ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས།(གསར་བཟོའི་པར་གཞི)

དཀར་ཆག

གླེང་གཞི།

ལེའུ་དང་པོ། སྤྱིའི་རྩ་འཛིན།

ལེའུ་གཉིས་པ། སྤྱི་དམངས་ཀྱི་གཞི་རྩའི་ཁེ་དབང་དང་འོས་འགན།

ལེའུ་གསུམ་པ། རྒྱལ་ཁབ་ཀྱི་སྒྲིག་གཞི།

ས་བཅད་དང་པོ། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན།

ས་བཅད་གཉིས་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི།

ས་བཅད་གསུམ་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་།

ས་བཅད་བཞི་བ། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་།

ས་བཅད་ལྔ་པ། ས་གནས་ཀྱི་མི་དམངས་འཐུས་མིའི་ཚོགས་ཆེན་རིམ་པ་ཁག་དང་ས་གནས་ཀྱི་མི་དམངས་སྲིད་གཞུང་རིམ་པ་ཁག

ས་བཅད་དྲུག་པ། མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས།

ས་བཅད་བདུན་པ། ལྟ་ཞིབ་ཨུ་ཡོན་ལྷན་ཁང་།

ས་བཅད་བརྒྱད་པ། མི་དམངས་ཁྲིམས་ཁང་དང་མི་དམངས་ཞིབ་དཔྱོད་ཁང་།

ལེའུ་བཞི་པ། རྒྱལ་དར་དང་། རྒྱལ་གླུ། རྒྱལ་རྟགས།  རྒྱལ་ས།


   ༄༅། ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས།


(1982ལོའི་ཟླ12པའི་ཚེས4ཉིན་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་ལྔ་པའི་གྲོས་ཚོགས་ཐེངས་ལྔ་པའི་ཐོག་གྲོས་འཆམ་བྱུང་བ་དང་། 1982ལོའི་ཟླ12པའི་ཚེས4ཉིན་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱིས་སྤྱི་བསྒྲགས་བྱས་ནས་ལག་ལེན་དུ་བསྟར་རྒྱུ་ཁྱབ་བསྒྲགས་བྱས།

1988ལོའི་ཟླ4པའི་ཚེས12ཉིན་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བདུན་པའི་གྲོས་ཚོགས་ཐེངས་དང་པོའི་ཐོག་གྲོས་འཆམ་བྱུང་བའི«ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་བཟོ་བཅོས་བྱ་རྒྱུའི་སྐོར་གྱི་འཆར་ཟིན»དང་། 1993ལོའི་ཟླ3པའི་ཚེས29ཉིན་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བརྒྱད་པའི་གྲོས་ཚོགས་ཐེངས་དང་པོའི་ཐོག་གྲོས་འཆམ་བྱུང་བའི«ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་བཟོ་བཅོས་བྱ་རྒྱུའི་སྐོར་གྱི་འཆར་ཟིན»1999ལོའི་ཟླ3པའི་ཚེས15ཉིན་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་དགུ་པའི་གྲོས་ཚོགས་ཐེངས་གཉིས་པའི་ཐོག་གྲོས་འཆམ་བྱུང་བའི«ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་བཟོ་བཅོས་བྱ་རྒྱུའི་སྐོར་གྱི་འཆར་ཟིན» 2004ལོའི་ཟླ3པའི་ཚེས14ཉིན་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་པའི་གྲོས་ཚོགས་ཐེངས་གཉིས་པའི་ཐོག་གྲོས་འཆམ་བྱུང་བའི«ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་བཟོ་བཅོས་བྱ་རྒྱུའི་སྐོར་གྱི་འཆར་ཟིན»2018ལོའི་ཟླ3པའི་ཚེས11ཉིན་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་ཐོག་གྲོས་འཆམ་བྱུང་བའི«ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་བཟོ་བཅོས་བྱ་རྒྱུའི་སྐོར་གྱི་འཆར་ཟིན»བཅས་པ་གཞིར་བཟུང་ནས་བཟོ་བཅོས་བྱས)

གླེང་གཞི།

ཀྲུང་གོ་ནི་འཛམ་གླིང་དུ་ལོ་རྒྱུས་རིང་ཤོས་ཀྱི་རྒྱལ་ཁབ་གྲས་ཤིག་ཡིན་ལ། ཀྲུང་གོའི་མི་རིགས་ཁག་གི་མི་དམངས་ཀྱིས་ཐུན་མོང་དུ་གཟི་འོད་རབ་ཏུ་འབར་བའི་རིག་གནས་གསར་དུ་བསྐྲུན་ཅིང་།  དེར་གསར་བརྗེའི་སྲོལ་རྒྱུན་གཟི་བརྗིད་དང་ལྡན་པ་ཡོད་དོ། །

1840ལོའི་རྗེས་སུ།  བཀས་བཀོད་རྒྱུད་འཛིན་གྱི་ཀྲུང་གོ་འདི་རིམ་གྱིས་མི་སེར་སྤེལ་ཡུལ་ཕྱེད་ཙམ་དང་བཀས་བཀོད་རྒྱུད་འཛིན་ཕྱེད་ཙམ་གྱི་རྒྱལ་ཁབ་ཅིག་ཏུ་གྱུར། ཀྲུང་གོའི་མི་དམངས་ཀྱིས་རྒྱལ་ཁབ་རང་བཙན་དང་། མི་རིགས་བཅིངས་བགྲོལ། དམངས་གཙོ། རང་དབང་བཅས་འཐོབ་པའི་ཆེད་དུ་དཔའ་ངར་ཞུམ་པ་མེད་པའི་ངང་སྔོན་འགྱེལ་རྗེས་མཐུད་ཀྱིས་འབད་འཐབ་བྱས་ཡོད།

དུས་རབས་ཉི་ཤུ་པར་ཀྲུང་གོར་གནམ་ས་བླ་འོག་བརྗེས་འདྲའི་ལོ་རྒྱུས་ཀྱི་འཕོ་འགྱུར་རླབས་པོ་ཆེ་བྱུང་ཡོད།

1911ལོར། སྐུ་ཞབས་སུན་ཀྲུང་ཧྲན་གྱིས་དབུ་ཁྲིད་གནང་བའི་ལྕགས་ཕག་ལོའི་གསར་བརྗེ་དེས་བཀས་བཀོད་རྒྱུད་འཛིན་གྱི་གོང་མའི་ལམ་ལུགས་ཤུལ་མེད་དུ་བཏང་སྟེ་ཀྲུང་ཧྭ་མི་སེར་རྒྱལ་ཁབ་གསར་དུ་བཙུགས་པ་རེད། འོན་ཀྱང་ཀྲུང་གོའི་མི་དམངས་ཀྱིས་བཙན་རྒྱལ་རིང་ལུགས་དང་བཀས་བཀོད་རྒྱུད་འཛིན་རིང་ལུགས་ལ་ངོ་རྒོལ་བྱེད་པའི་ལོ་རྒྱུས་ཀྱི་ལས་འགན་ད་དུང་ཡོངས་སུ་མངོན་འགྱུར་བྱེད་ཐུབ་མེད།

1949ལོར། ཀྲུའུ་ཞི་མའོ་ཙེ་ཏུང་གིས་གཙོ་འཛིན་གནང་བའི་ཀྲུང་གོའི་གུང་ཁྲན་ཏང་གིས་ཀྲུང་གོའི་མི་རིགས་ཁག་གི་མི་དམངས་ཀྱི་མགོ་ཁྲིད་དེ་དཀའ་ཚེགས་ཆེ་ཞིང་ཀྱག་ཀྱོག་མང་བའི་དྲག་པོའི་འཐབ་རྩོད་དང་། རྣམ་པ་གཞན་གྱི་འཐབ་རྩོད་དུས་ཡུན་རིང་པོར་བྱས་མཐར་བཙན་རྒྱལ་རིང་ལུགས་དང་། བཀས་བཀོད་རྒྱུད་འཛིན་རིང་ལུགས།  དཔོན་ངན་མ་རྩའི་རིང་ལུགས་བཅས་ཀྱི་དབང་སྒྱུར་མགོ་རྟིང་བསློགས་ནས་དམངས་གཙོའི་རིང་ལུགས་གསར་པའི་གསར་བརྗེར་རྒྱལ་ཁ་རླབས་པོ་ཆེ་ཐོབ་སྟེ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་པ་རེད།  དུས་དེ་ནས་བཟུང་ཀྲུང་གོའི་མི་དམངས་ཀྱིས་རྒྱལ་ཁབ་ཀྱི་དབང་ཆ་བཟུང་སྟེ་རང་ཉིད་རྒྱལ་ཁབ་ཀྱི་བདག་པོར་གྱུར་པ་རེད།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པའི་རྗེས་སུ།  རང་རྒྱལ་གྱི་སྤྱི་ཚོགས་རིམ་གྱིས་དམངས་གཙོའི་རིང་ལུགས་གསར་པ་ནས་སྤྱི་ཚོགས་རིང་ལུགས་སུ་བརྒལ་རྒྱུ་མངོན་དུ་གྱུར་ཅིང་།  ཐོན་སྐྱེད་རྒྱུ་ཆས་སྒེར་ལ་དབང་བའི་ལམ་ལུགས་ལ་སྤྱི་ཚོགས་རིང་ལུགས་ཀྱི་བསྒྱུར་བཀོད་དངོས་སུ་གྲུབ་པ་དང་།  མིས་མི་ལ་བཤུ་གཞོག་བྱེད་པའི་ལམ་ལུགས་རྩ་མེད་དུ་བཏང་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་དངོས་སུ་ཚུགས། བཟོ་པའི་གྲལ་རིམ་གྱིས་མགོ་ཁྲིད་བྱས་པ་དང་བཟོ་ཞིང་མནའ་འབྲེལ་གྱིས་རྨང་གཞི་བྱས་པའི་མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་ཏེ་དོན་དངོས་སུ་འབྱོར་མེད་གྲལ་རིམ་གྱི་སྲིད་དབང་སྒེར་འཛིན་ཡིན་པ་དེ་སྲ་བརྟན་དང་གོང་འཕེལ་བྱུང་ཡོད། ཀྲུང་གོའི་མི་དམངས་དང་ཀྲུང་གོའི་མི་དམངས་བཅིངས་བགྲོལ་དམག་གིས་བཙན་རྒྱལ་རིང་ལུགས་དང་བཙན་དབང་རིང་ལུགས་ཀྱི་བཙན་འཛུལ་དང་། གཏོར་བཤིག    དྲག་པོའི་འཁྲུག་སློང་བཅས་ལས་རྣམ་པར་རྒྱལ་ཏེ་རྒྱལ་ཁབ་ཀྱི་རང་བཙན་དང་བདེ་འཇགས་སྲུང་སྐྱོབ་བྱས་པ་དང་།  རྒྱལ་སྲུང་སྟོབས་ཤུགས་ཆེ་རུ་བཏང་བ་རེད། དཔལ་འབྱོར་འཛུགས་སྐྲུན་ལ་གྲུབ་འབྲས་གལ་འགངས་ཆེ་བ་ཐོབ་ནས་སྤྱི་ཚོགས་རིང་ལུགས་ཀྱི་བཟོ་ལས་མ་ལག་རང་ཚུགས་ལྡན་ལ་ཅུང་ཆ་ཚང་བ་ཞིག་གཞི་རྩའི་ཆ་ནས་གྲུབ་ཟིན་པ་དང་། ཞིང་ལས་ཐོན་སྐྱེད་མཐོར་འདེགས་མངོན་གསལ་བྱུང་བ་རེད། སློབ་གསོ་དང་། ཚན་རིག  རིག་གནས་སོགས་ཀྱི་བྱ་གཞག་འཕེལ་རྒྱས་ཧ་ཅང་ཆེན་པོ་བྱུང་བ་དང་འབྲེལ་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་སློབ་གསོ་ལའང་ཕན་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་ལ།  རྒྱ་ཆེའི་མི་དམངས་ཀྱི་འཚོ་བ་ལའང་ལེགས་བཅོས་ཆེ་ཙམ་བྱུང་ཡོད།

ཀྲུང་གོའི་དམངས་གཙོའི་རིང་ལུགས་གསར་བའི་གསར་བརྗེའི་རྒྱལ་ཁ་དང་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་གྲུབ་འབྲས་ནི་ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོའི་རིགས་སོ་སོའི་མི་དམངས་ལ་སྣེ་ཁྲིད་དང་། མར་ཁེ་སི་ལེ་ཉིན་རིང་ལུགས་དང་མའོ་ཙེ་ཏུང་གི་དགོངས་པའི་ཁྲིད་སྟོན་འོག   ཀྲུང་གོའི་གུང་ཁྲན་ཏང་གིས་ཀྲུང་གོའི་མི་རིགས་ཁག་གི་མི་དམངས་ཀྱི་མགོ་ཁྲིད་དེ་བདེན་དོན་མཐའ་འཁྱོལ་དང་ནོར་འཁྲུལ་ཡོ་བསྲང་། དཀའ་སྡུག་དང་བར་ཆད་མང་པོ་ལས་རྣམ་པར་རྒྱལ་ནས་ཐོབ་པ་རེད། རང་རྒྱལ་ནི་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་ལ་ཡུན་རིང་གནས་རྒྱུ་ཡིན་པ་དང་།   རྒྱལ་ཁབ་ཀྱི་རྩ་བའི་ལས་འགན་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་དེད་དེ་སྟོབས་ཤུགས་གཅིག་བསྒྲིལ་གྱིས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་བྱ་རྒྱུ་དེ་ཡིན་ཞིང་། ཀྲུང་གོའི་གུང་ཁྲན་ཏང་གི་མགོ་ཁྲིད་འོག་དང་། མར་ཁེ་སི་ལེ་ཉིན་རིང་ལུགས།   མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིན་གྱི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་བཅས་ཀྱི་ཁྲིད་སྟོན་འོག་ཏུ། ཀྲུང་གོའི་མི་རིགས་ཁག་གི་མི་དམངས་ཀྱིས་སྔར་མུས་བཞིན་མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་མཐའ་འཁྱོལ་དང་། སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་མཐའ་འཁྱོལ།  བཅོས་སྒྱུར་སྒོ་འབྱེད་མཐའ་འཁྱོལ་བཅས་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ཁག་བསམ་མི་ཆད་པར་འཐུས་ཚང་དུ་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་གོང་སྤེལ། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་འཐུས་སྒོ་ཇེ་ཚང་དུ་གཏོང་བ།  འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་དུ་བསྟར་བ་བཅས་བྱས་ཐོག   རང་སྟོབས་རང་སྤེལ་དང་དཀའ་སྤྱད་འབད་བརྩོན་གྱིས་བཟོ་ལས་དང་། ཞིང་ལས།  རྒྱལ་སྲུང་།  ཚན་རིག་ལག་རྩལ་བཅས་རིམ་བཞིན་དེང་རབས་ཅན་དུ་འགྱུར་བ་དང་།  དངོས་པོའི་དཔལ་ཡོན་དང་།   ཆབ་སྲིད་དཔལ་ཡོན། བསམ་པའི་དཔལ་ཡོན།  སྤྱི་ཚོགས་དཔལ་ཡོན།  སྐྱེ་ཁམས་དཔལ་ཡོན་བཅས་མཐུན་སྦྱོར་ངང་གོང་དུ་འཕེལ་བར་སྐུལ་འདེད་བཏང་སྟེ་རང་རྒྱལ་འདི་ཉིད་སྟོབས་འབྱོར་ཆེ་ཞིང་དམངས་གཙོ་དར་ལ་དཔལ་ཡོན་རྒྱས་པ་དང་།  ཞི་མཐུན་དང་མཛེས་སྡུག་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་ཅིག་ཏུ་འཛུགས་སྐྲུན་བྱས་ཏེ་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བར་བྱེད་དགོས།

རང་རྒྱལ་དུ་བཤུ་གཞོག་གྲལ་རིམ་དེ་གྲལ་རིམ་གྱི་ངོས་ནས་བཤད་ན་རྩ་མེད་དུ་བཏང་ཟིན། འོན་ཀྱང་གྲལ་རིམ་འཐབ་རྩོད་ནི་ཁྱབ་ཁོངས་ངེས་ཅན་གྱི་ནང་དུ་ད་དུང་དུས་ཡུན་རིང་པོར་གནས་སྲིད་པས། རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་དགྲར་འཛིན་པ་དང་གཏོར་བཤིག་གཏོང་བའི་རྒྱལ་ཁབ་ཕྱི་ནང་གི་དགྲ་ཟླའི་སྟོབས་ཤུགས་དང་དགྲར་འཛིན་མཁན་ལ་ཀྲུང་གོའི་མི་དམངས་ཀྱིས་ངེས་པར་དུ་འཐབ་རྩོད་བྱེད་དགོས།

ཐའེ་ཝན་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མཆོག་ཏུ་གྱུར་པའི་མངའ་ཁོངས་ཀྱི་ཆ་ཤས་ཤིག་ཡིན་པས།  མེས་རྒྱལ་གཅིག་གྱུར་བྱེད་པའི་བྱ་གཞག་ཆེན་པོ་ལེགས་པར་བསྒྲུབ་རྒྱུ་ནི་སྤུན་ཟླ་ཐའེ་ཝན་པ་ཚུད་པའི་ཀྲུང་གོའི་མི་དམངས་ཡོངས་ཀྱི་ལས་འགན་མཆོག་ཏུ་གྱུར་པ་ཞིག་ཡིན།

སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་བྱ་གཞག་སྒྲུབ་པར་ངེས་པར་དུ་བཟོ་པ་དང་།  ཞིང་པ།  ཤེས་ཡོན་ཅན་བཅས་ལ་བརྟེན་དགོས་ཤིང་།  མཐུན་སྒྲིལ་བྱེད་ཐུབ་པའི་སྟོབས་ཤུགས་མཐའ་དག་ལ་མཐུན་སྒྲིལ་བྱེད་དགོས།  དུས་ཡུན་རིང་པོའི་གསར་བརྗེ་དང་།  འཛུགས་སྐྲུན།  བཅོས་སྒྱུར་བཅས་བྱེད་པའི་གོ་རིམ་ཁྲོད་དུ།  ཀྲུང་གོའི་གུང་ཁྲན་ཏང་གིས་མགོ་འཁྲིད་པ་དང་།  དམངས་གཙོའི་ཏང་ཤོག་ཁག་དང་མི་དམངས་ཚོགས་པ་ཁག་ཞུགས་པ། སྤྱི་ཚོགས་རིང་ལུགས་ཀྱི་ངལ་རྩོལ་པ་ཡོངས་རྫོགས་དང་། སྤྱི་ཚོགས་རིང་ལུགས་བྱ་གཞག་གི་འཛུགས་སྐྲུན་པ།  སྤྱི་ཚོགས་རིང་ལུགས་ལ་བརྩི་བཀུར་ཞུ་བའི་རྒྱལ་གཅེས་པ།  མེས་རྒྱལ་གཅིག་གྱུར་ལ་བརྩི་བཀུར་ཞུ་ཞིང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བར་འབད་བརྩོན་བྱེད་པའི་རྒྱལ་གཅེས་པ་སོགས་ཚུད་པའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་རྒྱ་ཆེན་པོ་ཞིག་གྲུབ་ཟིན།   འཐབ་ཕྱོགས་གཅིག་གྱུར་འདི་མུ་མཐུད་ནས་སྲ་བརྟན་དང་འཕེལ་རྒྱས་སུ་འགྲོ་ངེས་ཡིན།  ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་ནི་འཐུས་ཚབ་རང་བཞིན་རྒྱ་ཆེན་པོ་ཡོད་པའི་འཐབ་ཕྱོགས་གཅིག་གྱུར་གྱི་རྩ་འཛུགས་ཤིག་ཡིན་ཞིང་།  དེས་སྔོན་ཆད་ལོ་རྒྱུས་ཐོག་ནུས་པ་གལ་ཆེན་བཏོན་ཡོད་ལ།  སླད་ཕྱིན་རྒྱལ་ཁབ་ཀྱི་ཆབ་སྲིད་ཀྱི་འཚོ་བ། སྤྱི་ཚོགས་ཀྱི་འཚོ་བ། ཕྱི་ཕྱོགས་དང་མཛའ་མཐུན་གྱི་བྱེད་སྒོ་བཅས་ཀྱི་ནང་དང་།  སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་བྱེད་པ་དང་རྒྱལ་ཁབ་ཀྱི་གཅིག་གྱུར་དང་མཐུན་སྒྲིལ་སྲུང་སྐྱོང་བྱེད་པའི་འཐབ་རྩོད་ནང་དུའང་དེའི་ནུས་པ་གལ་ཆེན་སྔར་ལས་ལྷག་པར་འདོན་ངེས་ཡིན།  ཀྲུང་གོའི་གུང་ཁྲན་ཏང་གིས་མགོ་ཁྲིད་བྱེད་པའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས་ཡུན་རིང་གནས་རྒྱུ་དང་འཕེལ་རྒྱས་སུ་འགྲོ་ངེས་ཡིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནི་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་ཐུན་མོང་ཐོག་གསར་དུ་བསྐྲུན་པའི་གཅིག་གྱུར་གྱི་མི་རིགས་མང་བའི་རྒྱལ་ཁབ་ཅིག་ཡིན་ཞིང་།  འདྲ་མཉམ་དང་། མཐུན་སྒྲིལ།  རོགས་རེས། འཆམ་མཐུན་བཅས་བྱེད་པའི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་བཙུགས་ཟིན་པར་མ་ཟད།  མུ་མཐུད་དེ་ཤུགས་ཆེ་རུ་འགྲོ་ངེས་ཡིན། མི་རིགས་ཀྱི་མཐུན་སྒྲིལ་སྲུང་སྐྱོང་བྱེད་པའི་འཐབ་རྩོད་ནང་དུ་མི་རིགས་ཆེན་པོའི་རིང་ལུགས་ལ་ངོ་རྒོལ་བྱེད་དགོས་པ་དང་།  གཙོ་བོ་རྒྱ་རིགས་ཆེན་པོའི་རིང་ལུགས་ལ་ངོ་རྒོལ་བྱེད་དགོས་ལ། ས་གནས་མི་རིགས་རིང་ལུགས་ལའང་ངོ་རྒོལ་བྱེད་དགོས། རྒྱལ་ཁབ་ཀྱིས་གང་ཐུབ་ཅི་ཐུབ་ཀྱིས་རྒྱལ་ཡོངས་མི་རིགས་ཁག་ཐུན་མོང་དུ་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་ངེས་ཡིན།

