ཀྲུང་གོ་བོད་ཀྱི་དྲ་བ།

ཁྱོ་གས་ང་ལ་གསང་སྟེ་དངུལ་བུན་བླངས་ནས་གཉེན་ཉེ་ལ་བསྐྱིས་ན་བཟའ་ཟླའི་ཐུན་མོང་གི་བུ་ལོན་དུ་གཏོགས་སམ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2018-04-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

བློ་མཐུན་རྩོམ་སྒྲིག་པ་ལགས།

ང་དང་ངའི་བཟའ་ཟླ་གཉིས་གཉེན་འཐོར་རྩིས་ཡོད་པ་དང་། རྒྱུ་ནོར་བགོ་བཤའ་རྒྱག་པའི་སྐབས་སུ། ངས་ཁྱོ་གས་དངུལ་ཁང་ནས་སྒོར་ཁྲི10ཡི་དངུལ་བུན་བླངས་ཡོད་པ་ཤེས། སྔོན་ཆད་དེའི་སྐོར་གྱི་གནས་ཚུལ་ཞིག་གཏན་ནས་གོ་མ་མྱོང་། ངས་ཁྱོ་གར་ཡང་ཡང་དྲིས་རྗེས། ཁོས་ཁོའི་ཕུ་བོས་ལོ་གཉིས་ཀྱི་སྔོན་ལ་ཚོང་རྒྱག་ཆེད་ཁོར་སྒོར་ཁྲི10བསྐྱི་དགོས་པའི་རེ་བ་བཏོན་པ་ལ། ཁོས་ངར་བཤད་མ་ཐུབ་པའི་དབང་གིས་དངུལ་ཁང་ནས་དངུལ་བུན་བླངས་ཏེ་ཕུ་བོར་བསྐྱིས་པ་ཡིན་ཟེར། འདིར་འདྲི་རྒྱུ་ཞིག་ནི། དངུལ་བུན་འདིའི་རིགས་བཟའ་ཟླའི་ཐུན་མོང་གི་བུ་ལོན་དུ་གཏོགས་སམ། ངས་སྐྱིན་ཚབ་སྤྲོད་པའི་འགན་འཁུར་དགོས་སམ།

ཀློག་པ་པོ་དབང་མོ་སྐྱིད་ཀྱིས།

བློ་མཐུན་དབང་མོ་སྐྱིད་ལགས།

ཉེ་ཆར་ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་འགྲེམ་སྤེལ་བྱས་པའི་ཁྲིམས་འཛིན་འགྲེམ་བཤད་ལས། བཟའ་ཟླའི་ཐུན་མོང་གི་བུ་ལོན་འཁུར་དགོས་མིན་ཐད་གཏན་འཁེལ་གསལ་པོ་བྱས་ཡོད། འགྲེལ་བཤད་ལྟར་ན། (གཅིག) བཟའ་ཟླ་ཕྱོགས་གཉིས་ཀྱིས་མིང་རྟགས་བཀོད་ཡོད་པའམ་ཡང་ན་བཟའ་ཟླའི་ཕྱོགས་གཅིག་གིས་དངུལ་བུན་བླངས་རྗེས་ཅིག་ཤོས་ཀྱིས་ཀྱང་ཁས་བླངས་པ་སོགས་ཐུན་མོང་གི་འདོད་བློ་མཚོན་ཐུབ་པའི་བུ་ལོན་ནི་ངེས་པར་བཟའ་ཟླའི་ཐུན་མོང་གི་བུ་ལོན་དུ་ངོས་འཛིན་དགོས། (གཉིས) བཟའ་ཟླ་ཕྱོགས་གཅིག་གིས་གཉེན་འབྲེལ་གྱི་འབྲེལ་བ་གནས་པའི་སྐབས་སུ་སྒེར་གྱི་མིང་སྟེང་ནས་ཁྱིམ་ཚང་གི་དུས་རྒྱུན་འཚོ་བའི་ཐད་བཀོལ་ཆེད་བླངས་པའི་བུ་ལོན་དེ། བུ་ལོན་ལེན་མཁན་གྱིས་བཟའ་ཟླའི་ཐུན་མོང་གི་བུ་ལོན་ཡིན་པར་བཤད་ན། མི་དམངས་ཁྲིམས་ཁང་གིས་རྒྱབ་སྐྱོར་བྱེད་ངེས་ཡིན། (གསུམ) བཟའ་ཟླ་ཕྱོགས་གཅིག་གིས་གཉེན་འབྲེལ་གྱི་འབྲེལ་བ་གནས་པའི་སྐབས་སུ་སྒེར་གྱི་མིང་སྟེང་ནས་ཁྱིམ་ཚང་གི་ཆེད་དུ་མ་ཡིན་པར་བླངས་པའི་བུ་ལོན་དེ། བུ་ལོན་ལེན་མཁན་གྱིས་བཟའ་ཟླའི་ཐུན་མོང་གི་བུ་ལོན་ཡིན་པར་བཤད་ན། མི་དམངས་ཁྲིམས་ཁང་གིས་རྒྱབ་སྐྱོར་མི་བྱེད་མོད། འོན་ཀྱང་བུ་ལོན་ལེན་མཁན་གྱིས་བུ་ལོན་དེ་བཟའ་ཟླའི་ཐུན་མོང་གི་འཚོ་བ་དང་ཐུན་མོང་གི་ཐོན་སྐྱེད་བདག་གཉེར། ཡང་ན་བཟའ་ཟླ་ཕྱོགས་གཉིས་ཀས་བུ་ལོན་དེའི་གནས་ཚུལ་ཤེས་པ་ཕུད་དགོས།

དེ་ལྟར་ན། ཁྱོད་ཀྱིས་ཁྱོ་གས་དངུལ་ཁང་ནས་དངུལ་བུན་ལེན་དོན་ནི་ཁོའི་ཕུ་བོར་ཚོང་རྒྱག་ཏུ་འཇུག་རྒྱུའི་ཆེད་ཡིན་པས། ཁྱིམ་ཚང་གི་དུས་རྒྱུན་འཚོ་བ་དང་འབྲེལ་བ་གང་ཡང་མེད་པ་མངོན་གསལ་རེད། དེ་བས་བུ་ལོན་དེ་ནི་གཞུང་ལུགས་ཀྱི་སྟེང་ནས་བཤད་ན་བཟའ་ཟླའི་ཐུན་མོང་གི་བུ་ལོན་དུ་མི་གཏོགས་སོ། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།