་པའམ་ཡང་ན་ཐུན་མོང་གི་རྒྱུ་ནོར་ཡིན་པར་གཏན་ཁེལ་བྱེད་དཀའ་བ་རྣམས་ཐུན་མོང་གི་རྒྱུ་ནོར་དུ་བཞག་ཆོག

ཁྱོ་ཤུག་སྒེར་ལ་དབང་བའི་རྒྱུ་ནོར་ནི། 

གཅིག གཉེན་སྒྲིག་སྔོན་དུ་སྒེར་ལ་ཡོད་པའི་རྒྱུ་ནོར(དཔེར་ན་ཁང་བ་དང་གསོག་དངུལ། ཉེར་མཁོའི་རྒྱུ་ནོར་དང་གྱོན་ཆས་སོགས)གཉེན་སྒྲིག་རྗེས་སུ་རང་ཉིད་ཀྱིས་བླངས་ཆོག་པའི་གཉེན་སྒྲིག་སྔོན་གྱི་གླ་ཕོགས་དང་གླ་ཚ་སོགས་ཀྱང་འདུས་སོ། །

གཉིས། གཉེན་སྒྲིག་སྔོན་དུ་ཁྱོ་ཤུག་ཕན་ཚུན་ལ་གཞན་གྱིས་བྱིན་པའི་རྒྱུ་ནོར་དང་ཤུལ་འཛིན་བྱས་པའི་དངོས་ཟོང་། 

གསུམ། གཉེན་སྒྲིག་སྔོན་དུ་ཁྱོ་ཤུག་ཕན་ཚུན་གྱིས་གཉེན་སྒྲིག་སྟ་གོན་བྱས་པའི་དངོས་ཟོང་། 

བཞི། གཉེན་སྒྲིག་སྔོན་དུ་ཁྱོ་ཤུག་ཕན་ཚུན་ལ་བཟང་ས་མཐུན་གྲོགས་རྣམས་ཀྱིས་གནང་བའི་ལག་རྟགས་སམ་གཉེན་སྒྲིག་རོགས་སྐྱོར་དུ་གནང་བའི་དངོས་ཟོང་།

ལྔ། གཉེན་སྒྲིག་རྗེས་སུ་རང་རང་གིས་སྤྱོད་བྱའི་ཉེར་མཁོའི་གྱོན་ཆས་ལ་སོགས། (གསེར་དངུལ་རྒྱན་ཆ་དང་དངོས་ཟོང་རྩ་ཆེན་གྲས་སུ་མི་གཏོགས)

དྲུག གཉེན་སྒྲིག་འབྲེལ་བ་ཆགས་པའི་སྐབས་སུ་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མིའི་དམག་གྲས་ནས་ཕྱིར་ལོག་པའི་རིན་པ་དང་། གནས་སྤོར་གྱི་རིན་པ(གལ་ཏེ་ཁྱོ་ཤུག་མཉམ་འདུག་གི་དུས་ཡུན་ཅུང་རིང་ཚེ)ཁྱོ་ཤུག་ཐུན་མོང་གི་རྒྱུ་ནོར་ལྟར་བགོ་བཤའ་རྒྱག་དགོས། ད་དུང་སྨན་ཡོན་བཅས།

བདུན། ཁྱོ་ཤུག་ཐུན་མོང་གི་རྒྱུ་ནོར་ཕྱོགས་གཉིས་ཀས་ཁ་ཆད་བྱས་ཏེ་ངེས་པར་དུ་ཕྱོགས་གཉིས་ཀས་ཁས་ལེན་པའམ་ཡིག་ཐོག་ཏུ་ཕབ་པ་དང་ཆབས་ཅིག  བུ་བུ་མོའི་ཁྲིམས་མཐུན་ཁེ་དབང་ལ་གདོང་གཏུག་མི་བྱེད་པའི་གནས་ཚུལ་འོག་སྒེར་ནོར་དུ་ངོས་འཛིན་བྱས་ཆོག

རྩོམ་སྒྲིག་པ། : ཀླུ་མོ་མཚོ།