ཀྲུང་གོའི་གསར་བརྗེ་དང་། འཛུགས་སྐྲུན། བཅོས་སྒྱུར་བཅས་ཀྱི་གྲུབ་འབྲས་ནི་འཛམ་གླིང་མི་དམངས་ཀྱིས་རྒྱབ་སྐྱོར་བྱས་པ་དང་འབྲལ་ཐབས་མེད་པ་ཞིག་རེད། ཀྲུང་གོའི་མདུན་ལམ་ནི་འཛམ་གླིང་གི་མདུན་ལམ་དང་དམ་པོར་འབྲེལ་ཡོད།  ཀྲུང་གོས་རང་ཚུགས་རང་བདག་གི་ཕྱི་ཕྱོགས་སྲིད་ཇུས་མཐའ་འཁྱོལ་དང་། ཕན་ཚུན་བདག་དབང་དང་མངའ་ཁོངས་ཆ་ཚང་བར་བརྩི་འཇོག་བྱེད་པ་དང་།  ཕན་ཚུན་བཙན་གནོད་མི་བྱེད་པ། ཕན་ཚུན་གྱི་ནང་སྲིད་ལ་ཐེ་གཏོགས་མི་བྱེད་པ། འདྲ་མཉམ་གཉིས་ཕན་བྱེད་པ།  ཞི་བདེ་མཉམ་གནས་བྱེད་པ་བཅས་ཀྱི་རྩ་དོན་ལྔ་པོ་མཐའ་འཁྱོལ་དང་། ཞི་བདེ་གོང་སྤེལ་གྱི་ལམ་བུ་མཐའ་འཁྱོལ་དང་། གཉིས་ཕན་མཉམ་ཁེའི་སྒོ་འབྱེད་ཀྱི་འཐབ་ཇུས་མཐའ་འཁྱོལ་བཅས་བྱས་ཏེ་རྒྱལ་ཁབ་ཁག་དང་ཕྱི་འབྲེལ་གྱི་འབྲེལ་བ་འཕེལ་རྒྱས་དང་། དཔལ་འབྱོར་དང་རིག་གནས་སྤེལ་རེས་བྱས་ནས་མིའི་རིགས་ཀྱི་ལས་དབང་གཅིག་པའི་ཚོགས་སྤྱི་འཛུགས་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་། བཙན་རྒྱལ་རིང་ལུགས་དང་། བཙན་དབང་རིང་ལུགས། མི་སེར་སྤེལ་བའི་རིང་ལུགས་བཅས་ལ་ངོ་རྒོལ་བྱ་རྒྱུ་མཐའ་འཁྱོལ་དང་།  འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་དང་མཐུན་སྒྲིལ་བྱ་རྒྱུར་ཤུགས་སྣོན།  གཉའ་གནོན་མྱོང་མཁན་མི་རིགས་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་མི་རིགས་རང་བཙན་བརྩོན་ལེན་དང་སྲུང་སྐྱོང་།  མི་རིགས་ཀྱི་དཔལ་འབྱོར་གོང་དུ་སྤེལ་བའི་དྲང་བདེན་གྱི་འཐབ་རྩོད་ལ་རྒྱབ་སྐྱོར་བཅས་བྱས་ནས་འཛམ་གླིང་གི་ཞི་བདེ་སྲུང་སྐྱོང་དང་མིའི་རིགས་ཀྱི་ཡར་ཐོན་བྱ་གཞག་ལ་སྐུལ་སྤེལ་གཏོང་བའི་ཆེད་དུ་འབད་བརྩོན་བྱ་རྒྱུ་ཡིན།

རྩ་ཁྲིམས་འདིས་བཅའ་ཁྲིམས་ཀྱི་རྣམ་པའི་ཐོག་ནས་ཀྲུང་གོའི་མི་རིགས་ཁག་གི་མི་དམངས་ཀྱིས་འབད་འཐབ་བྱས་པའི་འབྲས་བུ་དངོས་སུ་ཁས་བླངས་པ་དང་།  རྒྱལ་ཁབ་ཀྱི་རྩ་བའི་ལམ་ལུགས་དང་རྩ་བའི་ལས་འགན་གཏན་ལ་ཕབ་ཡོད།  འདི་ནི་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཡིན་པས་བཅའ་ཁྲིམས་ཀྱི་ནུས་པ་ཆེ་ཤོས་ལྡན་པ་ཡིན་པས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་། རྒྱལ་ཁབ་ཀྱི་ལས་ཁུངས་དང་དྲག་པོའི་སྟོབས་ཤུགས་མཐའ་དག  སྲིད་ཏང་ཁག་དང་སྤྱི་ཚོགས་ཀྱི་ཚོགས་པ་ཁག   ཁེ་ལས་དང་བྱ་ལས་ཀྱི་རྩ་འཛུགས་ཁག་བཅས་ཚང་མས་ངེས་པར་དུ་རྩ་ཁྲིམས་འདི་བྱེད་སྒོའི་རྩ་བའི་ཚད་གཞིར་འཛིན་དགོས་པ་མ་ཟད།   རྩ་ཁྲིམས་ཀྱི་གཟི་བརྗིད་སྲུང་འཛིན་དང་རྩ་ཁྲིམས་ལག་ལེན་དངོས་སུ་བསྟར་བར་འགན་ལེན་བྱེད་པའི་འགན་འཁྲིའང་འཁུར་ཡོད་དོ། །

ལེའུ་དང་པོ།  སྤྱིའི་རྩ་འཛིན།

དོན་ཚན་དང་པོ།  ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནི་བཟོ་པའི་གྲལ་རིམ་གྱིས་མགོ་ཁྲིད་བྱེད་པ་དང་བཟོ་ཞིང་མནའ་འབྲེལ་གྱིས་རྨང་གཞི་བྱས་པའི་མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་གྱི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཅིག་ཡིན།

སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་བའི་ལམ་ལུགས་ཡིན།  ཀྲུང་གོའི་གུང་ཁྲན་ཏང་གི་མགོ་ཁྲིད་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོ་དང་མཐུན་ཤོས་ཀྱི་ཁྱད་ཆོས་ཡིན།  རྩ་འཛུགས་གང་ཞིག་དང་སྐྱེ་བོ་སུ་ཞིག་གིས་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་གཏོར་བཤིག་གཏོང་བ་གཏན་འགོག་བྱ་རྒྱུ།

དོན་ཚན་གཉིས་པ།  ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབང་ཆ་ཚང་མ་མི་དམངས་ཀྱི་ཡིན།

མི་དམངས་ཀྱིས་རྒྱལ་ཁབ་ཀྱི་དབང་ཆ་སྤྱོད་པའི་ལས་ཁུངས་ནི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་དང་ས་གནས་ཀྱི་མི་དམངས་འཐུས་མིའི་ཚོགས་ཆེན་རིམ་པ་ཁག་ཡིན།

མི་དམངས་ཀྱིས་བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར་ཐབས་ལམ་དང་བྱེད་སྟངས་སྣ་ཚོགས་ལ་བརྟེན་ནས་རྒྱལ་ཁབ་ཀྱི་ལས་དོན་དང་།  དཔལ་འབྱོར་དང་རིག་གནས་ཀྱི་བྱ་གཞག   སྤྱི་ཚོགས་ཀྱི་ལས་དོན་བཅས་ལ་དོ་དམ་བྱ་རྒྱུ།

དོན་ཚན་གསུམ་པ།  ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་ཀྱི་སྒྲིག་གཞི་དག་གིས་དམངས་གཙོ་གཅིག་བསྡུ་ལམ་ལུགས་ཀྱི་རྩ་དོན་ལག་ལེན་བསྟར་རྒྱུ།

རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་དང་ས་གནས་ཀྱི་མི་དམངས་འཐུས་མིའི་ཚོགས་ཆེན་རིམ་པ་ཁག་ཚང་མ་དམངས་གཙོ་ལ་བརྟེན་ནས་བདམས་ཐོན་བྱུང་བ་ཡིན་པས།  དེས་མི་དམངས་ལ་འགན་འཁུར་རྒྱུ་དང་།  མི་དམངས་ཀྱི་ལྟ་སྐུལ་དང་དུ་ལེན་རྒྱུ།

རྒྱལ་ཁབ་ཀྱི་སྲིད་འཛིན་ལས་ཁུངས་དང་།  ལྟ་ཞིབ་ལས་ཁུངས།  འདྲི་གཅོད་ལས་ཁུངས།  ཞིབ་དཔྱོད་ལས་ཁུངས་བཅས་ནི་མི་དམངས་འཐུས་མིའི་ཚོགས་ཆེན་ནས་ཐོན་པ་ཡིན་པས་དེར་འགན་འཁུར་རྒྱུ་དང་།  དེའི་ལྟ་སྐུལ་དང་དུ་ལེན་རྒྱུ།

ཀྲུང་དབྱང་དང་ས་གནས་ཀྱི་རྒྱལ་ཁབ་སྒྲིག་གཞིའི་འགན་དབང་འབྱེད་དུས་ཀྲུང་དབྱང་གི་གཅིག་གྱུར་མགོ་ཁྲིད་འོག   ས་གནས་ཀྱི་རང་འགུལ་རང་བཞིན་དང་ཧུར་བརྩོན་རང་བཞིན་འདོན་སྤེལ་གང་ལེགས་བྱེད་པའི་རྩ་དོན་ལ་བརྩི་སྲུང་བྱ་རྒྱུ།

དོན་ཚན་བཞི་པ།  ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་ཚང་མ་འདྲ་མཉམ་ཡིན།  རྒྱལ་ཁབ་ཀྱིས་གྲངས་ཉུང་མི་རིགས་ཁག་གི་ཁྲིམས་མཐུན་ཁེ་དབང་དང་ཁེ་ཕན་འགན་སྲུང་དང་།  མི་རིགས་ཁག་བར་གྱི་འདྲ་མཉམ་དང་། མཐུན་སྒྲིལ།  རོགས་རེས།  འཆམ་མཐུན་བཅས་ཀྱི་འབྲེལ་བ་སྲུང་སྐྱོང་དང་གོང་དུ་སྤེལ་རྒྱུ།  མི་རིགས་གང་ཞིག་ལའང་མཐོང་ཆུང་དང་གཉའ་མནོན་བྱེད་པ་གཏན་འགོག་བྱ་རྒྱུ།  མི་རིགས་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་བ་དང་མི་རིགས་ཁ་ཕྲལ་བའི་བྱ་སྤྱོད་གཏན་འགོག་བྱ་རྒྱུ།

རྒྱལ་ཁབ་ཀྱིས་གྲངས་ཉུང་མི་རིགས་ཁག་གི་ཁྱད་ཆོས་དང་དགོས་མཁོ་གཞིར་བཟུང་སྟེ་གྲངས་ཉུང་མི་རིགས་ས་ཁུལ་ཁག་གི་དཔལ་འབྱོར་དང་རིག་གནས་འཕེལ་ཚད་ཇེ་མགྱོགས་སུ་གཏོང་རོགས་བྱ་རྒྱུ།

གྲངས་ཉུང་མི་རིགས་འདུས་སྡོད་བྱེད་པའི་ས་གནས་སོ་སོར་ས་ཁོངས་རང་སྐྱོང་ལག་ལེན་བསྟར་ཏེ་རང་སྐྱོང་ལས་ཁུངས་འཛུགས་རྒྱུ་དང་རང་སྐྱོང་དབང་ཆ་སྤྱོད་རྒྱུ། མི་རིགས་རང་སྐྱོང་ས་གནས་ཁག་ཚང་མ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲུབ་ཆ་འབྲལ་དུ་མི་རུང་བ་ཞིག་ཡིན།

མི་རིགས་ཚང་མར་རང་ཉིད་ཀྱི་སྐད་དང་ཡི་གེ་སྤྱོད་པ་དང་གོང་དུ་སྤེལ་བའི་རང་དབང་ཡོད་པ་དང་།  ཚང་མར་རང་ཉིད་ཀྱི་ཡུལ་སྲོལ་གོམས་གཤིས་འཛིན་སྐྱོང་ངམ་སྒྱུར་བཅོས་གང་བྱེད་ཀྱི་རང་དབང་ཡོད།

དོན་ཚན་ལྔ་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཁྲིམས་ལྟར་རྒྱལ་ཁབ་བདག་སྐྱོང་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་ཅིག་འཛུགས་སྐྲུན་བྱ་རྒྱུ།

རྒྱལ་ཁབ་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་ལུགས་གཅིག་གྱུར་དང་དེའི་གཟི་རྔམ་སྲུང་སྐྱོང་བྱ་རྒྱུ།

བཅའ་ཁྲིམས་དང་།  སྲིད་འཛིན་ཁྲིམས་སྲོལ།  ས་གནས་ཀྱི་རང་བཞིན་ལྡན་པའི་ཁྲིམས་སྲོལ་མཐའ་དག་རྩ་ཁྲིམས་དང་འགལ་མི་ཆོག

རྒྱལ་ཁབ་ཀྱི་ལས་ཁུངས་དང་དྲག་པོའི་སྟོབས་ཤུགས་མཐའ་དག་དང་།  སྲིད་ཏང་ཁག་དང་སྤྱི་ཚོགས་ཀྱི་ཚོགས་པ་ཁག   ཁེ་ལས་དང་བྱ་ལས་ཀྱི་རྩ་འཛུགས་ཁག་བཅས་ཚང་མས་ངེས་པར་དུ་རྩ་ཁྲིམས་དང་བཅའ་ཁྲིམས་ལ་བརྩི་སྲུང་བྱེད་དགོས།   རྩ་ཁྲིམས་དང་བཅའ་ཁྲིམས་ལས་འགལ་བའི་བྱ་སྤྱོད་ཚང་མར་ངེས་པར་རྩད་གཅོད་བྱེད་དགོས།

རྩ་འཛུགས་གང་དང་སྐྱེ་བོ་སུ་ཞིག་ཡིན་རུང་ཚང་མར་རྩ་ཁྲིམས་དང་བཅའ་ཁྲིམས་ལས་འདས་པའི་དམགས་བསལ་གྱི་དབང་ཆ་ཡོད་མི་ཆོག

དོན་ཚན་དྲུག་པ།  ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་ལམ་ལུགས་ཀྱི་རྨང་གཞི་ནི་ཐོན་སྐྱེད་རྒྱུ་ཆས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ལ་དབང་བའི་ལམ་ལུགས་ཏེ།   དམངས་ཡོངས་ལ་དབང་བའི་ལམ་ལུགས་དང་ངལ་རྩོལ་དམངས་ཚོགས་ཐུན་མོང་ལ་དབང་བའི་ལམ་ལུགས་ཡིན། སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ལ་དབང་བའི་ལམ་ལུགས་ཀྱིས་མིས་མི་ལ་བཤུ་གཞོག་བྱེད་པའི་ལམ་ལུགས་རྩ་མེད་བཟོས་ཏེ་གང་ནུས་དེ་སྒྲུབ་དང་རྩོལ་བསྟུན་ཐོབ་སྤྲོད་ཀྱི་རྩ་དོན་ལག་ལེན་བསྟར་རྒྱུ།  སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་དུ་རྒྱལ་ཁབ་ཀྱིས་སྤྱི་ལ་དབང་བའི་ལམ་ལུགས་གཙོ་བོར་བྱེད་ཅིང་།  དབང་བའི་ལམ་ལུགས་སྣ་མང་གི་དཔལ་འབྱོར་ལྷན་དུ་གོང་འཕེལ་གཏོང་རྒྱུའི་གཞི་རྩའི་དཔལ་འབྱོར་ལམ་ལུགས་མཐའ་འཁྱོངས་དང་། རྩོལ་བསྟུན་ཐོབ་སྤྲོད་བྱ་རྒྱུ་གཙོ་བོར་འཛིན་ཞིང་བགོ་བཤའ་བྱེད་སྟངས་སྣ་མང་མཉམ་དུ་གནས་པའི་བགོ་བཤའི་ལམ་ལུགས་མཐའ་འཁྱོངས་བྱ་རྒྱུ།

དོན་ཚན་བདུན་པ། རྒྱལ་ཁབ་ལ་དབང་བའི་དཔལ་འབྱོར་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་དམངས་ཡོངས་ལ་དབང་བའི་ལམ་ལུགས་ཀྱི་དཔལ་འབྱོར་ནི་རྒྱལ་དམངས་དཔལ་འབྱོར་ནང་གི་གཙོ་ཁྲིད་ཀྱི་སྟོབས་ཤུགས་ཤིག་ཡིན། རྒྱལ་ཁབ་ཀྱིས་རྒྱལ་ཁབ་ལ་དབང་བའི་དཔལ་འབྱོར་སྲ་བརྟན་ཡོང་བ་དང་གོང་དུ་འཕེལ་བར་འགན་སྲུང་བྱ་རྒྱུ།

དོན་ཚན་བརྒྱད་པ།  གྲོང་གསེབ་ཀྱི་ཐུན་མོང་དཔལ་འབྱོར་གྱི་རྩ་འཛུགས་ཀྱིས་ཁྱིམ་དུད་ཀྱིས་གཉེར་འགན་གཙང་ལེན་བྱ་རྒྱུ་རྨང་གཞི་བྱེད་ཅིང་། གཅིག་གྱུར་དང་ཁ་འགྲེམས་ཟུང་དུ་སྦྲེལ་བའི་བང་རིམ་གཉིས་ལྡན་གྱི་གཉེར་སྐྱོང་སྒྲིག་སྲོལ་ལག་ལེན་བསྟར་རྒྱུ། གྲོང་གསེབ་ཀྱི་ཐོན་སྐྱེད་དང་། མཁོ་སྤྲོད། ཡིད་རྟོན། འཛད་སྤྱོད་སོགས་མཉམ་ལས་ཀྱི་དཔལ་འབྱོར་རྣམ་པ་སྣ་ཚོགས་ནི་སྤྱི་ཚོགས་རིང་ལུགས་ཀྱི་ངལ་རྩོལ་མང་ཚོགས་ཐུན་མོང་ལ་དབང་བའི་ལམ་ལུགས་ཀྱི་དཔལ་འབྱོར་ཡིན། གྲོང་གསེབ་ཀྱི་ཐུན་མོང་གི་དཔལ་འབྱོར་རྩ་འཛུགས་སུ་ཞུགས་པའི་ངལ་རྩོལ་པ་རྣམས་ལ་བཅའ་ཁྲིམས་ནང་གཏན་ལ་ཕབ་པའི་ཁྱབ་ཁོངས་སུ་རང་བཞག་ས་ཞིང་དང་། རང་བཞག་རི། ཁྱིམ་གྱི་ཞོར་ལས་བཅས་གཉེར་དབང་དང་རང་བཞག་སྒོ་ཕྱུགས་གསོ་དབང་ཡོད།

གྲོང་ཁྱེར་དང་གྲོང་རྡལ་གྱི་ལག་ཤེས་བཟོ་ལས་དང་། བཟོ་ལས། ཨར་ལས། སྐྱེལ་འདྲེན་ལས་རིགས། ཚོང་ལས། ཞབས་འདེགས་ལས་རིགས་སོགས་ལས་རིགས་ཀྱི་མཉམ་ལས་ཀྱི་དཔལ་འབྱོར་རྣམ་པ་འདྲ་མིན་སྣ་ཚོགས་ཚང་མ་སྤྱི་ཚོགས་རིང་ལུགས་ཀྱི་ངལ་རྩོལ་མང་ཚོགས་ཐུན་མོང་ལ་དབང་བའི་ལམ་ལུགས་ཀྱི་དཔལ་འབྱོར་ཡིན།

རྒྱལ་ཁབ་ཀྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཐུན་མོང་དཔལ་འབྱོར་རྩ་འཛུགས་ཀྱི་ཁྲིམས་མཐུན་ཁེ་དབང་དང་ཁེ་ཕན་སྲུང་སྐྱོང་དང་ཐུན་མོང་དཔལ་འབྱོར་གོང་དུ་སྤེལ་བར་སྐུལ་འདེད་དང་། ཁྲིད་སྟོན། རོགས་རམ་བཅས་བྱ་རྒྱུ།

དོན་ཚན་དགུ་པ། གཏེར་ཁ་དང་། ཆུ་བོ། ནགས་ཚལ། རི་བོ། རྩྭ་ཐང་། ས་རྒོད། མཚོ་ཁའི་གྲམ་ཐང་སོགས་རང་བྱུང་གི་ཐོན་ཁུངས་ཚང་མ་རྒྱལ་ཁབ་ལ་དབང་བ་སྟེ། དམངས་ཡོངས་ལ་དབང་བ་ཡིན། ཡིན་ནའང་བཅའ་ཁྲིམས་ཀྱིས་གཏན་ལ་ཕབ་པ་ལྟར་ཐུན་མོང་ལ་དབང་བའི་ནགས་ཚལ་དང་། རི་བོ། རྩྭ་ཐང་། ས་རྒོད། མཚོ་ཁའི་གྲམ་ཐང་བཅས་ནི་དེའི་ཁོངས་སུ་མི་གཏོགས།

རྒྱལ་ཁབ་ཀྱིས་རང་བྱུང་གི་ཐོན་ཁུངས་ལུགས་མཐུན་གྱིས་བེད་སྤྱོད་པར་འགན་སྲུང་དང་། སྲོག་ཆགས་དང་རྩི་ཤིང་རྩ་ཆེན་རྣམས་སྲུང་སྐྱོང་བྱ་རྒྱུ། རྩ་འཛུགས་གང་དང་སྐྱེ་བོ་སུ་ཞིག་ཡིན་རུང་བྱེད་ཐབས་གང་རུང་ཞིག་ལ་བརྟེན་ནས་རང་བྱུང་གི་ཐོན་ཁུངས་ཧམ་བཟུང་ངམ་གཏོར་བརླག་བྱས་མི་ཆོག

དོན་ཚན་བཅུ་པ། གྲོང་ཁྱེར་གྱི་ས་ཞིང་རྣམས་རྒྱལ་ཁབ་ལ་དབང་བ་ཡིན།

གྲོང་གསེབ་དང་གྲོང་ཁྱེར་ཉེ་འདབས་ས་ཁུལ་གྱི་ས་ཞིང་བཅའ་ཁྲིམས་ཀྱིས་གཏན་ལ་ཕབ་པ་ལྟར་རྒྱལ་ཁབ་ལ་དབང་བ་རྣམས་ཕུད། དེ་བྱིངས་ཚང་མ་ཐུན་མོང་ལ་དབང་བ་ཡིན། ཁང་ས་དང་། རང་བཞག་ས་ཞིང་། རང་བཞག་རི་རྣམས་ཀྱང་ཐུན་མོང་ལ་དབང་བ་ཡིན།

རྒྱལ་ཁབ་ཀྱིས་སྤྱི་པའི་ཁེ་ཕན་གྱི་དགོས་མཁོའི་ཆེད་དུ། བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར་ས་ཞིང་བསྡུ་ལེན་ནམ་བསྡུ་སྤྱོད་བྱས་ཆོག་པ་མ་ཟད་སྐྱིན་གསབ་ཀྱང་སྤྲོད་རྒྱུ།

རྩ་འཛུགས་གང་དང་སྐྱེ་བོ་སུ་ཞིག་གིས་ཀྱང་ས་ཞིང་ཧམ་བཟུང་དང་ཉོ་ཚོང་ངམ་ཡང་ན་བྱེད་ཐབས་གཞན་དག་ལ་བརྟེན་ནས་ཁྲིམས་འགལ་གྱིས་ས་ཞིང་གཞན་ལ་བཤུགས་རིགས་བྱས་མི་ཆོག  བཅའ་ཁྲིམས་ནང་འཁོལ་གཏན་འབེབས་ལྟར་ས་ཞིང་བཀོལ་སྤྱོད་བྱེད་དབང་གཞན་ལ་བཤུགས་ཆོག

ས་ཞིང་བེད་སྤྱོད་བྱེད་པའི་རྩ་འཛུགས་དང་མི་སྒེར་ཚང་མས་ངེས་པར་དུ་ལུགས་མཐུན་གྱིས་ས་ཞིང་བེད་སྤྱོད་བྱེད་དགོས།

དོན་ཚན་བཅུ་གཅིག་པ།  བཅའ་ཁྲིམས་ཐོག་གཏན་ལ་ཕབ་པའི་ཁྱབ་ཁོངས་ནང་གི་ཁེར་གཉེར་དཔལ་འབྱོར་དང་སྒེར་གཉེར་དཔལ་འབྱོར་ལ་སོགས་པའི་སྤྱི་ལ་དབང་བའི་ལམ་ལུགས་མིན་པའི་དཔལ་འབྱོར་ནི་སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན།  རྒྱལ་ཁབ་ཀྱིས་ཁེར་གཉེར་དཔལ་འབྱོར་དང་སྒེར་གཉེར་དཔལ་འབྱོར་ལ་སོགས་པའི་སྤྱི་ལ་དབང་བའི་ལམ་ལུགས་མིན་པའི་དཔལ་འབྱོར་གྱི་ཁྲིམས་མཐུན་ཁེ་དབང་དང་ཁེ་ཕན་སྲུང་སྐྱོང་བྱ་རྒྱུ།  སྤྱི་ལ་དབང་བའི་ལམ་ལུགས་མིན་པའི་དཔལ་འབྱོར་གོང་དུ་སྤེལ་བར་རྒྱལ་ཁབ་ཀྱིས་བསྔགས་སྐུལ་དང་།  རྒྱབ་སྐྱོར།  ཁྲིད་སྟོན་བཅས་བྱ་རྒྱུ་མ་ཟད།  སྤྱི་ལ་དབང་བའི་ལམ་ལུགས་མིན་པའི་དཔལ་འབྱོར་ལ་ཁྲིམས་ལྟར་ལྟ་སྐུལ་དང་དོ་དམ་ཡང་བྱ་རྒྱུ།

དོན་ཚན་བཅུ་གཉིས་པ།  སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་པའི་རྒྱུ་ནོར་ནི་མཆོག་ཏུ་གྱུར་པ་ཞིག་ཡིན་པས་དེར་གནོད་འཚེ་གཏོང་མི་ཆོག

རྒྱལ་ཁབ་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་པའི་རྒྱུ་ནོར་སྲུང་སྐྱོང་བྱ་རྒྱུ་དང་། རྩ་འཛུགས་གང་དང་སྐྱེ་བོ་སུ་ཞིག་གིས་བྱེད་ཐབས་གང་རུང་ཞིག་ལ་བརྟེན་ནས་རྒྱལ་ཁབ་དང་ཐུན་མོང་གི་རྒྱུ་ནོར་ཧམ་བཟུང་ངམ་གཏོར་བརླག་གཏོང་བ་གཏན་འགོག་བྱ་རྒྱུ།

དོན་ཚན་བཅུ་གསུམ་པ།  སྤྱི་དམངས་ཀྱི་ཁྲིམས་དང་མཐུན་པའི་སྒེར་དབང་རྒྱུ་ནོར་ལ་བཙན་གནོད་བཏང་མི་ཆོག

རྒྱལ་ཁབ་ཀྱིས་བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར་སྤྱི་དམངས་ཀྱི་སྒེར་དབང་རྒྱུ་ནོར་གྱི་བདག་དབང་དང་ཤུལ་འཛིན་བྱེད་དབང་སྲུང་སྐྱོང་བྱ་རྒྱུ།  སྤྱི་པའི་ཁེ་ཕན་གྱི་དགོས་མཁོའི་ཆེད་དུ་རྒྱལ་ཁབ་ཀྱིས་བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར་སྤྱི་དམངས་སྒེར་ལ་དབང་བའི་རྒྱུ་ནོར་བསྡུ་ལེན་ནམ་བསྡུ་སྤྱོད་བྱས་ཆོག་པ་མ་ཟད་སྐྱིན་གསབ་ཀྱང་སྤྲོད་རྒྱུ།

དོན་ཚན་བཅུ་བཞི་པ།  རྒྱལ་ཁབ་ཀྱིས་ངལ་རྩོལ་པའི་ཧུར་བརྩོན་བྱེད་སེམས་དང་ལག་རྩལ་གྱི་ཆུ་ཚད་མཐོ་རུ་གཏོང་རྒྱུ་དང་།  སྔོན་ཐོན་གྱི་ཚན་རིག་ལག་རྩལ་ཁྱབ་སྤེལ་གཏོང་རྒྱུ།  དཔལ་འབྱོར་དོ་དམ་ལམ་ལུགས་དང་ཁེ་ལས་གཉེར་སྐྱོང་དོ་དམ་ལམ་ལུགས་འཐུས་སྒོ་ཇེ་ཚང་དུ་གཏོང་རྒྱུ།

སྤྱི་ཚོགས་རིང་ལུགས་ཀྱི་འགན་འཁྲིའི་ལམ་ལུགས་རྣམ་པ་སྣ་ཚོགས་ལག་ལེན་བསྟར་རྒྱུ།  ངལ་རྩོལ་གྱི་རྩ་འཛུགས་ལེགས་སུ་བཅོས་རྒྱུ་བཅས་ལ་བརྟེན་ཏེ་ངལ་རྩོལ་ཐོན་སྐྱེད་ཀྱི་ལས་ཆོད་དང་དཔལ་འབྱོར་གྱི་ཕན་ནུས་རྒྱུན་མ་ཆད་པར་ཇེ་ཆེར་བཏང་ནས་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་གོང་དུ་སྤེལ་རྒྱུ།

རྒྱལ་ཁབ་ཀྱིས་གྲོན་ཆུང་ནན་ཏན་བྱ་རྒྱུ་དང་།  ཆུད་ཟོས་ལ་ངོ་རྒོལ་བྱ་རྒྱུ།

རྒྱལ་ཁབ་ཀྱིས་ལུགས་དང་མཐུན་པའི་སྒོ་ནས་གསོག་འཇོག་དང་འཛད་སྤྱོད་བཀོད་སྒྲིག་བྱས་ཤིང་།  རྒྱལ་ཁབ་དང་།  ཐུན་མོང་།  མི་སྒེར་བཅས་ཀྱི་ཁེ་ཕན་ཚང་མར་ལྟ་རྟོག་བྱས་ཏེ་ཐོན་སྐྱེད་གོང་དུ་སྤེལ་བའི་རྨང་གཞིའི་ཐོག  མི་དམངས་ཀྱི་དངོས་པོའི་འཚོ་བ་དང་རིག་གནས་ཀྱི་འཚོ་བ་རིམ་གྱིས་ལེགས་སུ་བཅོས་རྒྱུ།

རྒྱལ་ཁབ་ཀྱིས་དཔལ་འབྱོར་གོང་དུ་འཕེལ་བའི་ཆུ་ཚད་དང་མཐུན་པའི་སྤྱི་ཚོགས་ཀྱི་འགན་སྲུང་ལམ་ལུགས་འཛུགས་རྒྱུ་དང་འཐུས་ཚང་དུ་གཏོང་རྒྱུ།

དོན་ཚན་བཅོ་ལྔ་པ།  རྒྱལ་ཁབ་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་ལག་ལེན་དུ་བསྟར་རྒྱུ།  རྒྱལ་ཁབ་ཀྱིས་དཔལ་འབྱོར་ཐད་ཀྱི་ཁྲིམས་འཛུགས་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་།  སྤྱི་ཁོག་ནས་སྙོམས་སྒྲིག་བྱེད་ལུགས་འཐུས་ཚང་དུ་གཏོང་རྒྱུ།

རྒྱལ་ཁབ་ཀྱིས་བཅའ་ཁྲིམས་ལྟར་རྩ་འཛུགས་གང་དང་སྐྱེ་བོ་སུ་ཞིག་གིས་སྤྱི་ཚོགས་ཀྱི་དཔལ་འབྱོར་སྒྲིག་ལམ་དཀྲུག་པ་གཏན་འགོག་བྱ་རྒྱུ།

དོན་ཚན་བཅུ་དྲུག་པ།  བཅའ་ཁྲིམས་ནང་འཁོད་གཏན་འབེབས་ཀྱི་ཁྱབ་ཁོངས་སུ་རྒྱལ་ཁབ་ལ་དབང་བའི་ཁེ་ལས་ལ་རང་བདག་གིས་གཉེར་སྐྱོང་བྱེད་པའི་དབང་ཆ་ཡོད།

རྒྱལ་ཁབ་ལ་དབང་བའི་ཁེ་ལས་ཀྱིས་བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར་ལས་བཟོ་པའི་འཐུས་མིའི་ཚོགས་ཆེན་འཚོག་པ་དང་རྣམ་པ་གཞན་གྱི་ཐོག་ནས་དམངས་གཙོའི་དོ་དམ་བྱ་རྒྱུ།

དོན་ཚན་བཅུ་བདུན་པ།  འབྲེལ་ཡོད་བཅའ་ཁྲིམས་ལ་བརྩི་སྲུང་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག  ཐུན་མོང་དཔལ་འབྱོར་གྱི་རྩ་འཛུགས་ལ་རང་ཚུགས་ཀྱིས་དཔལ་འབྱོར་བྱེད་སྒོ་སྤེལ་བའི་རང་བདག་དབང་ཆ་ཡོད།  ཐུན་མོང་དཔལ་འབྱོར་གྱི་རྩ་འཛུགས་ཀྱིས་དམངས་གཙོའི་དོ་དམ་བྱ་རྒྱུ་དང་།  བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར་དོ་དམ་བྱེད་མཁན་གསར་འདེམས་དང་གནས་དབྱུང་གཏོང་རྒྱུ་དང་།  གཉེར་སྐྱོང་དོ་དམ་ཐད་ཀྱི་གནད་དོན་གལ་ཆེ་རིགས་རྣམས་ཐག་གཅོད་རྒྱུ།

དོན་ཚན་བཅོ་བརྒྱད་པ།  ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཕྱི་རྒྱལ་གྱི་ཁེ་ལས་དང་།  དེ་མིན་གྱི་དཔལ་འབྱོར་རྩ་འཛུགས་སམ་མི་སྒེར་ལ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར་ཀྲུང་གོར་མ་དངུལ་འཇོག་པ་དང་།  ཀྲུང་གོའི་ཁེ་ལས་སམ་ཡང་ན་དེ་མིན་གྱི་དཔལ་འབྱོར་རྩ་འཛུགས་དང་རྣམ་པ་སྣ་ཚོགས་ཀྱི་དཔལ་འབྱོར་མཉམ་ལས་བྱེད་པར་ཆོག་མཆན་འགོད་རྒྱུ།

ཀྲུང་གོའི་མངའ་ཁོངས་སུ་ཡོད་པའི་ཕྱི་རྒྱལ་གྱི་ཁེ་ལས་དང་།  ཕྱི་རྒྱལ་གྱི་དཔལ་འབྱོར་རྩ་འཛུགས་གཞན་དག  དེ་མིན་ཀྲུང་གོ་དང་ཕྱི་རྒྱལ་གཉིས་ཀྱིས་མ་རྩ་མཉམ་བཞག་གིས་གཉེར་སྐྱོང་བྱེད་པའི་ཁེ་ལས་བཅས་ཚང་མས་ངེས་པར་དུ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ལ་བརྩི་སྲུང་བྱེད་དགོས།  དེ་དག་གི་ཁྲིམས་མཐུན་གྱི་ཁེ་དབང་དང་ཁེ་ཕན་རྣམས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ཀྱིས་སྲུང་སྐྱོང་བྱ་རྒྱུ།

དོན་ཚན་བཅུ་དགུ་པ།  རྒྱལ་ཁབ་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་སློབ་གསོའི་བྱ་གཞག་གོང་དུ་སྤེལ་ཏེ་རྒྱལ་ཡོངས་མི་དམངས་ཀྱི་ཚན་རིག་དང་རིག་གནས་ཀྱི་ཆུ་ཚད་མཐོ་རུ་གཏོང་རྒྱུ།

རྒྱལ་ཁབ་ཀྱིས་སློབ་གྲྭ་སྣ་ཚོགས་འཛུགས་གཉེར་བྱས་ཏེ་དམའ་རིམ་འོས་འགན་སློབ་གསོ་ཁྱབ་གདལ་དུ་གཏོང་རྒྱུ་དང་།  འབྲིང་རིམ་སློབ་གསོ་དང་།  ལས་རིགས་སློབ་གསོ།  མཐོ་རིམ་སློབ་གསོ་བཅས་གོང་དུ་སྤེལ་རྒྱུ་མ་ཟད།  སློབ་ལོ་མ་སོན་གོང་གི་སློབ་གསོའང་གོང་དུ་སྤེལ་རྒྱུ།

རྒྱལ་ཁབ་ཀྱིས་སློབ་གསོའི་སྒྲིག་བཀོད་སྣ་ཚོགས་འཕེལ་རྒྱས་གཏོང་བ་དང་འབྲེལ་ཡིག་རྨོངས་སེལ་བ་དང་།  བཟོ་པ་དང་།  ཞིང་པ།  རྒྱལ་ཁབ་ཀྱི་ལས་བྱེད་མི་སྣ།  ངལ་རྩོལ་པ་གཞན་དག་བཅས་ལ་ཆབ་སྲིད་དང་།  རིག་གནས།  ཚན་རིག  ལག་རྩལ།  ལས་སྒོ་བཅས་ཀྱི་སློབ་གསོ་གཏོང་རྒྱུ་དང་།  རང་སྦྱོང་ལ་བརྟེན་ནས་ཡོན་ཏན་ཅན་དུ་འགྱུར་བར་བསྔགས་སྐུལ་བྱ་རྒྱུ།

རྒྱལ་ཁབ་ཀྱིས་ཐུན་མོང་དཔལ་འབྱོར་རྩ་འཛུགས་དང་།  རྒྱལ་ཁབ་ཀྱི་ཁེ་ལས་དང་བྱ་ལས་རྩ་འཛུགས།  སྤྱི་ཚོགས་ཀྱི་སྟོབས་ཤུགས་གཞན་དག་བཅས་ཀྱིས་བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར་སློབ་གསོའི་བྱ་གཞག་སྣ་ཚོགས་འཛུགས་གཉེར་བྱེད་པར་བསྔགས་སྐུལ་བྱ་རྒྱུ།

རྒྱལ་ཁབ་ཀྱིས་རྒྱལ་ཡོངས་ཐུན་མོང་དུ་སྤྱོད་པའི་སྤྱི་སྐད་ཁྱབ་གདལ་དུ་གཏོང་རྒྱུ།

དོན་ཚན་ཉི་ཤུ་པ།  རྒྱལ་ཁབ་ཀྱིས་རང་བྱུང་ཚན་རིག་དང་སྤྱི་ཚོགས་ཚན་རིག་གི་བྱ་གཞག་གོང་དུ་སྤེལ་རྒྱུ་དང་།  ཚན་རིག་དང་ལག་རྩལ་གྱི་ཤེས་ཡོན་ཁྱབ་གདལ་དུ་གཏོང་རྒྱུ།  ཚན་རིག་ཞིབ་འཇུག་གི་བྱས་འབྲས་དང་ལག་རྩལ་གསར་གཏོད་དང་གསར་སྐྲུན་བྱས་པར་བྱ་དགའ་སྤྲོད་རྒྱུ།

དོན་ཚན་ཉེར་གཅིག་པ།  རྒྱལ་ཁབ་ཀྱིས་སྨན་བཅོས་འཕྲོད་བསྟེན་གྱི་བྱ་གཞག་གོང་དུ་སྤེལ་རྒྱུ་དང་།  དེང་རབས་ཀྱི་གསོ་རིག་དང་སྨན་ལས་དང་རང་རྒྱལ་གྱི་སྲོལ་རྒྱུན་གྱི་གསོ་རིག་དང་སྨན་ལས་གོང་དུ་སྤེལ་རྒྱུ།   གྲོང་གསེབ་ཀྱི་ཐུན་མོང་དཔལ་འབྱོར་རྩ་འཛུགས་དང་།  རྒྱལ་ཁབ་ཀྱི་ཁེ་ལས་དང་བྱ་ལས་ཀྱི་རྩ་འཛུགས།  ཁྲོམ་ལམ་གྱི་རྩ་འཛུགས་བཅས་ཀྱིས་སྨན་བཅོས་འཕྲོད་བསྟེན་ཐད་ཀྱི་སྒྲིག་བཀོད་སྣ་ཚོགས་འཛུགས་གཉེར་བྱེད་པར་བསྔགས་སྐུལ་དང་རྒྱབ་སྐྱོར་བྱས་ཐོག  མང་ཚོགས་ཀྱི་རང་བཞིན་ལྡན་པའི་གཙང་སྦྲའི་བྱེད་སྒོ་སྤེལ་བ་དང་འབྲེལ་མི་དམངས་ཀྱི་ལུས་ཁམས་བདེ་ཐང་སྲུང་སྐྱོང་བྱ་རྒྱུ།

 རྒྱལ་ཁབ་ཀྱིས་ལུས་རྩལ་བྱ་གཞག་གོང་དུ་སྤེལ་བ་དང་མང་ཚོགས་ཀྱི་རང་བཞིན་ལྡན་པའི་ལུས་རྩལ་གྱི་བྱེད་སྒོ་སྤེལ་ནས་མི་དམངས་ཀྱི་གཟུགས་གཞི་ཇེ་ཐང་དུ་གཏོང་རྒྱུ།

དོན་ཚན་ཉེར་གཉིས་པ།  རྒྱལ་ཁབ་ཀྱིས་མི་དམངས་ལ་ཞབས་འདེགས་ཞུ་བ་དང་སྤྱི་ཚོགས་རིང་ལུགས་ལ་ཞབས་འདེགས་ཞུ་བའི་རྩོམ་རིག་སྒྱུ་རྩལ་གྱི་བྱ་གཞག་དང་།  གསར་འགྱུར་དང་།  ཀུན་ཁྱབ་རླུང་འཕྲིན།  བརྙན་འཕྲིན་བཅས་ཀྱི་བྱ་གཞག  དཔེ་སྐྲུན་དང་འགྲེམས་སྤེལ་གྱི་བྱ་གཞག  དཔེ་མཛོད་ཁང་དང་།  རྟེན་རྫས་བཤམས་མཛོད་ཁང་།  རིག་གནས་ཁང་བཅས་དང་རིག་གནས་ཀྱི་བྱ་གཞག་གཞན་དག་གོང་དུ་སྤེལ་རྒྱུ་དང་།  མང་ཚོགས་ཀྱི་རང་བཞིན་ལྡན་པའི་རིག་གནས་ཀྱི་བྱེད་སྒོ་སྤེལ་རྒྱུ།

རྒྱལ་ཁབ་ཀྱིས་གནའ་ཤུལ་གྲགས་ཅན་དང་།  རིག་རྫས་རྩ་ཆེན།  ལོ་རྒྱུས་ཐོག་གི་རིག་གནས་ཤུལ་བཞག་གལ་ཆེན་གཞན་དག་བཅས་སྲུང་སྐྱོང་བྱ་རྒྱུ།

དོན་ཚན་ཉེར་གསུམ་པ།  རྒྱལ་ཁབ་ཀྱིས་སྤྱི་ཚོགས་རིང་ལུགས་ལ་ཞབས་འདེགས་ཞུ་བའི་ཆེད་ལས་ཤེས་ལྡན་མི་སྣ་སྣ་ཚོགས་གསོ་སྐྱོང་བྱས་ཏེ་ཤེས་ཡོན་ཅན་གྱི་དཔུང་སྡེ་ཇེ་ཆེར་གཏོང་རྒྱུ་དང་མཐུན་རྐྱེན་བསྐྲུན་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་ནང་དུ་ཁོང་ཚོའི་ནུས་པ་འདོན་སྤེལ་གང་ལེགས་བྱ་རྒྱུ།

དོན་ཚན་ཉེར་བཞི་པ།  རྒྱལ་ཁབ་ཀྱིས་ཕུགས་འདུན་གྱི་སློབ་གསོ་དང་།  ཀུན་སྤྱོད་ཀྱི་སློབ་གསོ།  རིག་གནས་ཀྱི་སློབ་གསོ།  སྒྲིག་ཁྲིམས་དང་ཁྲིམས་ལུགས་ཀྱི་སློབ་གསོ་བཅས་ཁྱབ་གདལ་དུ་གཏོང་བ་དང་།  གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁྱབ་ཁོངས་མི་འདྲ་བའི་མང་ཚོགས་ཀྱི་ཁྲོད་དུ་བསྲུང་བྱ་དང་སྤྱི་ཆིངས་སྣ་ཚོགས་གཏན་འབེབས་དང་ལག་བསྟར་བྱེད་པར་བརྟེན་ནས་སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་སྤེལ་བར་ཤུགས་སྣོན་རྒྱག་རྒྱུ།

རྒྱལ་ཁབ་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་དར་སྤེལ་གཏོང་རྒྱུ་དང་།  མེས་རྒྱལ་ལ་དགའ་བ་དང་།  མི་དམངས་ལ་དགའ་བ།  ངལ་རྩོལ་ལ་དགའ་བ།  ཚན་རིག་ལ་དགའ་བ།  སྤྱི་ཚོགས་རིང་ལུགས་ལ་དགའ་བ་བཅས་ཀྱི་སྤྱི་པའི་སྤྱོད་བཟང་དར་སྤེལ་གཏོང་རྒྱུ་དང་།    མི་དམངས་ཀྱི་ཁྲོད་དུ་རྒྱལ་གཅེས་རིང་ལུགས་དང་།  ཐུན་མོང་རིང་ལུགས།  རྒྱལ་སྤྱིའི་རིང་ལུགས།  གུང་ཁྲན་རིང་ལུགས་བཅས་ཀྱི་སློབ་གསོ་གཏོང་རྒྱུ།  རྩོད་སྒྲུབ་དངོས་གཙོའི་རིང་ལུགས་དང་ལོ་རྒྱུས་དངོས་གཙོའི་རིང་ལུགས་ཀྱི་སློབ་གསོ་གཏོང་རྒྱུ།  མ་རྩའི་རིང་ལུགས་དང་བཀས་བཀོད་རྒྱུད་འཛིན་རིང་ལུགས་ཀྱི་རུལ་སུངས་སུ་གྱུར་པའི་བསམ་བློ་དང་།  དེ་མིན་གྱི་བསམ་བློ་ངན་རུལ་ལ་ངོ་རྒོལ་བྱ་རྒྱུ།

དོན་ཚན་ཉེར་ལྔ་པ།  རྒྱལ་ཁབ་ཀྱིས་འཆར་ཡོད་བུ་བཙའ་ཁྱབ་གདལ་བྱས་ནས་མི་གྲངས་འཕར་ཚད་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞི་དང་ཕན་ཚུན་མཐུན་པར་བྱ་རྒྱུ།

དོན་ཚན་ཉེར་དྲུག་པ།  རྒྱལ་ཁབ་ཀྱིས་འཚོ་བའི་ཁོར་ཡུག་དང་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་དང་ལེགས་བཅོས་བྱ་རྒྱུ་དང་།  བཙོག་འགྱུར་དང་སྤྱི་གནོད་གཞན་དག་འགོག་བཅོས་བྱ་རྒྱུ།

རྒྱལ་ཁབ་ཀྱིས་ཤིང་འཛུགས་ནགས་བཟོ་སྒྲིག་འཛུགས་བྱ་རྒྱུ་དང་དེར་བསྔགས་སྐུལ་བྱ་རྒྱུ།  ཤིང་ནགས་སྲུང་སྐྱོང་བྱ་རྒྱུ།

དོན་ཚན་ཉེར་བདུན་པ།  རྒྱལ་ཁབ་ཀྱི་ལས་ཁུངས་ཚང་མས་ཁུ་བསྡུ་བྱེད་པའི་རྩ་དོན་ལག་བསྟར་དང་།  ལས་ཀའི་འགན་འཁྲིའི་ལམ་ལུགས་ལག་བསྟར། ལས་བྱེད་མི་སྣ་གསོ་སྦྱོང་དང་དེ་ཚོར་དཔྱད་ཞིབ་བྱེད་པའི་ལམ་ལུགས་ལག་བསྟར་བཅས་བྱས་ཏེ་རྒྱུན་ཆད་མེད་པར་ལས་ཀའི་སྤུས་ཚད་ཇེ་བཟང་དུ་གཏོང་རྒྱུ་དང་ལས་ཆོད་ཇེ་ཆེར་གཏོང་རྒྱུ།  དཔོན་ཉམས་རིང་ལུགས་ལ་ངོ་རྒོལ་བྱ་རྒྱུ།

རྒྱལ་ཁབ་ཀྱི་ལས་ཁུངས་དང་རྒྱལ་ཁབ་ཀྱི་ལས་བྱེད་མི་སྣ་ཚང་མས་ངེས་པར་དུ་མི་དམངས་ཀྱི་རྒྱབ་སྐྱོར་ལ་བརྟེན་ནས་དུས་རྟག་ཏུ་མི་དམངས་དང་འབྲེལ་འདྲིས་དམ་པོ་ཡོང་བ་དང་།  མི་དམངས་ཀྱི་བསམ་འཆར་དང་གྲོས་མགོ་ལེགས་པར་ཉན་པ། མི་དམངས་ཀྱི་ལྟ་སྐུལ་དང་དུ་ལེན་པ་བཅས་བྱས་ཏེ་ཧུར་བརྩོན་གྱིས་མི་དམངས་ལ་ཞབས་འདེགས་ཞུ་དགོས།

རྒྱལ་ཁབ་ཀྱི་ལས་བྱེད་མི་སྣས་འགན་བཞེས་སྐབས་བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར་ཡོངས་བསྒྲགས་ཀྱིས་རྩ་ཁྲིམས་ལ་དམ་བཅའ་འཇོག་དགོས།

དོན་ཚན་ཉེར་བརྒྱད་པ།  རྒྱལ་ཁབ་ཀྱིས་སྤྱི་ཚོགས་ཀྱི་སྒྲིག་ལམ་སྲུང་སྐྱོང་བྱ་རྒྱུ་དང་། མེས་རྒྱལ་ལ་རྒྱབ་གཏོད་པ་དང་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་རྐྱེན་བཟོ་བའི་ཉེས་གསོག་སྤྱོད་ངན་གཞན་དག་དྲག་གནོན་བྱ་རྒྱུ།  སྤྱི་ཚོགས་ཀྱི་བདེ་འཇགས་ལ་གནོད་སྐྱེལ་བ་དང་།  སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་གཏོར་བརླག་གཏོང་བ།  དེ་མིན་གྱི་ཉེས་གསོག་སྤྱོད་ངན་བཅས་ལ་ཁྲིམས་འདོམས་བྱ་རྒྱུ།  ཉེས་ཅན་ལ་ཉེས་ཆད་གཅོད་རྒྱུ་དང་བསྒྱུར་བཀོད་གཏོང་རྒྱུ།

དོན་ཚན་ཉེར་དགུ་པ།  ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲག་པོའི་སྟོབས་ཤུགས་ནི་མི་དམངས་ལ་དབང་ཞིང་།  དེའི་ལས་འགན་ནི་རྒྱལ་མཚམས་བརྟན་སྲུང་བྱ་རྒྱུ་དང་།  བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ།  མེས་རྒྱལ་སྲུང་སྐྱོབ་བྱ་རྒྱུ།  མི་དམངས་རྣམས་ཞི་བདེའི་ངང་ངལ་རྩོལ་དུ་ཞུགས་པར་སྲུང་སྐྱོབ་བྱ་རྒྱུ།  རྒྱལ་ཁབ་འཛུགས་སྐྲུན་གྱི་བྱ་གཞག་ནང་ཞུགས་རྒྱུ།  ཧུར་ཐག་འབད་ཐག་གིས་མི་དམངས་ལ་ཞབས་འདེགས་ཞུ་རྒྱུ་བཅས་ཡིན།

རྒྱལ་ཁབ་ཀྱིས་དྲག་པོའི་སྟོབས་ཤུགས་གསར་བརྗེ་ཅན་དང་།  དེང་རབས་ཅན།  ཚད་ལྡན་ཅན་བཅས་སུ་འཛུགས་སྐྲུན་བྱེད་པར་ཤུགས་བསྣན་ཏེ་རྒྱལ་སྲུང་གི་སྟོབས་ཤུགས་ཆེ་རུ་གཏོང་རྒྱུ།

དོན་ཚན་སུམ་ཅུ་པ།  ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ས་ཁོངས་དབྱེ་སྟངས་གཤམ་གསལ།

⑴རྒྱལ་ཁབ་ཡོངས་ལ་ཞིང་ཆེན་དང་།  རང་སྐྱོང་ལྗོངས།  ཐད་སྐྱོང་གྲོང་ཁྱེར་བཅས་དབྱེ་རྒྱུ།

⑵ཞིང་ཆེན་དང་ རང་སྐྱོང་ལྗོངས་ལ་རང་སྐྱོང་ཁུལ་དང་།  རྫོང་།  རང་སྐྱོང་རྫོང་།  གྲོང་ཁྱེར་བཅས་དབྱེ་རྒྱུ།

⑶རྫོང་དང་རང་སྐྱོང་རྫོང་ལ་ཤང་དང་།  མི་རིགས་ཤང་།  གྲོང་རྡལ་བཅས་དབྱེ་རྒྱུ།

ཐད་སྐྱོང་གྲོང་ཁྱེར་དང་གྲོང་ཁྱེར་ཅུང་ཆེ་བ་རྣམས་ལ་ཆུས་དང་རྫོང་དབྱེ་རྒྱུ།  རང་སྐྱོང་ཁུལ་ལ་རྫོང་དང་།  རང་སྐྱོང་རྫོང་།  གྲོང་ཁྱེར་བཅས་དབྱེ་རྒྱུ།

རང་སྐྱོང་ལྗོངས་དང་།  རང་སྐྱོང་ཁུལ།  རང་སྐྱོང་རྫོང་བཅས་ཚང་མ་ནི་མི་རིགས་རང་སྐྱོང་གི་ས་གནས་ཡིན།

དོན་ཚན་སོ་གཅིག་པ།  རྒྱལ་ཁབ་ལ་དགོས་གལ་བྱུང་ཚེ་དམིགས་བསལ་སྲིད་འཛིན་ཁུལ་འཛུགས་རྒྱུ།  དམིགས་བསལ་སྲིད་འཛིན་ཁུལ་དུ་ལག་བསྟར་བྱ་རྒྱུའི་ལམ་ལུགས་ནི་གནས་ཚུལ་དངོས་ལ་གཞིགས་ཏེ་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱིས་བཅའ་ཁྲིམས་ཀྱི་ཐོག་ནས་གཏན་འབེབས་བྱ་རྒྱུ།

དོན་ཚན་སོ་གཉིས་པ།  ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཀྲུང་གོའི་མངའ་ཁོངས་སུ་ཡོད་པའི་ཕྱི་རྒྱལ་པའི་ཁྲིམས་མཐུན་ཁེ་དབང་དང་ཁེ་ཕན་སྲུང་སྐྱོང་བྱ་རྒྱུ།  ཀྲུང་གོའི་མངའ་ཁོངས་སུ་ཡོད་པའི་ཕྱི་རྒྱལ་པའི་ངེས་པར་དུ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ལ་བརྩི་སྲུང་ཞུ་དགོས།

ཆབ་སྲིད་ཐད་ཀྱི་རྒྱུ་རྐྱེན་གྱི་དབང་གིས་ཉེན་གཡོལ་གྱི་རེ་བ་ཞུ་བའི་ཕྱི་རྒྱལ་པར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་སྲུང་སྐྱོབ་ཏུ་ཚུད་པའི་ཁེ་དབང་སྤྲད་ཆོག

ལེའུ་གཉིས་པ།  སྤྱི་དམངས་ཀྱི་གཞི་རྩའི་ཁེ་དབང་དང་འོས་འགན།

དོན་ཚན་སོ་གསུམ་པ།  ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁོངས་སུ་གཏོགས་པའི་མི་ཚང་མ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ཡིན།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་རྣམས་བཅའ་ཁྲིམས་ཀྱི་མདུན་དུ་ཚང་མ་འདྲ་མཉམ་ཡིན།  རྒྱལ་ཁབ་ཀྱིས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་སྲུང་བྱ་རྒྱུ།

སྤྱི་དམངས་སུ་ལའང་རྩ་ཁྲིམས་དང་བཅའ་ཁྲིམས་ནང་གཏན་ལ་ཕབ་པའི་ཁེ་དབང་ལོངས་སུ་སྤྱོད་རྒྱུའི་དབང་ཆ་ཡོད་པ་དང་ཆབས་ཅིག་རྩ་ཁྲིམས་དང་བཅའ་ཁྲིམས་ནང་གཏན་ལ་ཕབ་པའི་འོས་འགན་རྣམས་ངེས་པར་དུ་བསྒྲུབ་དགོས།

དོན་ཚན་སོ་བཞི་པ།  ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རང་ལོ་འཁོར་མོ་བཅོ་བརྒྱད་ལོན་པའི་སྤྱི་དམངས་ཡིན་ཕྱིན།  མི་རིགས་དང་།  རིགས་རྒྱུད།  ཕོ་མོ།  ལས་རིགས།  ཁྱིམ་ཚང་གི་འབྱུང་ཁུངས།  ཆོས་དད།  སློབ་གསོའི་ཡོན་ཚད།  རྒྱུ་ནོར་མང་ཉུང་།  གཞིས་ཆགས་ཀྱི་དུས་ཡུན་བཅས་ཀྱི་དབྱེ་བ་མི་འབྱེད་པར་ཚང་མར་འདེམས་དབང་དང་གདམ་བྱའི་དབང་ཆ་ཡོད།  འོན་ཀྱང་བཅའ་ཁྲིམས་ལྟར་ཆབ་སྲིད་ཀྱི་དབང་ཆ་ཕྲོགས་ཟིན་པ་རྣམས་དེའི་གྲས་སུ་ཚུད་མེད།

དོན་ཚན་སོ་ལྔ་པ།  ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ལ་གཏམ་བརྗོད་དང་།  དཔེ་སྐྲུན།  འདུ་ཚོགས།  ཚོགས་འཛུགས།  ཁྲོམ་སྐོར།  རྔམ་སྟོན་བཅས་བྱེད་པའི་རང་དབང་ཡོད།

དོན་ཚན་སོ་དྲུག་པ།  ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ལ་ཆོས་དད་ཀྱི་རང་དབང་ཡོད།

རྒྱལ་ཁབ་ཀྱི་ལས་ཁུངས་དང་།  སྤྱི་ཚོགས་ཀྱི་ཚོགས་པ།  མི་སྒེར་བཅས་གང་ཡིན་རུང་བཙན་ཤེད་ཀྱིས་སྤྱི་དམངས་ལ་ཆོས་ལ་དད་མོས་བྱེད་དུ་འཇུག་པའམ་ཆོས་ལ་དད་མོས་བྱེད་དུ་མི་འཇུག་པ་བྱས་མི་ཆོག  ཆོས་ལ་དད་པ་ཡོད་པའི་སྤྱི་དམངས་དང་ཆོས་ལ་དད་པ་མེད་པའི་སྤྱི་དམངས་སུ་ལའང་མཐོང་ཆུང་བྱས་མི་ཆོག  རྒྱལ་ཁབ་ཀྱིས་ཆོས་ལུགས་ཀྱི་རྒྱུན་ལྡན་བྱེད་སྒོ་སྲུང་སྐྱོང་བྱ་རྒྱུ།  མི་སུ་ཡིན་རུང་ཆོས་ལུགས་ལ་བརྟེན་ནས་སྤྱི་ཚོགས་ཀྱི་སྒྲིག་ལམ་གཏོར་བཤིག་གཏོང་བ་དང་།  སྤྱི་དམངས་ཀྱི་ལུས་ཁམས་བདེ་ཐང་ལ་གནོད་འཚེ་གཏོང་བ།  རྒྱལ་ཁབ་ཀྱི་སློབ་གསོའི་ལམ་ལུགས་ལ་འགོག་རྐྱེན་བཟོ་བ་བཅས་ཀྱི་བྱ་བ་བྱས་མི་ཆོག  ཆོས་ལུགས་ཀྱི་ཚོགས་པ་དང་ཆོས་ལུགས་ཀྱི་ལས་དོན་ཐད་ཕྱི་རྒྱལ་གྱི་སྟོབས་ཤུགས་ཀྱི་བཀོད་པར་ཉན་མི་དགོས།

དོན་ཚན་སོ་བདུན་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ཀྱིས་རང་ལུས་རང་དབང་ལ་གནོད་འཚེ་འཁུར་མི་དགོས།

སྤྱི་དམངས་སུ་ཞིག་ཡིན་རུང་མི་དམངས་ཞིབ་དཔྱོད་ཁང་གིས་ཆོག་མཆན་བཀོད་པའམ་ཐག་བཅད་པ་དང་ཡང་ན་མི་དམངས་ཁྲིམས་ཁང་གིས་ཐག་བཅད་པའི་ཐོག་སྤྱི་བདེ་ལས་ཁུངས་ཀྱིས་ལག་བསྟར་བྱས་ན་མ་གཏོགས་འཛིན་བཟུང་འཁུར་མི་དགོས།

ཁྲིམས་འགལ་གྱིས་བཀག་སྐྱིལ་བྱེད་པ་དང་བྱེད་ཐབས་གཞན་ལ་བརྟེན་ནས་ཁྲིམས་འགལ་གྱིས་སྤྱི་དམངས་ཀྱི་རང་ལུས་རང་དབང་བཙན་འཕྲོག་བྱེད་པའམ་ཚོད་འཛིན་བྱེད་པ་གཏན་འགོག་དང་། ཁྲིམས་འགལ་གྱིས་སྤྱི་དམངས་ལ་ལུས་བཤེར་བྱེད་པ་གཏན་འགོག་བྱ་རྒྱུ།

དོན་ཚན་སོ་བརྒྱད་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ཀྱིས་མིའི་ཐོབ་ཐང་དང་ལ་རྒྱར་བཙན་གནོད་འཁུར་མི་དགོས། སྤྱི་དམངས་ལ་བྱེད་ཐབས་གང་དང་གང་ཞིག་སྤྱད་ནས་བརྙས་བཅོས་དང་དམའ་འབེབས་བྱེད་པ་དང་། སྙོན་འཛུགས་ཞུ་གཏུག་དང་མ་ཉེས་ཁག་གཡོགས་བྱེད་པ་གཏན་འགོག་བྱ་རྒྱུ།

དོན་ཚན་སོ་དགུ་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ཀྱིས་སྡོད་ཁང་ལ་བཙན་གནོད་འཁུར་མི་དགོས། ཁྲིམས་འགལ་གྱིས་སྤྱི་དམངས་ཀྱི་སྡོད་ཁང་ནང་སྔོག་བཤེར་བྱེད་པའམ་བཙན་འཛུལ་བྱེད་པ་གཏན་འགོག་བྱ་རྒྱུ།

དོན་ཚན་བཞི་བཅུ་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ཀྱི་ཡིག་འགྲུལ་གྱི་རང་དབང་དང་འཕྲིན་ཡིག་གི་གསང་དོན་ལ་བཅའ་ཁྲིམས་ཀྱིས་སྲུང་སྐྱོང་བྱ་རྒྱུ། རྒྱལ་ཁབ་ཀྱི་བདེ་འཇགས་སམ་ཉེས་དོན་གྱི་ཉེས་སྤྱོད་རྩད་གཅོད་བྱེད་དགོས་པའི་རྐྱེན་གྱིས་སྤྱི་བདེ་ལས་ཁུངས་སམ་ཞིབ་དཔྱོད་ལས་ཁུངས་ནས་བཅའ་ཁྲིམས་ཀྱི་གཏན་འབེབས་གོ་རིམ་ལྟར་འཕྲིན་ཡིག་ལ་ཞིབ་བཤེར་བྱ་རྒྱུ་ཕུད། རྩ་འཛུགས་གང་ཞིག་དང་སྐྱེ་བོ་སུ་ཞིག་གིས་ཀྱང་རྒྱུ་མཚན་གང་རུང་ཞིག་ལ་ཁ་གཡར་ནས་སྤྱི་དམངས་ཀྱི་ཡིག་འགྲུལ་གྱི་རང་དབང་དང་འཕྲིན་ཡིག་གི་གསང་དོན་ལ་གནོད་པ་བསྐྱལ་མི་ཆོག

དོན་ཚན་ཞེ་གཅིག་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ལ་རྒྱལ་ཁབ་ཀྱི་ལས་ཁུངས་གང་ཡང་རུང་བ་དང་རྒྱལ་ཁབ་ཀྱི་ལས་བྱེད་མི་སྣ་སུ་ཡང་རུང་བར་སྐྱོན་བརྗོད་དང་བསམ་འཆར་འདོན་པའི་ཁེ་དབང་ཡོད་པ་དང་། རྒྱལ་ཁབ་ཀྱི་ལས་ཁུངས་གང་ཞིག་དང་རྒྱལ་ཁབ་ཀྱི་ལས་སྒྲུབ་པ་སུ་ཞིག་ཡིན་རུང་ཁྲིམས་འགལ་འགན་འཛོལ་གྱི་བྱ་སྤྱོད་བྱུང་ན། རྒྱལ་ཁབ་ཀྱི་འབྲེལ་ཡོད་ལས་ཁུངས་ལ་དེའི་གནས་ལུགས་ཞུ་བ་དང་ཞུ་གཏུག་བྱེད་པའམ་ཉེས་སྐྱོན་འདོན་པའི་ཁེ་དབང་ཡོད། འོན་ཀྱང་དོན་དངོས་རྫུན་བཟོའམ་འཁྱོག་བཤད་བྱས་ནས་གཞན་ལ་སྙོན་འཛུགས་ཞུ་གཏུག་དང་མ་ཉེས་ཁག་གཡོགས་བྱས་མི་ཆོག

སྤྱི་དམངས་ཀྱིས་གནས་ལུགས་ཞུས་པ་དང་ཞུ་གཏུག་བྱས་པའམ་ཡང་ན་ཉེས་སྐྱོན་བཏོན་པ་རྣམས་རྒྱལ་ཁབ་ཀྱི་འབྲེལ་ཡོད་ལས་ཁུངས་ཀྱིས་ངེས་པར་དུ་དོན་དངོས་ཞིབ་རྩད་བྱས་ཐོག་ཐག་གཅོད་བྱ་རྒྱུའི་འགན་འཁུར་དགོས། སྐྱེ་བོ་སུ་ཞིག་གིས་ཀྱང་འགོག་གནོན་དང་རྡུང་རྡེག་འཁོན་སློག་བྱས་མི་ཆོག

རྒྱལ་ཁབ་ཀྱི་ལས་ཁུངས་དང་རྒྱལ་ཁབ་ཀྱི་ལས་བྱེད་མི་སྣས་སྤྱི་དམངས་ཀྱི་ཁེ་དབང་ལ་བཙན་གནོད་བྱས་པའི་དབང་གིས་གྱོང་གུན་ཕོག་པའི་མི་ལ་བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར་སྐྱིན་ཚབ་ལེན་པའི་ཁེ་དབང་ཡོད།

དོན་ཚན་ཞེ་གཉིས་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ལ་ངལ་རྩོལ་བྱེད་པའི་ཁེ་དབང་དང་འོས་འགན་ཡོད།

རྒྱལ་ཁབ་ཀྱིས་ཐབས་ལམ་སྣ་ཚོགས་ལ་བརྟེན་ནས་ངལ་རྩོལ་དང་ལས་ཞུགས་ཀྱི་ཆ་རྐྱེན་བསྐྲུན་རྒྱུ་དང་། ངལ་རྩོལ་གྱི་བདེ་སྲུང་བྱེད་ཤུགས་ཆེར་གཏོང་། ངལ་རྩོལ་གྱི་ཆ་རྐྱེན་ལེགས་སུ་བཅོས་རྒྱུ་མ་ཟད། ཐོན་སྐྱེད་གོང་དུ་སྤེལ་བའི་རྨང་གཞིའི་ཐོག་ངལ་རྩོལ་ཐོབ་ཆ་སྤར་ཐབས་དང་ཕན་བདེའི་ལྟ་སྐྱོང་ཇེ་ལེགས་སུ་གཏོང་རྒྱུ།

ངལ་རྩོལ་བྱ་རྒྱུ་ནི་ངལ་རྩོལ་བྱེད་ནུས་ཡོད་པའི་སྤྱི་དམངས་ཚང་མའི་གཟི་བརྗིད་ལྡན་པའི་འགན་འཁྲི་ཡིན། རྒྱལ་ཁབ་ལ་དབང་བའི་ཁེ་ལས་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཐུན་མོང་དཔལ་འབྱོར་གྱི་རྩ་འཛུགས་ནང་གི་ངལ་རྩོལ་པ་ཚང་མས་རྒྱལ་ཁབ་ཀྱི་བདག་པོའི་རྣམ་འགྱུར་བཟུང་ནས་རང་གི་ངལ་རྩོལ་ལ་ལྟ་སྟངས་འཛིན་དགོས། རྒྱལ་ཁབ་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་ངལ་རྩོལ་འགྲན་བསྡུར་བྱ་རྒྱུ་དར་སྤེལ་དང་། ངལ་རྩོལ་དཔེ་བཟང་དང་སྔོན་ཐོན་ལས་བྱེད་མི་སྣ་ལ་གཟེངས་བསྟོད་བྱ་རྒྱུ། རྒྱལ་ཁབ་ཀྱིས་སྤྱི་དམངས་རྣམས་ཀྱིས་འོས་འགན་ངལ་རྩོལ་བྱེད་སྲོལ་དར་སྤེལ་གཏོང་རྒྱུ།

རྒྱལ་ཁབ་ཀྱིས་ལས་ཀར་མ་ཞུགས་གོང་གི་སྤྱི་དམངས་ལ་ངལ་རྩོལ་ལས་ཞུགས་སྐོར་གྱི་ཉེར་མཁོའི་སྦྱོང་བརྡར་བྱ་རྒྱུ།

དོན་ཚན་ཞེ་གསུམ་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ངལ་རྩོལ་པར་ངལ་གསོ་བྱེད་པའི་ཁེ་དབང་ཡོད།

རྒྱལ་ཁབ་ཀྱིས་ངལ་རྩོལ་པའི་ངལ་གསོ་དང་ལུས་གསོའི་སྒྲིག་བཀོད་གོང་དུ་སྤེལ་རྒྱུ་དང་། ལས་བཟོ་པའི་ལས་ཀ་བྱེད་ཡུན་དང་གུང་སེང་ལམ་ལུགས་གཏན་ལ་འབེབས་རྒྱུ།

དོན་ཚན་ཞེ་བཞི་པ། རྒྱལ་ཁབ་ཀྱིས་བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར་ཁེ་ལས་དང་བྱ་ལས་ཀྱི་རྩ་འཛུགས་ཀྱི་ལས་བཟོ་པ་དང་རྒྱལ་ཁབ་ལས་ཁུངས་ཀྱི་ལས་བྱེད་མི་སྣའི་ལས་འཁྱུར་ངལ་གསོའི་ལམ་ལུགས་ལག་ལེན་བསྟར་རྒྱུ། ལས་འཁྱུར་ངལ་གསོ་བྱེད་མཁན་གྱི་འཚོ་བར་རྒྱལ་ཁབ་དང་སྤྱི་ཚོགས་ཀྱིས་འགན་སྲུང་བྱ་རྒྱུ།

དོན་ཚན་ཞེ་ལྔ་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ལ་ལོ་ན་རྒས་པ་དང་། ནད་ཀྱིས་མནར་བའམ་ངལ་རྩོལ་གྱི་ནུས་པ་ཤོར་བ་བཅས་བྱུང་ཚེ། རྒྱལ་ཁབ་དང་སྤྱི་ཚོགས་ནས་དངོས་པོའི་རོགས་རམ་འཐོབ་པའི་ཁེ་དབང་ཡོད། རྒྱལ་ཁབ་ནས་སྤྱི་དམངས་ཀྱིས་ཁེ་དབང་དེ་དག་ལོངས་སུ་སྤྱོད་རྒྱུར་མཁོ་བའི་སྤྱི་ཚོགས་འགན་བཅོལ་དང་། སྤྱི་ཚོགས་རྒུད་སྐྱོབ། སྨན་བཅོས་འཕྲོད་བསྟེན་བཅས་ཀྱི་བྱ་བཞག་གོང་དུ་སྤེལ་རྒྱུ།

རྒྱལ་ཁབ་དང་སྤྱི་ཚོགས་ཀྱིས་དབང་པོ་སྐྱོན་ཅན་གྱི་དམག་མིའི་འཚོ་བར་འགན་ལེན་བྱ་རྒྱུ་དང་། སྐུ་བཤེགས་དཔལ་བོའི་ཁྱིམ་མིར་གུན་གསབ་དང་ལྟ་སྐྱོང་བྱ་རྒྱུ། དམག་མིའི་ཁྱིམ་མིར་དམིགས་བསལ་ལྟ་སྐྱོང་བྱ་རྒྱུ།

རྒྱལ་ཁབ་དང་སྤྱི་ཚོགས་ཀྱིས་ལོང་བ་དང་། འོན་པ། ལྐུགས་པ་བཅས་དང་དབང་པོར་སྐྱོན་ཡོད་པའི་སྤྱི་དམངས་གཞན་རྣམས་ལ་ངལ་རྩོལ་དང་། འཚོ་བ། སློབ་གསོ་བཅས་བཀོད་སྒྲིག་བྱེད་རོགས་བྱ་རྒྱུ།  

དོན་ཚན་ཞེ་དྲུག་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ལ་སློབ་གསོ་ཐོབ་པའི་ཁེ་དབང་དང་འོས་འགན་ཡོད།

རྒྱལ་ཁབ་ཀྱིས་ན་གཞོན་དང་། ན་ཆུང་། བྱིས་པ་བཅས་ཀུན་སྤྱོད་དང་། ཤེས་རིག གཟུགས་གཞི་སོགས་ཕྱོགས་ཡོངས་ནས་ཡར་རྒྱས་ཡོང་བར་གསོ་སྐྱོང་བྱ་རྒྱུ།

དོན་ཚན་ཞེ་བདུན་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ལ་ཚན་རིག་ཞིབ་འཇུག་དང་། རྩོམ་རིག་སྒྱུ་རྩལ་གསར་རྩོམ། རིག་གནས་ཀྱི་བྱེད་སྒོ་གཞན་དག་བཅས་སྤེལ་བའི་རང་དབང་ཡོད། སློབ་གསོ་དང་། ཚན་རིག ལག་རྩལ། རྩོམ་རིག སྒྱུ་རྩལ། རིག་གནས་ཀྱི་བྱ་གཞག་གཞན་པ་བཅས་དོན་དུ་གཉེར་མཁན་སྤྱི་དམངས་ཀྱིས་མི་དམངས་ལ་ཕན་པའི་གསར་སྐྲུན་རང་བཞིན་གྱི་ལས་ཀ་བྱེད་པར་རྒྱལ་ཁབ་ནས་བསྔགས་སྐུལ་དང་རོགས་རམ་བྱ་རྒྱུ།

དོན་ཚན་ཞེ་བརྒྱད་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བུད་མེད་རྣམས་ཀྱིས་ཆབ་སྲིད་དང་། དཔལ་འབྱོར། རིག་གནས། སྤྱི་ཚོགས། ཁྱིམ་ཚང་བཅས་ཀྱི་འཚོ་བ་སོགས་གང་ས་ཅི་ཐད་ནས་སྐྱེས་པ་དང་འདྲ་བའི་ཁེ་དབང་ལོངས་སུ་སྤྱོད་རྒྱུ།

རྒྱལ་ཁབ་ཀྱིས་བུད་མེད་ཀྱི་ཁེ་དབང་དང་ཁེ་ཕན་སྲུང་སྐྱོང་བྱས་ཏེ་སྐྱེས་པ་དང་བུད་མེད་ལས་ཀ་འདྲ་བར་ཐོབ་ཆ་འདྲ་འདྲ་སྤྲོད་རྒྱུ་དང་། བུད་མེད་ལས་བྱེད་པ་གསོ་སྐྱོང་དང་འདེམས་སྒྲུག་བྱ་རྒྱུ།

དོན་ཚན་ཞེ་དགུ་པ། གཉེན་སྒྲིག་དང་། ཁྱིམ་ཚང་། ཨ་མ། བྱིས་པ་བཅས་རྒྱལ་ཁབ་ཀྱིས་སྲུང་སྐྱོང་བྱ་རྒྱུ།

ཁྱོ་ཤུག་གཉིས་ཀར་འཆར་ལྡན་བུ་བཙའ་བྱ་རྒྱུའི་འོས་འགན་ཡོད།

ཕ་མ་ལ་ན་སོ་མ་སོན་པའི་བུ་ཕྲུག་གསོ་སྐྱོང་དང་སློབ་གསོ་བྱ་རྒྱུའི་འོས་འགན་ཡོད་པ་དང་། ན་སོ་སོན་པའི་བུ་ཕྲུག་ལ་ཕ་མ་གསོ་བ་དང་ཕ་མར་རོགས་སྐྱོར་བྱེད་པའི་འོས་འགན་ཡོད།

གཉེན་སྒྲིག་རང་དབང་ལ་གཏོར་བཤིག་གཏོང་བ་དང་། རྒན་རྒོན་དང་། བུད་མེད། བྱིས་པ་བཅས་ལ་བརྙས་བཅོས་བྱེད་པ་གཏན་འགོག་བྱ་རྒྱུ།

དོན་ཚན་ལྔ་བཅུ་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཕྱིར་སྡོད་རང་མིའི་བབ་འོས་ཀྱི་ཁེ་དབང་དང་ཁེ་ཕན་སྲུང་སྐྱོང་བྱ་རྒྱུ་དང་། མེས་རྒྱལ་དུ་ཕྱིར་ལོག་པའི་ཕྱིར་སྡོད་རང་མི་དང་ཕྱིར་སྡོད་རང་མིའི་ཁྱིམ་མིའི་ཁྲིམས་མཐུན་གྱི་ཁེ་དབང་དང་ཁེ་ཕན་སྲུང་སྐྱོང་བྱ་རྒྱུ།

དོན་ཚན་ང་གཅིག་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ཀྱིས་རང་དབང་དང་ཁེ་དབང་ལོངས་སུ་སྤྱོད་དུས་རྒྱལ་ཁབ་དང་། སྤྱི་ཚོགས། ཐུན་མོང་བཅས་ཀྱི་ཁེ་ཕན་དང་སྤྱི་དམངས་གཞན་གྱི་ཁྲིམས་མཐུན་རང་དབང་དང་ཁེ་དབང་ལ་གནོད་འཚེ་བྱས་མི་ཆོག

དོན་ཚན་ང་གཉིས་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ལ་རྒྱལ་ཁབ་གཅིག་གྱུར་དང་རྒྱལ་ཡོངས་མི་རིགས་ཁག་གི་མཐུན་སྒྲིལ་སྲུང་སྐྱོང་བྱེད་པའི་འོས་འགན་ཡོད།

དོན་ཚན་ང་གསུམ་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ཀྱིས་ངེས་པར་དུ་རྩ་ཁྲིམས་དང་བཅའ་ཁྲིམས་ལ་བརྩི་སྲུང་དང་། རྒྱལ་ཁབ་ཀྱི་གསང་དོན་དམ་སྲུང་། སྤྱི་བའི་རྒྱུ་ནོར་ལ་གཅེས་སྤྲས། ངལ་རྩོལ་གྱི་སྒྲིག་ཁྲིམས་ལ་བརྩི་སྲུང་། སྤྱི་བའི་སྒྲིག་ལམ་ལ་བརྩི་སྲུང་། སྤྱི་ཚོགས་ཀྱི་སྤྱིའི་སྤྱོད་བཟང་ལ་བརྩི་འཇོག་བཅས་བྱ་རྒྱུ།

དོན་ཚན་ང་བཞི་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ལ་མེས་རྒྱལ་གྱི་བདེ་འཇགས་དང་། མཚན་སྙན། ཁེ་ཕན་བཅས་སྲུང་སྐྱོང་བྱེད་པའི་འོས་འགན་ཡོད། མེས་རྒྱལ་གྱི་བདེ་འཇགས་དང་། མཚན་སྙན། ཁེ་ཕན་བཅས་ལ་གནོད་པའི་བྱ་བ་བྱས་མི་ཆོག

དོན་ཚན་ང་ལྔ་པ། མེས་རྒྱལ་སྲུང་སྐྱོབ་དང་། བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ཀུན་གྱི་ལས་འགན་མཆོག་ཏུ་གྱུར་པ་ཞིག་ཡིན།

བཅའ་ཁྲིམས་ལྟར་དམག་སྐུལ་དང་ལེན་དང་ཡུལ་དམག་རྩ་འཛུགས་ནང་ཞུགས་རྒྱུ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ཀྱི་འོས་འགན་གཟི་བརྗིད་ཅན་ཞིག་ཡིན།

དོན་ཚན་ང་དྲུག་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ལ་བཅའ་ཁྲིམས་ལྟར་དཔྱ་ཁྲལ་འཇལ་བའི་འོས་འགན་ཡོད།

ལེའུ་གསུམ་པ། རྒྱལ་ཁབ་ཀྱི་སྒྲིག་གཞི།

ས་བཅད་དང་པོ། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན།

དོན་ཚན་ང་བདུན་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་ནི་རྒྱལ་ཁབ་ཀྱི་དབང་འཛིན་ལས་ཁུངས་མཐོ་ཤོས་ཡིན། དེའི་རྒྱུན་གནས་ལས་ཁུངས་ནི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཡིན།

དོན་ཚན་ང་བརྒྱད་པ། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་དང་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་སུ་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཁབ་ཀྱི་ཁྲིམས་འཛུགས་དབང་ཆ་སྤྱོད་རྒྱུ།

དོན་ཚན་ང་དགུ་པ། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་ནི་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར། དམིགས་གསལ་སྲིད་འཛིན་ཁུལ། དམག་དཔུང་བཅས་ཀྱིས་བདམས་པའི་འཐུས་མི་ལས་འགྲུབ་རྒྱུ། གྲངས་ཉུང་མི་རིགས་ཁག་ཚང་མར་འཐུས་མིའི་ཁ་གྲངས་འོས་འཚམ་རེ་ཡོད་དགོས།

རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་འཐུས་མི་འདེམས་བསྐོའི་གཙོ་འགན་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱན་ལས་ཨུ་ཡོན་ལྷན་ཁང་གིས་འཁུར་རྒྱུ།

རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་འཐུས་མིའི་ཁ་གྲངས་དང་འཐུས་མི་འབྱུང་ཐབས་རྣམས་བཅའ་ཁྲིམས་ཀྱིས་གཏན་ལ་འབེབས་རྒྱུ།

དོན་ཚན་དྲུག་ཅུ་པ། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་རེའི་འགན་འཛིན་ཡུན་ཚད་ནི་ལོ་ལྔ་རེ་ཡིན།

རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་འགན་འཛིན་ཡུན་ཚད་མ་རྫོགས་གོང་གི་ཟླ་བ་གཉིས་ཀྱི་སྔོན་ལ་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ངེས་པར་དུ་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་རྗེས་མའི་འཐུས་མི་བདམས་ཟིན་པར་བྱེད་དགོས། གལ་ཏེ་འདེམས་བསྐོ་བྱེད་མི་ཐུབ་པའི་དམིགས་གསལ་གྱི་གནས་ཚུལ་བྱུང་ན། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་སྤྱིའི་གསུམ་ཆ་གཉིས་ཡན་གྱིས་གྲོས་འཆམ་བྱུང་རྗེས་འདེམས་བསྐོ་བྱ་རྒྱུ་ནར་འགྱངས་བྱས་ཆོག་པ་དང་། སྐབས་དེའི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་འགན་འཛིན་ཡུན་ཚད་རིང་དུ་བསྲིང་རྒྱུ། དམིགས་གསལ་གྱི་གནས་ཚུལ་མཇུག་གྲིལ་རྗེས་ཀྱི་ལོ་གཅིག་ཚུན་ལ་ངེས་པར་དུ་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་རྗེས་མའི་འཐུས་མི་བདམས་ཟིན་པར་བྱེད་དགོས།

དོན་ཚན་རེ་གཅིག་པ། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་གྲོས་ཚོགས་ལོ་རེར་ཐེངས་རེ་འཚོག་རྒྱུ་དང་། གྲོས་ཚོགས་དེ་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་བསྡུ་རྒྱུ། གལ་ཏེ་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་དགོས་གལ་འདུག་སྙམ་པའམ། ཡང་ན་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་སྤྱིའི་ལྔ་ཆ་གཅིག་ཡན་གྱིས་གྲོས་མགོ་བཏོན་ཚེ། སྐབས་ཐོག་ཏུ་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་གྲོས་ཚོགས་བསྡུས་ཆོག

རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་གྲོས་ཚོགས་འཚོག་པའི་སྐབས་སུ་ཀྲུའུ་ཞིའི་ཚོགས་པ་བདམས་ནས་གྲོས་ཚོགས་གཙོ་སྐྱོང་བྱ་རྒྱུ།

དོན་ཚན་རེ་གཉིས་པ། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱིས་གཤམ་གསལ་གྱི་འགན་དབང་སྤྱོད་རྒྱུ།

(1) རྩ་ཁྲིམས་ལ་བཟོ་བཅོས་བྱ་རྒྱུ།

(2) རྩ་ཁྲིམས་དོན་འཁྱོལ་བྱེད་པར་ལྟ་སྐུལ་བྱ་རྒྱུ།

(3) ཉེས་དོན་དང་། དམངས་དོན། རྒྱལ་ཁབ་ཀྱི་སྒྲིག་གཞི་བཅས་ཀྱི་གཞི་རྩའི་བཅའ་ཁྲིམས་དང་དེ་མིན་གྱི་གཞི་རྩའི་བཅའ་ཁྲིམས་གཏན་ལ་འབེབས་རྒྱུ་དང་བཟོ་བཅོས་བྱ་རྒྱུ།

(4) ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་དང་ཀྲུའུ་ཞི་གཞོན་པ་འདེམས་བསྐོ་བྱ་རྒྱུ།

(5) ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞིས་མིང་བཏོན་པར་བརྟེན་ནས་རྒྱལ་སྲིད་སྤྱི་ཁྱང་ཁང་གི་ཙུང་ལིའི་འོས་མི་གཏན་ལ་འབེབས་རྒྱུ་དང་། རྒྱལ་སྲིད་སྤྱི་ཁྱང་ཁང་གི་ཙུང་ལིས་མིང་བཏོན་པར་བརྟེན་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་དང་། རྒྱལ་དོན་ཨུ་ཡོན། པུའུ་ཁག་གི་པུའུ་ཀྲང་། ཨུ་ཡོན་ལྷན་ཁང་ཁག་གི་ཀྲུའུ་རིན། རྩིས་བཤེར་མགོ་འཛིན། དྲུང་ཡིག་ཆེན་མོ་བཅས་ཀྱི་འོས་མི་གཏན་ལ་འབེབས་རྒྱུ།

(6) ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་འདེམས་བསྐོ་བྱ་རྒྱུ། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིས་མིང་བཏོན་པར་བརྟེན་ནས་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཁོངས་མི་གཞན་དག་གི་འོས་མི་གཏན་ལ་འབེབས་རྒྱུ།

(7) རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་འདེམས་བསྐོ་བྱ་རྒྱུ།

(8) ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་མགོ་འཛིན་འདེམས་བསྐོ་བྱ་རྒྱུ།

(9) ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་མགོ་འཛིན་འདེམས་བསྐོ་བྱ་རྒྱུ།

(10) རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་འཆར་གཞི་དང་། འཆར་གཞི་ལག་ལེན་བསྟར་ཚུལ་གྱི་སྙན་ཞུ་ལ་ཞིབ་བཤེར་དང་ཆོག་མཆན་འགོད་རྒྱུ།

(11) རྒྱལ་ཁབ་ཀྱི་སྔོན་རྩིས་དང་སྔོན་རྩིས་ལག་ལེན་བསྟར་ཚུལ་གྱི་སྙན་ཞུ་ལ་ཞིབ་བཤེར་དང་ཆོག་མཆན་འགོད་རྒྱུ།

(12) རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཆོད་དོན་འོས་འཚམ་མིན་པ་རྣམས་བཟོ་བཅོས་སམ་ཕྱིར་འཐེན་བྱ་རྒྱུ།

(13) ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་འཛུགས་པ་ལ་ཆོག་མཆན་འགོད་རྒྱུ།

(14) དམིགས་གསལ་སྲིད་འཛིན་ཁུལ་འཛུགས་རྒྱུ་དང་དེའི་ལམ་ལུགས་གཏན་ཁེལ་བྱ་རྒྱུ།

(15) དམག་འཁྲུག་དང་ཞི་བདེའི་གནད་དོན་ཐག་གཅོད་རྒྱུ།

(16) རྒྱལ་ཁབ་ཀྱི་དབང་འཛིན་ལས་ཁུངས་མཐོ་ཤོས་ཀྱིས་སྤྱོད་འོས་པའི་འགན་དབང་གཞན་དག་སྤྱོད་རྒྱུ།

དོན་ཚན་རེ་གསུམ་པ། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་ལ་གཤམ་གསལ་གྱི་མི་སྣ་གནས་དབྱུང་གཏོང་རྒྱུའི་དབང་ཆ་ཡོད།

(1)  ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་དང་ཀྲུའུ་ཞི་གཞོན་པ།

(2) རྒྱལ་སྲིད་སྤྱི་ཁྱང་ཁང་གི་ཙུང་ལི་དང་། ཙུང་ལི་གཞོན་པ་དང་། རྒྱལ་དོན་ཨུ་ཡོན། པུའུ་ཁག་གི་པུའུ་ཀྲང་། ཨུ་ཡོན་ལྷན་ཁང་ཁག་གི་ཀྲུའུ་རིན། རྩིས་བཤེར་མགོ་འཛིན། དྲུང་ཡིག་ཆེན་མོ།

(3) ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཁོངས་མི་གཞན་དག

(4) རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན།

(5) ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་མགོ་འཛིན།

(6) ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་མགོ་འཛིན།

དོན་ཚན་རེ་བཞི་པ། རྩ་ཁྲིམས་ལ་བཟོ་བཅོས་རྒྱག་པར་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ངམ་ཡང་ན་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་འཐུས་མི་སྤྱིའི་ལྔ་ཆ་གཅིག་ཡན་གྱིས་གྲོས་མགོ་བཏོན་ཐོག་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་ཐོག་འཐུས་མི་སྤྱིའི་གསུམ་ཆ་གཉིས་ཡན་གྱི་གྲོས་འཆམ་ཡང་འཐོབ་དགོས།

བཅའ་ཁྲིམས་དང་གྲོས་གཞི་གཞན་དག་ལ་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་འཐུས་མི་སྤྱིའི་མི་གྲངས་ཕྱེད་ཀ་ཡན་གྱི་གྲོས་འཆམ་འཐོབ་དགོས།

དོན་ཚན་རེ་ལྔ་པ། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ནི་གཤམ་གསལ་གྱི་མི་སྣ་རྣམས་ལས་འགྲུབ་རྒྱུ།

ཨུ་ཡོན་ཀྲང་དང་།

ཨུ་ཡོན་ཀྲང་གཞོན་པ་དུ་མ།

དྲུང་ཡིག་ཆེན་མོ།

ཨུ་ཡོན་དུ་མ་བཅས་ཡིན།

རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་ནང་དུ་གྲངས་ཉུང་མི་རིགས་ཀྱི་འཐུས་མི་ཁ་གྲངས་འོས་འཚམ་ཞིག་ཡོད་དགོས།

རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱིས་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་འདེམས་བསྐོ་བྱ་རྒྱུ་མ་ཟད། གནས་དབྱུང་གཏོང་རྒྱུའི་དབང་ཆའང་ཡོད།

རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མིས་རྒྱལ་ཁབ་ཀྱི་སྲིད་འཛིན་ལས་ཁུངས་དང་། ལྟ་ཞིབ་ལས་ཁུངས། འདྲི་གཅོད་ལས་ཁུངས། ཞིབ་དཔྱོད་ལས་ཁུངས་བཅས་ཀྱི་ལས་གནས་བཟུང་མི་ཆོག

དོན་ཚན་རེ་དྲུག་པ། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་སྐབས་རེའི་འགན་འཛིན་ཡུན་ཚད་ནི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་རེའི་འགན་འཛིན་ཡུན་ཚད་དང་གཅིག་མཚུངས་ཡིན་ཞིང་། འགན་དབང་སྤྱོད་ཡུན་ནི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་རྗེས་མས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གསར་དུ་འདེམས་བསྐོ་མ་བྱས་པའི་བར་ཡིན།

ཨུ་ཡོན་ཀྲང་དང་ཨུ་ཡོན་ཀྲང་གཞོན་པས་བསྟུན་མར་འགན་འཛིན་བྱེད་པའི་ཡུན་ཚད་སྐབས་གཉིས་ལས་བརྒལ་མི་ཆོག

དོན་ཚན་རེ་བདུན་པ། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གཤམ་གསལ་གྱི་འགན་དབང་སྤྱོད་རྒྱུ།

(1) རྩ་ཁྲིམས་ལ་འགྲེལ་བཤད་བྱ་རྒྱུ་དང་རྩ་ཁྲིམས་དོན་འཁྱོལ་བྱས་ཚུལ་ལ་ལྟ་སྐུལ་བྱ་རྒྱུ།

(2) རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱིས་གཏན་ལ་འབེབས་དགོས་པའི་བཅའ་ཁྲིམས་ནང་ཚུད་མེད་པའི་བཅའ་ཁྲིམས་གཞན་དག་རྣམས་གཏན་འབེབས་དང་བཟོ་བཅོས་བྱ་རྒྱུ།

(3) རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་གྲོས་ཚོགས་གྲོལ་རྗེས་ཀྱི་རིང་ལ་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱིས་གཏན་ལ་ཕབ་པའི་བཅའ་ཁྲིམས་ལ་ཁ་སྣོན་དང་བཟོ་བཅོས་ཆ་ཤས་རྒྱག་རྒྱུ། ཡིན་ནའང་བཅའ་ཁྲིམས་དེའི་གཞི་རྩའི་རྩ་དོན་དང་འགལ་མི་ཆོག

(4) བཅའ་ཁྲིམས་ལ་འགྲེལ་བཤད་བྱ་རྒྱུ།

(5) རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་གྲོས་ཚོགས་གྲོལ་རྗེས་ཀྱི་རིང་ལ་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་འཆར་གཞི་དང་། རྒྱལ་ཁབ་ཀྱི་སྔོན་རྩིས་ལག་ལེན་བསྟར་བའི་བྱ་རིམ་ནང་དགོས་ངེས་ཀྱི་ལེགས་སྒྲིག་ཁ་ཤས་བྱ་རྒྱུའི་ཇུས་གཞིར་ཞིབ་བཤེར་དང་ཆོག་མཆན་འགོད་རྒྱུ།

(6) རྒྱལ་སྲིད་སྤྱི་ཁྱབ་ཁང་དང་། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་། རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་ལས་ཀར་ལྟ་སྐུལ་བྱ་རྒྱུ།

⑺ རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཏན་ལ་ཕབ་པའི་སྲིད་འཛིན་ཁྲིམས་སྲོལ་དང་། ཆོད་དོན། བཀའ་རྒྱ་བཅས་རྩ་ཁྲིམས་དང་བཅའ་ཁྲིམས་དང་འགལ་ཟླར་གྱུར་པ་རྣམས་ཕྱིར་འཐེན་བྱ་རྒྱུ།

⑻ ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་རྒྱལ་ཁབ་དབང་འཛིན་ལས་ཁུངས་ཀྱིས་གཏན་ལ་ཕབ་པའི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དང་གྲོས་ཆོད་སོགས་རྩ་ཁྲིམས་དང་། བཅའ་ཁྲིམས། སྲིད་འཛིན་ཁྲིམས་སྲོལ་བཅས་དང་འགལ་ཟླར་གྱུར་པ་རྣམས་ཕྱིར་འཐེན་བྱ་རྒྱུ།

⑼ རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་གྲོས་ཚོགས་གྲོལ་རྗེས་ཀྱི་རིང་ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལིས་མིང་བཏོན་པར་བརྟེན་ནས་པུའུ་ཀྲང་དང་། ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན། རྩིས་བཤེར་མགོ་འཛིན། དྲུང་ཡིག་ཆེན་མོ་བཅས་ཀྱི་འོས་མི་གཏན་ལ་འབེབས་རྒྱུ།

⑽ རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་གྲོས་ཚོགས་གྲོལ་རྗེས་ཀྱི་རིང་ལ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིས་མིང་བཏོན་པར་བརྟེན་ནས་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཁོངས་མི་གཞན་དག་གི་འོས་མི་གཏན་ལ་འབེབས་རྒྱུ།

⑾ རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གྱིས་རེ་འདུན་ཞུས་པར་གཞིགས་ནས་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་དང་ཨུ་ཡོན་བསྐོ་འཐེན་བྱ་རྒྱུ།

⑿ ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་མགོ་འཛིན་གྱིས་རེ་འདུན་ཞུས་པར་གཞིགས་ནས་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་མགོ་འཛིན་གཞོན་པ་དང་། འདྲི་གཅོད་པ། འདྲི་གཅོད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། དམག་དོན་ཁྲིམས་ཁང་གི་མགོ་འཛིན་བཅས་བསྐོ་འཐེན་བྱ་རྒྱུ།

⒀ ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་མགོ་འཛིན་གྱིས་རེ་འདུན་ཞུས་པར་གཞིགས་ནས་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་མགོ་འཛིན་གཞོན་པ་དང་། ཞིབ་དཔྱོད་པ། ཞིབ་དཔྱོད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན།

   དམག་དོན་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་མགོ་འཛིན་བཅས་བསྐོ་འཐེན་བྱ་རྒྱུ་མ་ཟད། ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་ཞིབ་དཔྱོད་ཁང་གི་མགོ་འཛིན་བསྐོ་འཐེན་བྱེད་པར་ཆོག་མཆན་འགོད་རྒྱུ།

⒁ དབང་ཆ་ཚང་མ་ཡོད་པའི་ཕྱིར་སྡོད་གཞུང་ཚབ་བསྐོ་འཐེན་བྱེད་པ་ཐག་གཅོད་རྒྱུ།

⒂ ཕྱི་རྒྱལ་དང་བཞག་པའི་ཆིངས་ཡིག་དང་གལ་ཆེའི་གྲོས་མཐུན་ལ་ཆོག་མཆན་འགོད་མིན་དང་རྩིས་མེད་དུ་གཏོང་མིན་ཐག་གཅོད་རྒྱུ།

⒃ དམག་མི་དང་ཕྱི་འབྲེལ་ལས་བྱེད་པ་རྣམས་ཀྱི་ཐོབ་ཐང་རིམ་པའི་ལམ་ལུགས་དང་། དམིགས་བཀར་གྱི་ཐོབ་ཐང་རིམ་པའི་ལམ་ལུགས་གཞན་དག་གཏན་ལ་འབེབས་རྒྱུ།

⒄ རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་གཟི་བརྗིད་མཚན་སྙན་གཏན་ལ་འབེབས་རྒྱུ་དང་དེ་སྤྲོད་མིན་ཐག་གཅོད་རྒྱུ།

⒅ དམིགས་བསལ་གྱི་བཙོན་གྲོལ་བྱེད་མིན་ཐག་གཅོད་རྒྱུ།

⒆ རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་གྲོས་ཚོགས་གྲོལ་རྗེས་ཀྱི་རིང་ལ་གལ་ཏེ་རྒྱལ་ཁབ་ལ་དྲག་པོའི་བཙན་འཛུལ་བྱུང་བའམ། ཡང་ན་རྒྱལ་སྤྱིའི་བར་བཙན་འཛུལ་མཉམ་འགོག་གི་ཆིངས་ཡིག་ངེས་པར་དུ་ལག་ལེན་བསྟར་དགོས་པའི་གནས་ཚུལ་བྱུང་ན། དམག་འཁྲུག་གི་གནས་སུ་འཁོད་ཚུལ་ཁྱབ་བསྒྲགས་བྱེད་པ་ཐག་གཅོད་རྒྱུ།

⒇རྒྱལ་ཡོངས་ཀྱི་ཁྱོན་ལ་སྐུལ་སློང་ངམ། ཡང་ན་ཕྱོགས་རེ་ཙམ་སྐུལ་སློང་བྱེད་པ་ཐག་གཅོད་རྒྱུ།

(21)རྒྱལ་ཡོངས་སམ་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་རེ་འགའ་ཛ་དྲག་ཆེ་བའི་གནས་སུ་འཁོད་པའི་ཐག་གཅོད་རྒྱུ།

﹙22﹚རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱིས་བསྩལ་བའི་འགན་དབང་གཞན་དག་སྤྱོད་རྒྱུ།

དོན་ཚན་རེ་བརྒྱད་པ། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གིས་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་ཀ་གཙོ་སྐྱོང་བྱ་རྒྱུ་དང་། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུ་རྒྱུ། ཨུ་ཡོན་ཀྲང་གཞོན་པ་དང་དྲུང་ཡིག་ཆེན་མོས་ཨུ་ཡོན་ཀྲང་གི་ལས་ཀར་རོགས་འདེགས་བྱ་རྒྱུ།

ཨུ་ཡོན་ཀྲང་དང་། ཨུ་ཡོན་ཀྲང་གཞོན་པ། དྲུང་ཡིག་ཆེན་མོ་བཅས་ལས་ཨུ་ཡོན་ཀྲང་གི་གྲོས་ཚོགས་འགྲུབ་པར་བྱས་ཏེ་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྒྱུན་ལྡན་གྱི་ལས་ཀ་གལ་ཆེན་རྣམས་ཐག་གཅོད་རྒྱུ།

དོན་ཚན་རེ་དགུ་པ། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་ལ་འགན་ཁུར་ཐོག་ལས་དོན་སྙན་ཞུ་འབུལ་རྒྱུ།

དོན་ཚན་བདུན་ཅུ་པ།  རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱིས་མི་རིགས་ཨུ་ཡོན་ལྷན་ཁང་དང་། རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་། ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་། སློབ་གསོ་ཚན་རིག་རིག་གནས་འཕྲོད་བསྟེན་ཨུ་ཡོན་ལྷན་ཁང་། ཕྱི་དོན་ཨུ་ཡོན་ལྷན་ཁང་། ཕྱིར་སྡོད་རང་མིའི་ཨུ་ཡོན་ལྷན་ཁང་། འཛུགས་དགོས་པའི་ཆེད་དོན་ཨུ་ཡོན་ལྷན་ཁང་གཞན་དག་བཅས་འཛུགས་རྒྱུ། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་གྲོས་ཚོགས་གྲོལ་རྗེས་ཀྱི་རིང་ལ་ཆེད་དོན་ཨུ་ཡོན་ལྷན་ཁང་ཁག་གིས་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མགོ་ཁྲིད་དང་དུ་ལེན་རྒྱུ།

རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་དང་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མགོ་ཁྲིད་འོག་ཆེད་དོན་ཨུ་ཡོན་ལྷན་ཁང་ཁག་གིས་འབྲེལ་ཡོད་ཀྱི་གྲོས་གཞིར་ཞིབ་འཇུག་དང་གྲོས་ཞིབ་བྱ་རྒྱུ་དང་འཆར་ཟིན་འགོད་རྒྱུ།

དོན་ཚན་དོན་གཅིག་པ། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་དང་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་དགོས་གལ་འདུག་སྙམ་སྐབས་གནད་དོན་དམིགས་བསལ་སྐོར་གྱི་བརྟག་དཔྱད་ཨུ་ཡོན་ལྷན་ཁང་བཙུགས་ཆོག་པར་མ་ཟད། བརྟག་དཔྱད་ཨུ་ཡོན་ལྷན་ཁང་གི་སྙན་ཞུ་གཞིར་བཟུང་སྟེ་བཟུང་སྟེ་དེ་དང་འཚམ་པའི་གྲོས་ཐག་ཀྱང་གཅོད་རྒྱུ།

བརྟག་དཔྱད་ཨུ་ཡོན་ལྷན་ཁང་གིས་བརྟག་དཔྱད་བྱེད་སྐབས། འབྲེལ་ཡོད་ཀྱི་རྒྱལ་ཁབ་ལས་ཁུངས་དང་། སྤྱི་ཚོགས་ཀྱི་ཚོགས་པ། སྤྱི་དམངས་བཅས་ཚང་མས་དེར་དགོས་ངེས་ཀྱི་དཔྱད་གཞི་འདོན་སྤྲོད་བྱེད་པའི་འོས་འགན་འཁུར་དགོས།

དོན་ཚན་དོན་གཉིས་པ། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་འཐུས་མི་དང་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་རྣམས་ལ་བཅའ་ཁྲིམས་ནང་དུ་གཏན་ལ་ཕབ་པའི་གོ་རིམ་ལྟར་སོ་སོར་ཕྱེ་ནས་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་དང་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འགན་བབ་དབང་ཚད་ནང་ཚུན་གྱི་གྲོས་གཞི་འདོན་དབང་ཡོད།

དོན་ཚན་དོན་གསུམ་པ། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་འཐུས་མིར་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ཚོགས་འདུ་འཚོག་སྐབས་དང་། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མིར་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་འཚོག་སྐབས་བཅའ་ཁྲིམས་ནང་དུ་གཏན་ལ་ཕབ་པའི་གོ་རིམ་ལྟར་རྒྱལ་སྲིད་སྤྱི་ཁྱབ་ཁང་ངམ་ཡང་ན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་པུའུ་ཁག་དང་ཨུ་ཡོན་ལྷན་ཁང་ཁག་བཅས་ལ་འདྲི་རྩད་ཀྱི་གྲོས་གཞི་འདོན་དབང་ཡོད། འདྲི་རྩད་བྱ་ཡུལ་ལས་ཁུངས་ཀྱིས་ངེས་པར་དུ་དྲིས་ལན་འདེབས་པའི་འགན་འཁུར་དགོས།

དོན་ཚན་དོན་བཞི་པ། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་གྲོས་ཚོགས་ཀྱི་ཀྲུའུ་ཞིའི་ཚོགས་པས་ཆོག་མཆན་མ་སྤྲད་པ་དང་། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་གྲོས་ཚོགས་གྲོལ་རྗེས་ཀྱི་རིང་ལ་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུན་ཡོན་ལྷན་ཁང་གིས་ཆོག་མཆན་མ་སྤྲད་ན། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་འཐུས་མིས་འཛིན་བཟུང་ངམ་ཉེས་དོན་འདྲི་གཅོད་འཁུར་མི་དགོས།

དོན་ཚན་དོན་ལྔ་པ། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་འཐུས་མིས་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་གྱི་གྲོས་ཚོགས་སྣ་ཚོགས་ཀྱི་ཐོག་ཏུ་གཏམ་བཤད་དང་བརྡས་ཐག་བཅད་པ་རྣམས་ལ་བཅའ་ཁྲིམས་ཐད་ཀྱི་རྩད་གཅོད་འཁུར་མི་དགོས།

དོན་ཚན་དོན་དྲུག་པ། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་འཐུས་མིས་ངེས་པར་དུ་མིག་དཔེ་བསྟན་ནས་རྩ་ཁྲིམས་དང་བཅའ་ཁྲིམས་ལ་བརྩི་སྲུང་དང་། རྒྱལ་ཁབ་ཀྱི་གསང་དོན་དམ་སྲུང་བྱེད་དགོས་པ་མ་ཟད། རང་ཉིད་ཞུགས་པའི་ཐོན་སྐྱེད་དང་། ལས་ཀ སྤྱི་ཚོགས་ཀྱི་བྱེད་སྒོ་བཅས་ཀྱི་ནང་དུ་རྩ་ཁྲིམས་དང་བཅའ་ཁྲིམས་ལག་ལེན་བསྟར་བར་རོགས་འདེགས་བྱེད་དགོས།

རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་འཐུས་མིས་རང་ཉིད་ཐོག་མར་འདེམས་བསྐོ་བྱེད་མཁན་སྡེ་ཚན་དང་མི་དམངས་ལ་འབྲེལ་བ་དམ་པོ་བྱས་ནས་མི་དམངས་ཀྱི་བསམ་འཆར་དང་དགོས་འདུན་ཉན་འཇོག་དང་སྙན་སེང་ཞུས་ཐོག་ཧུར་བརྩོན་གྱིས་མི་དམངས་ལ་ཞབས་འདེགས་ཞུ་དགོས།

དོན་ཚན་དོན་བདུན་པ། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་འཐུས་མིས་རང་ཉིད་འདེམས་བསྐོ་བྱེད་མཁན་སྡེ་ཚན་གྱི་ལྟ་སྐུལ་དང་ལེན་བྱེད་དགོས་པ་དང་། འདེམས་བསྐོ་བྱེད་མཁན་སྡེ་ཚན་ལ་བཅའ་ཁྲིམས་ནང་དུ་གཏན་ལ་ཕབ་པའི་གོ་རིམ་ལྟར་རང་གི་སྡེ་ཚན་ནས་བདམས་ཐོན་བྱུང་བའི་འཐུས་མི་གནས་དབྱུང་གཏོང་བའི་དབང་ཆ་ཡོད།

དོན་ཚན་དོན་བརྒྱད་པ། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་དང་། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྩ་འཛུགས་དང་ལས་ཀའི་གོ་རིམ་ནི་བཅའ་ཁྲིམས་ཀྱིས་གཏན་ལ་འབེབས་རྒྱུ།

ས་བཅད་གཉིས་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི།

དོན་ཚན་དོན་དགུ་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་དང་ཀྲུའུ་ཞི་གཞོན་པ་ནི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱིས་འདེམས་བསྐོ་བྱ་རྒྱུ།

འདེམས་དབང་དང་གདམ་བྱའི་དབང་ཆ་ཡོད་ཅིང་རང་ལོ་འཁོར་མོ་ཞེ་ལྔར་སོན་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ཡིན་ཕྱིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་དང་ཀྲུའུ་ཞི་གཞོན་པར་བདམས་ཆོག

ཀྲུའུ་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་དང་ཀྲུའུ་ཞི་གཞོན་པའི་སྐབས་རེའི་འགན་འཛིན་ཡུན་ཚད་ནི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་རེའི་འགན་འཛིན་ཡུན་ཚད་དང་གཅིག་མཚུངས་ཡིན།

དོན་ཚན་བརྒྱད་ཅུ་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞིས་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ཆོད་དོན་དང་། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཆོད་དོན་གཞིར་བཟུང་ནས་བཅའ་ཁྲིམས་ཁྱབ་བསྒྲགས་བྱ་རྒྱུ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་དང་། ཙུང་ལི་གཞོན་པ། རྒྱལ་དོན་ཨུ་ཡོན། པུའུ་ཁག་གི་པུའུ་ཀྲང་། ཨུ་ཡོན་ལྷན་ཁང་ཁག་གི་ཀྲུའུ་རིན། རྩིས་བཤེར་མགོ་འཛིན། དྲུང་ཡིག་ཆེན་མོ་བཅས་བསྐོ་འཐེན་བྱ་རྒྱུ། རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་གཟི་བརྗིད་ཀྱི་མཚན་སྙན་སྤྲོད་རྒྱུ། དམིགས་བསལ་བཙོན་གྲོལ་གྱི་བཀའ་འགྲེམས་བསྒྲགས་བྱ་རྒྱུ། ཛ་དྲག་ཆེ་བའི་གནས་སུ་འཁོད་པ་ཁྱབ་བསྒྲགས་བྱ་རྒྱུ། དམག་འཁྲུག་གི་གནས་སུ་འཁོད་པ་ཁྱབ་བསྒྲགས་བྱ་རྒྱུ། སྐུལ་སློང་གི་བཀའ་འགྲེམས་བསྒྲགས་བྱ་རྒྱུ།

དོན་ཚན་གྱ་གཅིག་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཚབ་བྱས་ནས་རྒྱལ་དོན་བྱེད་སྒོ་སྤེལ་རྒྱུ་དང་། ཕྱི་རྒྱལ་གྱི་གཞུང་ཚབ་དང་དུ་ལེན་རྒྱུ། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཆོད་དོན་གཞིར་བཟུང་སྟེ་དབང་ཆ་ཚང་མ་ཡོད་པའི་ཕྱིར་སྡོད་གཞུང་ཚབ་མངགས་འགུགས་བྱ་རྒྱུ། ཕྱི་རྒྱལ་དང་བཞག་པའི་ཆིངས་ཡིག་དང་གྲོས་མཐུན་གལ་ཆེན་ལ་ཆོག་མཆན་འགོད་རྒྱུ་དང་རྩིས་མེད་དུ་གཏོང་རྒྱུ།

དོན་ཚན་གྱ་གཉིས་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པས་ཀྲུའུ་ཞིའི་ལས་ཀར་རོགས་འདེགས་བྱ་རྒྱུ།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པས་ཀྲུའུ་ཞིའི་བཀའ་མངག་ལྟར་ཀྲུའུ་ཞིའི་ཚབ་ཏུ་འགན་དབང་ཆ་ཤས་སྤྱད་ཆོག

དོན་ཚན་གྱ་གསུམ་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་དང་ཀྲུའུ་ཞི་གཞོན་པས་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་རྗེས་མས་བདམས་པའི་ཀྲུའུ་ཞི་དང་ཀྲུའུ་ཞི་གཞོན་པས་འགན་མ་བཞེས་བར་དུ་འགན་དབང་འཛིན་སྤྱོད་བྱ་རྒྱུ།

དོན་ཚན་གྱ་བཞི་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་ལས་གནས་སྟོང་པར་ལུས་སྐབས་ཀྲུའུ་ཞི་གཞོན་པས་ཀྲུའུ་ཞིའི་ལས་གནས་མཐུད་འཛིན་བྱ་རྒྱུ།

ཀྲུའུ་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པའི་ལས་གནས་སྟོང་པར་ལུས་སྐབས་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱིས་གསབ་འདེམས་བྱ་རྒྱུ།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་དང་ཀྲུའུ་ཞི་གཞོན་པ་ཚང་མའི་ལས་གནས་སྟོང་བར་ལུས་སྐབས་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱིས་གསབ་འདེམས་བྱ་རྒྱུ་དང་། གསབ་འདེམས་མ་བྱས་གོང་ལ་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གིས་གནས་སྐབས་རིང་ཀྲུའུ་ཞིའི་ལས་ཚབ་བྱ་རྒྱུ།

       ས་བཅད་གསུམ་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་།

དོན་ཚན་གྱ་ལྔ་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་སྟེ་ཀྲུང་དབྱང་མི་དམངས་སྲིད་གཞུང་ནི་རྒྱལ་ཁབ་ཀྱི་དབང་འཛིན་ལས་ཁུངས་མཐོ་ཤོས་ཀྱི་ལས་འཛིན་ལས་ཁུངས་དང་རྒྱལ་ཁབ་ཀྱི་སྲིད་འཛིན་ལས་ཁུངས་མཐོ་ཤོས་ཡིན།

དོན་ཚན་གྱ་དྲུག་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་ནི་གཤམ་གསལ་གྱི་མི་སྣ་ལས་འགྲུབ་རྒྱུ།

ཙུང་ལི་དང་།

ཙུང་ལི་གཞོན་པ་དུ་མ།

རྒྱལ་དོན་ཨུ་ཡོན་དུ་མ།

པུའུ་ཁག་གི་པུའུ་ཀྲང་།

ཨུ་ཡོན་ལྷན་ཁང་ཁག་གི་ཀྲུའུ་རིན།

རྩིས་བཤེར་མགོ་འཛིན།

དྲུང་ཡིག་ཆེན་མོ་བཅས་ཡིན།

རྒྱལ་སྲིད་སྤྱི་ཁྱབ་ཁང་དུ་ཙུང་ལིས་འགན་འཁུར་བའི་ལམ་ལུགས་ལག་ལེན་བསྟར་རྒྱུ། པུའུ་ཁག་དང་ཨུ་ཡོན་ལྷན་ཁང་ཁག་ཏུ་པུའུ་ཀྲང་དང་ཀྲུའུ་རིན་གྱིས་འགན་འཁུར་བའི་ལམ་ལུགས་ལག་ལེན་བསྟར་རྒྱུ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འཛུགས་ལུགས་ནི་བཅའ་ཁྲིམས་ཀྱིས་གཏན་ལ་འབེབས་རྒྱུ།

དོན་ཚན་གྱ་བདུན་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྐབས་རེའི་འགན་འཛིན་ཡུན་ཚད་ནི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་རེའི་འགན་འཛིན་ཡུན་ཚད་དང་གཅིག་མཚུངས་ཡིན།

ཙུང་ལི་དང་། ཙུང་ལི་གཞོན་པ། རྒྱལ་དོན་ཨུ་ཡོན་བཅས་ཀྱིས་བསྟུད་མར་འགན་འཛིན་བྱེད་པའི་ཡུན་ཚད་སྐབས་གཉིས་ལས་བརྒལ་མི་ཆོག

དོན་ཚན་གྱ་བརྒྱད་པ། ཙུང་ལིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་དོན་ལ་མགོ་ཁྲིད་བྱ་རྒྱུ། ཙུང་ལི་གཞོན་པ་དང་རྒྱལ་དོན་ཨུ་ཡོན་གྱིས་ཙུང་ལིའི་ལས་ཀར་རོགས་འདེགས་བྱ་རྒྱུ།

ཙུང་ལི་དང་། ཙུང་ལི་གཞོན་པ། རྒྱལ་དོན་ཨུ་ཡོན། དྲུང་ཡིག་ཆེན་མོ་བཅས་ལས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་འགྲུབ་རྒྱུ།

ཙུང་ལིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚང་འཛོམས་གྲོས་ཚོགས་བསྡུ་རྒྱུ་དང་གཙོ་སྐྱོང་བྱ་རྒྱུ།

དོན་ཚན་གྱ་དགུ་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཤམ་གསལ་གྱི་འགན་དབང་སྤྱོད་རྒྱུ།

⑴རྩ་ཁྲིམས་དང་བཅའ་ཁྲིམས་གཞིར་བཟུང་ནས་སྲིད་འཛིན་གྱི་བྱེད་ཐབས་གཏན་ལ་འབེབས་རྒྱུ་དང་། སྲིད་འཛིན་གྱི་ཁྲིམས་སྲོལ་གཏན་ལ་འབེབས་རྒྱུ། ཆོད་དོན་དང་བཀའ་རྒྱ་འགྲེམ་བསྒྲགས་བྱ་རྒྱུ།

⑵ རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་ནམ་རྒྱལ་ཡོངས་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་གྲོས་གཞི་འབུལ་རྒྱུ།

⑶ པུའུ་ཁག་དང་ཨུ་ཡོན་ལྷན་ཁང་ཁག་གི་ལས་འགན་དང་འགན་འཁྲི་གཏན་ལ་འབེབས་རྒྱུ་དང་། པུའུ་ཁག་དང་ཨུ་ཡོན་ལྷན་ཁང་ཁག་གི་ལས་ཀར་གཅིག་གྱུར་གྱིས་མགོ་ཁྲིད་བྱ་རྒྱུ་མ་ཟད། པུའུ་ཁག་དང་ཨུ་ཡོན་ལྷན་ཁང་ཁག་གི་ཁོངས་སུ་མི་གཏོགས་པའི་རྒྱལ་ཡོངས་ཀྱི་རང་བཞིན་ལྡན་པའི་སྲིད་འཛིན་ལས་དོན་ལ་མགོ་ཁྲིད་བྱ་རྒྱུ།

⑷ རྒྱལ་ཡོངས་ས་གནས་ཀྱི་རྒྱལ་ཁབ་སྲིད་འཛིན་ལས་ཁུངས་རིམ་པ་ཁག་གི་ལས་ཀར་གཅིག་གྱུར་གྱིས་མགོ་ཁྲིད་བྱ་རྒྱུ་དང་། ཀྲུང་དབྱང་དང་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་རྒྱལ་ཁབ་སྲིད་འཛིན་ལས་ཁུངས་ཀྱི་འགན་བབ་དབང་མཚམས་འབྱེད་ཚུལ་ཞིབ་ཕྲ་གཏན་ལ་འབེབས་རྒྱུ།

⑸ རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་འཆར་གཞི་དང་རྒྱལ་ཁབ་ཀྱི་སྔོན་རྩིས་འགོད་རྒྱུ་དང་ལག་ལེན་བསྟར་རྒྱུ།

⑹ དཔལ་འབྱོར་ལས་ཀ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཛུགས་སྐྲུན། སྐྱེ་ཁམས་དཔལ་ཡོན་འཛུགས་སྤེལ་བཅས་ལ་མགོ་ཁྲིད་དང་དོ་དམ་བྱ་རྒྱུ།

⑺ སློབ་གསོ་དང་། ཚན་རིག རིག་གནས། འཕྲོད་བསྟེན། ལུས་རྩལ། འཆར་ཡོད་བུ་བཙའ་བཅས་ཀྱི་ལས་ཀ་ལ་མགོ་ཁྲིད་དང་དོ་དམ་བྱ་རྒྱུ།   

 ⑻ དམངས་སྲིད་དང་། སྤྱི་བདེ། ཁྲིམས་འཛིན་སྲིད་དོན་བཅས་ཀྱི་ལས་ཀ་ལ་མགོ་ཁྲིད་དང་དོ་དམ་བྱ་རྒྱུ།

⑼ ཕྱི་ཕྱོགས་ཀྱི་ལས་དོན་ལ་དོ་དམ་བྱ་རྒྱུ་དང་། ཕྱི་རྒྱལ་དང་ཆིངས་ཡིག་དང་གྲོས་མཐུན་འཇོག་རྒྱུ།

⑽  རྒྱལ་སྲུང་གི་འཛུགས་སྐྲུན་བྱ་གཞག་ལ་མགོ་ཁྲིད་དང་དོན་དམ་བྱ་རྒྱུ།

⑾ མི་རིགས་ཀྱི་ལས་དོན་ལ་མགོ་ཁྲིད་དང་དོ་དམ་བྱས་ཏེ་གྲངས་ཉུང་མི་རིགས་ཀྱི་འདྲ་མཉམ་ཁེ་དབང་དང་མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ཁེ་དབང་འགན་ལེན་བྱ་རྒྱུ།

⑿ ཕྱིར་སྡོད་རང་མིའི་བབ་འོས་ཀྱི་དབང་ཆ་དང་ཁེ་ཕན་སྲུང་སྐྱོབ་བྱ་རྒྱུ་དང་། རྒྱལ་ནང་དུ་ལོག་པའི་ཕྱིར་སྡོད་རང་མི་དང་ཕྱིར་སྡོད་རང་མིའི་ཁྱིམ་མིའི་ཁྲིམས་མཐུན་གྱི་དབང་ཆ་དང་ཁེ་ཕན་ལ་སྲུང་སྐྱོབ་བྱ་རྒྱུ།

⒀ པུའུ་ཁག་དང་ཨུ་ཡོན་ལྷན་ཁང་ཁག་གིས་སྤེལ་བའི་འོས་འཚམ་མིན་པའི་བཀའ་རྒྱ་དང་། བཀའ་སློབ། སྒྲིག་སྲོལ་བཅས་བསྒྱུར་བཅོས་སམ་ཕྱིར་འཐེན་བྱ་རྒྱུ།

⒁ ས་གནས་ཀྱི་རྒྱལ་ཁབ་སྲིད་འཛིན་ལས་ཁུངས་རིམ་པ་ཁག་གི་འོས་འཚམ་མིན་པའི་ཆོད་དོན་དང་བཀའ་རྒྱ་རྣམས་བསྒྱུར་བཅོས་སམ་ཕྱིར་འཐེན་བྱ་རྒྱུ།

⒂ ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་ས་ཁོངས་དབྱེ་རྒྱུར་ཆོག་མཆན་འགོད་རྒྱུ་དང་། རང་སྐྱོང་ཁུལ་དང་། རྫོང་། རང་སྐྱོང་རྫོང་། གྲོང་ཁྱེར་བཅས་འཛུགས་པ་དང་ས་ཁོངས་དབྱེ་རྒྱུར་ཆོག་མཆན་འགོད་རྒྱུ། 

⒃ བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་ས་ཁོངས་ནང་གི་ས་ཁུལ་ཆ་ཤས་ཛ་དྲག་ཆེ་བའི་གནས་སུ་འཁོད་པའི་ཐག་གཅོད་རྒྱུ།

⒄ སྲིད་འཛིན་ལས་ཁུངས་ཀྱི་སྒྲིག་ཁོངས་ལ་ཞིབ་བཤེར་གཏན་འབེབས་བྱ་རྒྱུ་དང་། བཅའ་ཁྲིམས་ཀྱིས་གཏན་ལ་ཕབ་པ་ལྟར་སྲིད་འཛིན་མི་སྣ་བསྐོ་འཐེན་དང་། གསོ་སྦྱོང་། ཞིབ་དཔྱད། བྱ་དགའ་སྤྲོད་པ། ཉེས་ཆད་གཅོད་པ་བཅས་བྱ་རྒྱུ།

⒅ རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་དང་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གནང་བའི་འགན་དབང་གཞན་དག་སྤྱོད་རྒྱུ།

 དོན་ཚན་དགུ་བཅུ་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་པུའུ་ཁག་གི་པུའུ་ཀྲང་དང་། ཨུ་ཡོན་ལྷན་ཁང་ཁག་གི་ཀྲུའུ་རིན་གྱིས་དེ་གའི་སྡེ་ཁག་གི་ལས་ཀར་འགན་འཁུར་རྒྱུ་དང་། པུའུ་ཡི་ལས་དོན་གྲོས་ཚོགས་སམ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས། ཨུ་ཡོན་ལྷན་ཁང་གི་ལས་དོན་གྲོས་ཚོགས་བཅས་བསྡུ་བ་དང་གཙོ་སྐྱོང་བྱས་ཏེ། དེ་གའི་སྡེ་ཁག་གི་ལས་ཀའི་གནད་དོན་གལ་ཆེན་རྣམས་གྲོས་བསྡུར་དང་ཐག་གཅོད་རྒྱུ།

 པུའུ་ཁག་དང་ཨུ་ཡོན་ལྷན་ཁང་ཁག་གིས་བཅའ་ཁྲིམས་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་འཛིན་ཁྲིམས་སྲོལ་དང་། ཆོད་དོན། བཀའ་རྒྱ་བཅས་གཞིར་བཟུང་སྟེ་སྡེ་ཁག་དེ་རང་གི་དབང་ཚད་ཀྱི་ནང་ཚུད་ལ་བཀའ་རྒྱ་དང་། བཀའ་སློབ། སྒྲིག་སྲོལ་བཅས་འགྲེམས་བསྒྲགས་བྱ་རྒྱུ།

 དོན་ཚན་གོ་གཅིག་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྩིས་བཤེར་ལས་ཁུངས་བཙུགས་ཏེ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྡེ་ཁག་ཁག་དང་ས་གནས་སྲིད་གཞུང་རིམ་པ་ཁག་གི་ནོར་སྲིད་ཀྱི་གཏོང་ཡོང་དང་། རྒྱལ་ཁབ་ཀྱི་ནོར་སྲིད་དང་དངུལ་རྩའི་ལས་ཁུངས་དང་ཁེ་ལས་དང་བྱ་ལས་རྩ་འཛུགས་བཅས་ཀྱི་ནོར་དོན་གྱི་གཏོང་ཡོང་ལ་རྩིས་བཤེར་ལྟ་སྐུལ་བྱ་རྒྱུ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལིའི་མགོ་ཁྲིད་འོག་རྩིས་བཤེར་ལས་ཁུངས་ཀྱིས་བཅའ་ཁྲིམས་ནང་གི་གཏན་འབེབས་ལྟར་རྩིས་བཤེར་ལྟ་སྐུལ་བྱེད་པའི་དབང་ཆ་རང་ཚུགས་ཀྱིས་སྤྱོད་རྒྱུ་ལས། སྲིད་འཛིན་ལས་ཁུངས་དང་། སྤྱི་ཚོགས་ཀྱི་ཚོགས་པ། མི་སྒེར་བཅས་གཞན་གྱི་ཐེ་གཏོགས་འཁུར་མི་དགོས།

 དོན་ཚན་གོ་གཉིས་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་ལ་འགན་འཁུར་བའི་ཐོག་ལས་དོན་སྙན་ཞུའང་འབུལ་རྒྱུ་དང་། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་གྲོས་ཚོགས་གྲོལ་རྗེས་ཀྱི་རིང་ལ་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་འགན་འཁུར་བའི་ཐོག་ལས་དོན་སྙན་ཞུའང་འབུལ་རྒྱུ།

ས་བཅད་བཞི་པ། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་།

དོན་ཚན་གོ་གསུམ་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཡོངས་ཀྱི་དྲག་པོའི་སྟོབས་ཤུགས་ལ་མགོ་ཁྲིད་བྱ་རྒྱུ།

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་ནི་གཤམ་གསལ་གྱི་མི་སྣ་ལས་འགྲུབ་རྒྱུ།

ཀྲུའུ་ཞི་དང་།

ཀྲུའུ་ཞི་གཞོན་པ་དུ་མ།

ཨུ་ཡོན་དུ་མ་བཅས་ཡིན།

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་དུ་ཀྲུའུ་ཞིས་འགན་འཁུར་བའི་ལམ་ལུགས་ལག་བསྟར་བྱ་རྒྱུ།

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་སྐབས་རེའི་འགན་འཛིན་ཡུན་ཚད་ནི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་རེའི་འགན་འཛིན་ཡུན་ཚད་དང་གཅིག་མཚུངས་ཡིན།

དོན་ཚན་གོ་བཞི་པ། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིས་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་དང་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་འགན་འཁུར་རྒྱུ།

ས་བཅད་ལྔ་པ། ས་གནས་ཀྱི་མི་དམངས་འཐུས་མིའི་ཚོགས་ཆེན་རིམ་པ་ཁག་དང་ས་གནས་ཀྱི་མི་དམངས་སྲིད་གཞུང་རིམ་པ་ཁག

དོན་ཚན་གོ་ལྔ་པ། ཞིང་ཆེན་དང་། ཐད་སྐྱོང་གྲོང་ཁྱེར། རྫོང་། གྲོང་ཁྱེར། གྲོང་ཁྱེར་གྱི་ཐད་སྐྱོང་ཆུས། ཤང་། མི་རིགས་ཤང་། གྲོང་རྡལ་བཅས་སུ་མི་དམངས་འཐུས་མིའི་ཚོགས་ཆེན་དང་མི་དམངས་སྲིད་གཞུང་འཛུགས་རྒྱུ།

ས་གནས་ཀྱི་མི་དམངས་འཐུས་མིའི་ཚོགས་ཆེན་རིམ་པ་ཁག་དང་ས་གནས་ཀྱི་མི་དམངས་སྲིད་གཞུང་རིམ་པ་ཁག་འཛུགས་ལུགས་དེ་བཅའ་ཁྲིམས་ཀྱིས་གཏན་ལ་འབེབས་རྒྱུ།

རང་སྐྱོང་ལྗོངས་དང་། རང་སྐྱོང་ཁུལ། རང་སྐྱོང་རྫོང་བཅས་སུ་རང་སྐྱོང་ལས་ཁུངས་འཛུགས་རྒྱུ། རང་སྐྱོང་ལས་ཁུངས་ཀྱི་འཛུགས་ལུགས་དང་ལས་ཀ་རྣམས་རྩ་ཁྲིམས་ཀྱི་ལེའུ་གསུམ་པའི་ས་བཅད་ལྔ་པ་དང་ས་བཅད་དྲུག་པར་གཏན་ལ་ཕབ་ཡོད་པའི་གཞི་རྩའི་རྩ་དོན་གཞིར་བཟུང་ནས་བཅའ་ཁྲིམས་ཀྱིས་གཏན་ལ་འབེབས་རྒྱུ།

དོན་ཚན་གོ་དྲུག་པ། ས་གནས་ཀྱི་མི་དམངས་འཐུས་མིའི་ཚོགས་ཆེན་རིམ་པ་ཁག་ནི་ས་གནས་ཀྱི་རྒྱལ་ཁབ་དབང་འཛིན་ལས་ཁུངས་ཡིན།

རྫོང་རིམ་པ་ཡན་གྱི་ས་གནས་ཀྱི་མི་དམངས་འཐུས་མིའི་ཚོགས་ཆེན་རིམ་པ་ཁག་ལ་རྒྱུན་ལས་ཨུ་ཡོན་ལྷན་ཁང་འཛུགས་རྒྱུ།

དོན་ཚན་གོ་བདུན་པ།  ཞིང་ཆེན་དང་།  ཐད་སྐྱོང་གྲོང་ཁྱེར།  ཆུས་བཙུགས་པའི་གྲོང་ཁྱེར་བཅས་ཀྱི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་འཐུས་མི་རྣམས་རིམ་པ་གཅིག་གིས་དམའ་བའི་མི་དམངས་འཐུས་མིའི་ཚོགས་ཆེན་གྱིས་འདེམས་རྒྱུ།  རྫོང་དང་།  ཆུས་བཙུགས་མེད་པའི་གྲོང་ཁྱེར།  གྲོང་ཁྱེར་གྱི་ཐད་སྐྱོང་ཆུས།  ཤང་།  མི་རིགས་ཤང་།  གྲོང་རྡལ་བཅས་ཀྱི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་འཐུས་མི་རྣམས་འདེམས་དམངས་ཀྱིས་ཐད་ཀར་འདེམས་རྒྱུ།

ས་གནས་ཀྱི་མི་དམངས་འཐུས་མིའི་ཚོགས་ཆེན་རིམ་པ་ཁག་གི་འཐུས་མིའི་ཁ་གྲངས་དང་འཐུས་མིའི་འབྱུང་ཐབས་རྣམས་བཅའ་ཁྲིམས་ཀྱིས་གཏན་ལ་འབེབས་རྒྱུ།

དོན་ཚན་གོ་བརྒྱད་པ།  ས་གནས་ཀྱི་མི་དམངས་འཐུས་མིའི་ཚོགས་ཆེན་རིམ་པ་ཁག་གི་སྐབས་རེའི་འགན་འཛིན་ཡུན་ཚད་ལོ་ལྔ་རེ་ཡིན།

དོན་ཚན་གོ་དགུ་པ།  ས་གནས་ཀྱི་མི་དམངས་འཐུས་མིའི་ཚོགས་ཆེན་རིམ་པ་ཁག་གིས་རང་གི་སྲིད་འཛིན་ས་ཁོངས་སུ་རྩ་ཁྲིམས་དང་།  བཅའ་ཁྲིམས།  སྲིད་འཛིན་ཁྲིམས་སྲོལ་བཅས་བརྩི་སྲུང་དང་ལག་ལེན་དུ་འཁྱོལ་བའི་འགན་ལེན་བྱ་རྒྱུ་དང་།  བཅའ་ཁྲིམས་ནང་གཏན་ལ་ཕབ་པའི་དབང་ཚད་ལྟར་གྲོས་ཆོད་ལ་གྲོས་འཆམ་དང་གྲོས་ཆོད་འགྲེལ་བསྒྲགས་བྱ་རྒྱུ།  ས་གནས་ཀྱི་དཔལ་འབྱོར་འཛུགས་སྐྲུན་དང་།  རིག་གནས་འཛུགས་སྐྲུན།  ཐུན་མོང་གི་བྱ་གཞག་འཛུགས་སྤེལ་བཅས་ཀྱི་འཆར་གཞི་ལ་ཞིབ་བཤེར་དང་གཏན་འབེབས་བྱ་རྒྱུ།

རྫོང་རིམ་པ་ཡན་གྱི་ས་གནས་ཀྱི་མི་དམངས་འཐུས་མིའི་ཚོགས་ཆེན་རིམ་པ་ཁག་གིས་རང་གི་སྲིད་འཛིན་ས་ཁོངས་ནང་གི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་འཆར་གཞི་དང་།  སྔོན་རྩིས།  དེ་བཞིན་དེ་དག་ལག་ལེན་བསྟར་ཚུལ་བཅས་སྐོར་གྱི་སྙན་ཞུ་ལ་ཞིབ་བཤེར་དང་ཆོག་མཆན་འགོད་རྒྱུ་དང་།  རིམ་པ་དེ་རང་གི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཏན་འབེབས་འོས་འཚམ་མིན་པ་རྣམས་བཟོ་བཅོས་སམ་ཕྱིར་འཐེན་བྱེད་པའི་དབང་ཆ་ཡོད།

བཅའ་ཁྲིམས་ནང་གཏན་ལ་ཕབ་པའི་དབང་ཚད་ལྟར་མི་རིགས་ཤང་གི་མི་དམངས་འཐུས་མིའི་ཚོགས་ཆེན་གྱིས་མི་རིགས་ཀྱི་ཁྱད་ཆོས་དང་མཐུན་པའི་བྱེད་ཐབས་ཞིབ་ཕྲ་ལག་ལེན་བསྟར་ཆོག

དོན་ཚན་བརྒྱ་ཐམ་པ། ཞིང་ཆེན་དང་ཐད་སྐྱོང་གྲོང་ཁྱེར་གྱི་མི་དམངས་འཐུས་མིའི་ཚོགས་ཆེན་དང་དེ་ཚོའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྩ་ཁྲིམས་དང་།  བཅའ་ཁྲིམས།  སྲིད་འཛིན་ཁྲིམས་སྲོལ་བཅས་དང་འགལ་ཟླར་མི་འགྱུར་བའི་སྔོན་འགྲོའི་ཆ་རྐྱེན་འོག་ས་གནས་ཀྱི་རང་བཞིན་ལྡན་པའི་ཁྲིམས་སྲོལ་གཏན་འབེབས་བྱས་ཆོག་པ་དང་།  དེ་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་ཐོ་འགོད་སྙན་སེང་ཞུ་རྒྱུ།

ཆུས་བཙུགས་པའི་གྲོང་ཁྱེར་གྱི་མི་དམངས་འཐུས་མིའི་ཚོགས་ཆེན་དང་དེ་ཚོའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྩ་ཁྲིམས་དང་།  བཅའ་ཁྲིམས།  སྲིད་འཛིན་ཁྲིམས་སྲོལ་བཅས་དང་།  ཞིང་ཆེན་དང་རང་སྐྱོང་ལྗོངས་དེ་གའི་ས་གནས་ཀྱི་རང་བཞིན་ལྡན་པའི་ཁྲིམས་སྲོལ་དང་འགལ་ཟླར་མི་འགྱུར་བའི་སྔོན་འགྲོའི་ཆ་རྐྱེན་འོག  བཅའ་ཁྲིམས་ནང་འཁོད་གཏན་འབེབས་ལྟར་ས་གནས་ཀྱི་རང་བཞིན་ལྡན་པའི་ཁྲིམས་སྲོལ་གཏན་འབེབས་བྱས་མཐར་ཞིང་ཆེན་དང་རང་སྐྱོང་ལྗོངས་དེ་གའི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་སྙན་སེང་ཞུས་ནས་ཆོག་མཆན་ཐོབ་རྗེས་ལག་ལེན་དུ་བསྟར་ཆོག

དོན་ཚན་བརྒྱ་དང་དང་པོ།  ས་གནས་ཀྱི་མི་དམངས་འཐུས་མིའི་ཚོགས་ཆེན་རིམ་པ་ཁག་གིས་སོ་སོར་རིམ་པ་དེ་རང་གི་མི་དམངས་སྲིད་གཞུང་གི་ཞིང་ཆེན་གྱི་མགོ་འཛིན་དང་མགོ་འཛིན་གཞོན་པ་དང་།  གྲོང་ཁྱེར་གྱི་མགོ་འཛིན་དང་མགོ་འཛིན་གཞོན་པ།  རྫོང་དཔོན་དང་རྫོང་དཔོན་གཞོན་པ།  ཆུས་ཀྱི་མགོ་འཛིན་དང་མགོ་འཛིན་གཞོན་པ།  ཤང་གི་མགོ་འཛིན་དང་མགོ་འཛིན་གཞོན་པ།  གྲོང་རྡལ་གྱི་མགོ་འཛིན་དང་མགོ་འཛིན་གཞོན་པ་བཅས་འདེམས་རྒྱུ་མ་ཟད།  གནས་དབྱུང་གཏོང་རྒྱུའི་དབང་ཆའང་ཡོད།

རྫོང་རིམ་པ་ཡན་གྱི་ས་གནས་ཀྱི་མི་དམངས་འཐུས་མིའི་ཚོགས་ཆེན་རིམ་པ་ཁག་གིས་རིམ་པ་དེ་རང་གི་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་དང་།  རིམ་པ་དེ་རང་གི་མི་དམངས་ཁྲིམས་ཁང་གི་མགོ་འཛིན།  རིམ་པ་དེ་རང་གི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་མགོ་འཛིན་བཅས་འདེམས་རྒྱུ་མ་ཟད།  གནས་དབྱུང་གཏོང་རྒྱའི་དབང་ཆའང་ཡོད།།

མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་མགོ་འཛིན་བདམས་ཐོན་བྱུང་བའམ་གནས་དབྱུང་བཏང་ན་གོང་རིམ་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་མགོ་འཛིན་ལ་ངེས་པར་དུ་སྙན་སེང་ཞུ་བ་དང་འབྲེལ་དེས་རིམ་པ་དེ་རང་གི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་ཆོག་མཆན་འགོད་པར་འབུལ་དགོས།

དོན་ཚན་བརྒྱ་དང་གཉིས་པ། ཞིང་ཆེན་དང་།  ཐད་སྐྱོང་གྲོང་ཁྱེར།  ཆུས་བཙུགས་པའི་གྲོང་ཁྱེར་བཅས་ཀྱི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་འཐུས་མིས་རང་ཉིད་འདེམས་མཁན་སྡེ་ཚན་གྱི་ལྟ་སྐུལ་དང་དུ་ལེན་རྒྱུ་དང་། རྫོང་དང་།  ཆུས་བཙུགས་མེད་པའི་གྲོང་ཁྱེར།  གྲོང་ཁྱེར་གྱི་ཐད་སྐྱོང་ཆུས།  ཤང་། མི་རིགས་ཤང་། གྲོང་རྡལ་བཅས་གྱི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་འཐུས་མིས་འདེམས་དམངས་ཀྱི་ལྟ་སྐུལ་དང་དུ་ལེན་རྒྱུ།

ས་གནས་ཀྱི་མི་དམངས་འཐུས་མིའི་ཚོགས་ཆེན་རིམ་པ་ཁག་གི་འཐུས་མི་འདེམས་མཁན་སྡེ་ཚན་དང་འདེམས་དམངས་ལ་བཅའ་ཁྲིམས་ནང་གཏན་ལ་ཕབ་པའི་གོ་རིམ་ལྟར་རང་ཉིད་ཀྱིས་འདེམས་བསྐོ་བྱས་པའི་འཐུས་མི་གནས་དབྱུང་གཏོང་རྒྱུའི་དབང་ཆ་ཡོད།

དོན་ཚན་བརྒྱ་དང་གསུམ་པ། རྫོང་རིམ་པ་ཡན་གྱི་ས་གནས་ཀྱི་མི་དམངས་འཐུས་མིའི་ཚོགས་ཆེན་རིམ་པ་ཁག་གི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ནི་ཀྲུའུ་རིན་དང་། ཀྲུའུ་རིན་གཞོན་པ་དུ་མ། ཨུ་ཡོན་དུ་མ་བཅས་ལས་གྲུབ་སྟེ། རིམ་པ་དེ་རང་གི་མི་དམངས་འཐུས་མིའི་ཚོགས་ཆེན་ལ་འགན་འཁུར་བའི་ཐོག་ལས་དོན་གྱི་སྙན་ཞུའང་འབུལ་རྒྱུ།

རྫོང་རིམ་པ་ཡན་གྱི་ས་གནས་ཀྱི་མི་དམངས་འཐུས་མིའི་ཚོགས་ཆེན་རིམ་པ་ཁག་གིས་རིམ་པ་དེ་རང་གི་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མིས་འདེམས་རྒྱུ་མ་ཟད། གནས་དབྱུང་གཏོང་རྒྱུའི་དབང་ཆའང་ཡོད།

རྫོང་རིམ་པ་ཡན་གྱི་ས་གནས་ཀྱི་མི་དམངས་འཐུས་མིའི་ཚོགས་ཆེན་རིམ་པ་ཁག་གི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མིས་རྒྱལ་ཁབ་ཀྱི་སྲིད་འཛིན་ལས་ཁུངས་དང་། ལྟ་ཞིབ་ལས་ཁུངས། འདྲི་གཅོད་ལས་ཁུངས། ཞིབ་དཔྱོད་ལས་ཁུངས་བཅས་ཀྱི་འགན་ཁུར་མི་ཆོག

དོན་ཚན་བརྒྱ་དང་བཞི་པ། རྫོང་རིམ་པ་ཡན་གྱི་ས་གནས་ཀྱི་མི་དམངས་འཐུས་མིའི་ཚོགས་ཆེན་རིམ་པ་ཁག་གི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་སྲིད་འཛིན་ས་ཁོངས་དེ་རང་གི་ཕྱོགས་གང་ཅིའི་ལས་ཀའི་ཐད་ཀྱི་གནད་དོན་གལ་ཆེན་གྲོས་བསྡུར་དང་ཐག་གཅོད་བྱ་རྒྱུ་དང་། རིམ་པ་དེ་རིང་གི་མི་དམངས་སྲིད་གཞུང་དང་། ལྟ་ཞིབ་ཨུ་ཡོན་ལྷན་ཁང་། མི་དམངས་ཁྲིམས་ཁང་། མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་ལས་ཀར་ལྟ་སྐུར་བྱ་རྒྱུ། རིམ་པ་དེ་རང་གི་མི་དམངས་སྲིད་གཞུང་ཁང་གི་ཆོད་དོན་དང་བཀའ་རྒྱ་འོས་འཚམ་མིན་པ་རྣམས་ཕྱིར་འཐེན་རྒྱུ།  རིམ་པ་གཅིག་གིས་དམའ་བའི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་གྲོས་ཆོད་འོས་འཚམ་མིན་པ་རྣམས་ཕྱིར་འཐེན་རྒྱུ། བཅའ་ཁྲིམས་ནང་གཏན་ལ་ཕབ་པའི་དབང་ཚད་ལྟར་རྒྱལ་ཁབ་ལས་ཁུངས་ཀྱི་ལས་བྱེད་པ་བསྐོ་འཐེན་དོན་དག་ཐག་གཅོད་རྒྱུ། རིམ་པ་དེ་རང་གི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་གྲོས་ཚོགས་གྲོལ་རྗེས་ཀྱི་རིང་ལ་རིམ་པ་གཅིག་གིས་མཐོ་བའི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་འཐུས་མི་རེ་ཟུང་གནས་དབྱུང་གཏོང་རྒྱུའམ་གསལ་འདེམས་བྱ་རྒྱུ།

དོན་ཚན་བརྒྱ་དང་ལྔ་བ། ས་གནས་ཀྱི་མི་དམངས་སྲིད་གཞུང་རིམ་པ་ཁག་ནི་ས་གནས་ཀྱི་རྒྱལ་ཁབ་དབང་འཛིན་ལས་ཁུངས་རིམ་པ་ཁག་གི་ལས་འཛིན་ལས་ཁུངས་ཡིན་པ་དང་། ས་གནས་ཀྱི་རྒྱལ་ཁབ་སྲིད་འཛིན་ལས་ཁུངས་རིམ་པ་ཁག་ཡིན།

ས་གནས་ཀྱི་མི་དམངས་སྲིད་གཞུང་རིམ་པ་ཁག་ཏུ་ཞིང་ཆེན་གྱི་མགོ་འཛིན་དང་། གྲོང་ཁྱེར་གྱི་མགོ་འཛིན། རྫོང་དཔོན། ཆུས་ཀྱི་མགོ་འཛིན། ཤང་གི་མགོ་འཛིན། གྲོང་རྡལ་གྱི་མགོ་འཛིན་བཅས་ཀྱིས་འགན་འཁུར་བའི་ལམ་ལུགས་ལག་ལེན་བསྟར་རྒྱུ།

དོན་ཚན་བརྒྱ་དང་དྲུག་པ། ས་གནས་ཀྱི་མི་དམངས་སྲིད་གཞུང་རིམ་པ་ཁག་སྐབས་རེའི་འགན་འཛིན་ཡུན་ཚད་ནི་རིམ་པ་དེ་རང་གི་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་རེའི་འགན་འཛིན་ཡུན་ཚད་དང་གཅིག་མཚུངས་ཡིན།

དོན་ཚན་བརྒྱ་དང་བདུན་པ། རྫོང་རིམ་པ་ཡན་གྱི་ས་གནས་ཀྱི་མི་དམངས་སྲིད་གཞུང་རིམ་པ་ཁག་གིས་བཅའ་ཁྲིམས་ནང་གཏན་ལ་ཕབ་པའི་དབང་ཚད་ལྟར་སྲིད་འཛིན་ས་ཁོངས་དེ་རང་གི་དཔལ་འབྱོར་དང་། སློབ་གསོ། ཚན་རིག རིག་གནས། འཕྲོད་བསྟེན། ལུས་རྩལ་གྱི་བྱ་གཞག གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཛུགས་སྐྲུན་བྱ་གཞག ནོར་སྲིད། དམངས་སྲིད། སྤྱི་བདེ། མི་རིགས་ཀྱི་ལས་དོན། ཁྲིམས་འཛིན་སྲིད་དོན། འཆར་ལྡན་བུ་སྐྱེས་སོགས་ཀྱི་སྲིད་འཛིན་ལས་ཀར་དོ་དམ་དང་། ཆོད་དོན་དང་བཀའ་རྒྱ་འགྲེམ་བསྒྲགས། སྲིད་འཛིན་ལས་བྱེད་པ་བསྐོ་འཐེན་དང་། གསོ་སྦྱོང་། ཞིབ་དཔྱད། བྱ་དགའ་སྤྲོད་པ། ཉེས་ཆད་གཅོད་པ་བཅས་བྱ་རྒྱུ།

ཤང་དང་། མི་རིགས་ཤང་། གྲོང་རྡལ་བཅས་ཀྱི་མི་དམངས་སྲིད་གཞུང་གིས་རིམ་པ་དེ་རང་གི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་གྲོས་ཆོད་དང་གོང་རིམ་གྱི་རྒྱལ་ཁབ་སྲིད་འཛིན་ལས་ཁུངས་ཀྱི་ཆོད་དོན་དང་བཀའ་རྒྱ་ལག་ལེན་བསྟར་རྒྱུ་དང། སྲིད་འཛིན་ས་ཁོངས་དེ་རང་གི་སྲིད་འཛིན་ལས་ཀར་དོ་དམ་བྱ་རྒྱུ།

 ཞིང་ཆེན་དང་ཐད་སྐྱོང་གྲོང་ཁྱེར་གྱི་མི་དམངས་སྲིད་གཞུང་གིས་ཤང་དང་། མི་རིགས་ཤང་། གྲོང་རྡལ་བཅས་འཛུགས་པ་དང་ས་ཁོངས་འབྱེད་ཐབས་གཏན་ལ་འབེབས་རྒྱུ།

དོན་ཚན་བརྒྱ་དང་བརྒྱད་པ། རྫོང་རིམ་པ་ཡན་གྱི་ས་གནས་ཀྱི་མི་དམངས་སྲིད་གཞུང་རིམ་པ་ཁག་གིས་རང་ཁོངས་སུ་གཏོགས་པའི་ལས་དོན་སྡེ་ཁག་སོ་སོ་དང་འོག་རིམ་མི་དམངས་སྲིད་གཞུང་གི་ལས་ཀར་མགོ་ཁྲིད་བྱ་རྒྱུ་དང་། རང་ཁོངས་སུ་གཏོགས་པའི་ལས་དོན་སྡེ་ཁག་སོ་སོ་དང་འོག་རིམ་མི་དམངས་སྲིད་གཞུང་གི་ཆོད་དོན་འོས་འཚམ་མིན་པ་རྣམས་བསྒྱུར་བཅོས་དང་ཕྱིར་འཐེན་བྱེད་པའི་དབང་ཆ་ཡོད།

དོན་ཚན་བརྒྱ་དང་དགུ་པ། རྫོང་རིམ་པ་ཡན་གྱི་ས་གནས་ཀྱི་མི་དམངས་སྲིད་གཞུང་རིམ་པ་ཁག་གི་ནང་དུ་རྩིས་བཤེར་ལས་ཁུངས་འཛུགས་རྒྱུ།  ས་གནས་ཀྱི་རྩིས་བཤེར་གྱི་ལས་ཁོངས་རིམ་པ་ཁག་གིས་བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར་རང་ཚུགས་ཀྱིས་རