ཀྲུང་གོ་བོད་ཀྱི་དྲ་བ།

བཟའ་ཚང་འཐོར་སྐབས་ཕྱོགས་གཉིས་ཀར་བྱིས་པ་དགོས་པའི་རྩོད་གླེང་བྱུང་ཚེ་ཇི་ལྟར་བྱ་དགོས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2018-04-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1474968399771623.png

གྱོད་དཔེ།

ང་དང་ཁྱོ་ག་གཉིས་ཀྱི་བརྩེ་དུངས་སྔར་ནས་ཉམས་ཟིན་པ་དང་། ངས་སྔོན་ཆད་ཐེངས་འགར་ཁོ་དང་བཟའ་འཐོར་བྱེད་རྒྱུའི་རེ་བ་བཏོན་མོད། འོན་ཀྱང་བྱིས་པ་གསོ་སྐྱོང་གི་གནད་དོན་ཐད་ནས་ངེད་གཉིས་ལ་གྲོས་མཐུན་བྱུང་མ་ཐུབ། ངའི་ཁྱོ་གས་བྱིས་པ་ཁོ་ལ་སྟེར་དགོས་ཟེར་བ་དང་ངས་བྱིས་པ་རང་གིས་གསོ་སྐྱོང་བྱས་ན་འདོད། འདིར་འདྲི་རྒྱུ་ཞིག་ལ། བཟའ་ཚང་འཐོར་སྐབས་ཕྱོགས་གཉིས་ཀར་བྱིས་པ་དགོས་པའི་རྩོད་གླེང་བྱུང་ཚེ་ཇི་ལྟར་བྱ་དགོས།

ཁྲིམས་བཤད།

རང་རྒྱལ་གྱི《གཉེན་སྒྲིག་བཅའ་ཁྲིམས》ཀྱི་དོན་ཚན་ཉེར་དགུ་བའི་ཚན་པ་གསུམ་པའི་གཏན་འཁེལ་ལྟར་ན། བཟའ་ཚང་ཐོར་རྗེས། ནུ་མ་ནུ་བཞིན་པའི་བྱིས་པ་ཨ་མས་གསོ་སྐྱོང་བྱེད་དགོས་ཤིང་། ནུ་མཚམས་བཞག་ཟིན་པའི་བྱིས་པ་གསོ་སྐྱོང་བྱེད་པར་རྩོད་གླེང་བྱུང་ཚེ། མི་དམངས་ཁྲིམས་ཁང་གིས་བྱིས་པའི་ཁེ་ཕན་གཞིར་བཟུང་སྟེ། བཟའ་ཟླ་ཕན་ཚུན་གྱི་གནས་ཚུལ་ལ་གཞིགས་ནས་ཐག་གཅོད་དགོས། དེའི་ཕྱིར་ཆེའི་མཐོ་མི་དམངས་ཁྲིམས་ཀྱི《མི་དམངས་ཁྲིམས་ཁང་གི་བཟའ་འཐོར་གྱོད་གཞི་ཞིབ་བཤེར་ཁྲོད་བྱིས་པ་གསོ་སྐྱོང་བྱེད་པའི་གནད་དོན་ཐད་ཀྱི་བསམ་འཆར་འགའ》ཞེས་པའི་དོན་ཚན་གསུམ་པའི་གཏན་འཁེལ་ལྟར་ན། ལོ་གཉིས་ཡན་གྱི་ནར་མ་སོན་པའི་བྱིས་པ་བཟའ་ཟླ་ཕྱོགས་གཉིས་ཀྱིས་གསོ་སྐྱོང་བྱེད་པར་གྲོས་མཐུན་མ་བྱུང་ཚེ། གཤམ་གྱི་ཆ་རྐྱེན་གང་རུང་འདང་བ་ལ་དམིགས་བསལ་སྟེར་དགོས།

གཅིག བྱིས་པ་མི་སྐྱེས་པའི་གཤག་བཅོས་བྱས་ཟིན་པའམ་ཡང་ན་རྒྱུ་རྐྱེན་གཞན་པའི་དབང་གིས་བྱིས་པ་སྐྱེས་པའི་ནུས་པ་ཤོར་བ་ཅན།

གཉིས། བྱིས་པ་དང་མཉམ་དུ་འཚོ་བ་རོལ་བའི་དུས་ཡུན་རིང་བ། འཚོ་བ་རོལ་སའི་ཁོར་ཡུག་བརྗེས་ན་བྱིས་པ་བདེ་ཐང་ངང་འཚར་ལོངས་འབྱུང་བར་མངོན་གསལ་གྱི་གནོད་པ་ཡོད་པ།

གསུམ། ཅིག་ཤོས་ལ་བྱིས་པ་གཞན་མེད་པ་དང་ཅིག་ཤོས་ལ་བྱིས་པ་གཞན་ཡོད་པ།

བཞི། བྱིས་པས་ཕྱོགས་གཅིག་དང་མཉམ་དུ་འཚོ་བ་རོལ་ཚེ། བདེ་ཐང་ངང་འཚར་ལོངས་འབྱུང་ཐུབ་པ་དང་ཕྱོགས་གཞན་གཅིག་དང་མཉམ་དུ་འཚོ་བ་རོལ་ཚེ། བདེ་ཐང་ངང་འཚར་ལོངས་འབྱུང་མི་ཐུབ་པ། ཕྱོགས་གཞན་གཅིག་ལ་འགོ་ནད་ཚབས་ཆེན་བྱུང་ཡོད་པ་དང་བྱིས་པ་དང་མཉམ་དུ་སྡོད་ཡུན་རིང་ན་བྱིས་པའི་བདེ་ཐང་ལ་གནོད་པ་ཡོད་པ།

ད་དུང་གཏན་འཁེལ་བྱས་དོན། ལོ་བཅུ་ཡན་གྱི་བྱིས་པ་གསོ་སྐྱོང་བྱེད་པར་བཟའ་ཟླ་ཕན་ཚུན་བར་ལ་གྲོས་མཐུན་མ་བྱུང་ཚེ། གཙོ་བོ་བྱིས་པའི་བསམ་འཆར་གཞིར་འཛིན་དགོས། བཟའ་ཟླ་ཕྱོགས་གཉིས་ཀྱི་གསོ་སྐྱོང་གི་ཆ་རྐྱེན་འདྲ་མཉམ་ཡིན་པ་དང་ཕན་ཚུན་གཉིས་ཀྱིས་བྱིས་པ་གསོ་སྐྱོང་བྱེད་རྒྱུའི་རེ་བ་བཏོན་པའམ། ཡང་ན་བྱིས་པས་ཨ་མྱེས་དང་མཉམ་དུ་འཚོ་བ་རོལ་ཡུན་རིང་བ་དང་ཨ་མྱེས་ཀྱིས་ཀྱང་ཚ་བོ་ཚ་མོ་གསོ་སྐྱོང་བྱེད་རྒྱུའི་རེ་བ་བཏོན་པ་དང་། བྱིས་པ་ལྟ་སྐྱོང་ལའང་དངོས་ནས་ནུས་པ་ཐོན་པ་དང་རོགས་རམ་ཐུབ་ཚེ་གནད་དོན་དེར་ཡང་བསམ་བློ་གཏོང་དགོས་པ་ཡིན།

འདིར་ཁ་གསལ་བྱ་རྒྱུ་ཞིག་ནི། ཁྱོད་དང་ཁྱོད་ཀྱི་ཁྱོ་ག བྱིས་པ་གསུམ་གྱི་འབྲེལ་བ་ནི་བཟའ་ཐོར་ཙམ་གྱིས་འབྲེལ་བ་མེད་པར་གྱུར་པ་ཞིག་གཏན་ནས་ཡིན་མི་སྲིད། བཟའ་ཚང་ཐོར་རྗེས། བྱིས་པ་ཕ་མ་སུས་གསོ་སྐྱོང་བྱས་ཀྱང་ཁྱོད་གསུམ་གྱི་འབྲེལ་བ་ནི་ནམ་ཡང་ཕ་མ་བུ་གསུམ་གྱི་འབྲེལ་བ་ཡིན་ལ། གཙོ་བོ་བྱིས་པ་བདེ་ཐང་ངང་འཚར་ལོངས་འབྱུང་རྒྱུ་གལ་ཆེ་སྟེ། ཁྱོད་ཚོས་གོང་གི་གཏན་ཁེལ་དེ་དག་གཞིར་བཟུང་ནས་གྲོས་མཐུན་སྒོས་བྱིས་པ་གསོ་སྐྱོང་གི་གནད་དོན་དེ་ཐག་གཅོད་ལེགས་པོ་བྱ་དགོས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།