ཀྲུང་གོ་བོད་ཀྱི་དྲ་བ།

རྡུང་རེས་རྒྱག་དུས་བར་འདུམ་བྱས་ན་འགན་འཁྲི་འཁུར་དགོས་སམ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2016-04-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

བློ་མཐུན་རྩོམ་སྒྲིག་པ་ལགས།

ངས་གཞིས་ཁུལ་ཞིག་ཏུ་མི་གཞན་པས་རྡུང་རེས་རྒྱག་བཞིན་པ་མཐོང་རྗེས་བར་འདུམ་བྱས་པ་ཡིན། ཕྱོགས་གཅིག་ཆང་གིས་བཟི་ཡོད་པས་རྡུང་རེས་རྒྱག་པའི་གོ་རིམ་ཁྲོད་ཐང་ལ་འགྱེལ་ཏེ་རྨས་སྐྱོན་ཕོག་ཅིང་།དེས་ང་རང་བཟུང་སྟེ་མི་གཏོང་བར་ང་རང་ཅིག་ཤོས་ཀྱི་ཕྱོགས་ཡིན་པར་འདོད་ཀྱིན་ཡོད།ད་ལྟ་རྨས་མ་དེས་ཁྲིམས་ཁང་ལ་གཏུགས་ནས་སྨན་བཅོས་གྲོན་དངུལ་དང་ལས་ཆག་གྲོན་དངུལ་སོགས་ཀྱི་སྐྱིན་ཚབ་འཇལ་དགོས་པའི་རེ་བ་འདོན་གྱིན་ཡོད་ལ།ང་རང་ཞུ་སྦྱོར་ཕྱི་མ་པ་བཞིའི་ནང་གི་གཅིག་རེད།འདིར་འདྲི་རྒྱུ་ཞིག་ནི།ངས་སྐྱིན་ཚབ་ཀྱི་འགན་འཁྲི་འཁུར་དགོས་སམ།

ཀློག་པ་པོ་ཆོས་ཕྱུག་རྒྱལ་ནས།

བློ་མཐུན་ཆོས་ཕྱུག་རྒྱལ་ལགས།

ཁྱོད་ཀྱིས་སྐྱིན་ཚབ་ཀྱི་འགན་འཁྲི་འཁུར་མི་དགོས།ཁྱོད་ཀྱིས་བཤད་པ་ལྟར།དམངས་དོན་འགན་འཁྲི་འདི་གྲུབ་པའི་རྒྱུ་རྐྱེན་ལ་བལྟས་ན།ཁྱོད་ལ་རང་ངོས་ཀྱི་བསམ་བློའི་སྟེང་དུ་ནོར་འཁྲུལ་གང་ཡང་མིད་ལ།རྨས་མར་རྨས་སྐྱོན་ཕོག་པའི་ཐད་ནས་ཀྱང་ཁྱོད་ལ་ཁྲིམས་འགལ་གྱི་བྱ་སྤྱོད་གང་ཡང་མི་ལྡན་པ་རེད།ཁྱོད་ཀྱིས་རྡུང་རེས་ལ་བར་འདུམ་བྱེད་པའི་བྱ་སྤྱོད་དེ་དང་རྨས་མར་རྨས་སྐྱོན་ཕོག་པ་གཉིས་ཀྱི་བར་ལ་རྒྱུ་འབྲས་འབྲེལ་བ་གང་ཡང་མིད་ཅིང་།ཁྱོད་ཀྱིས་བར་འདུམ་བྱས་པ་དེ་ནི་སེམས་བཟང་བཅངས་པ་ཞིག་ཡིན་པས།ནོར་འཁྲུལ་གང་ཡང་མིད།དེའི་རྐྱེན་གྱིས་ཁྱོད་ཀྱིས་གྱོད་དོན་འདི་ལ་སྐྱིན་ཚབ་ཀྱི་འགན་འཁྲི་གང་ཡང་འཁུར་མི་དགོས་སོ།།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།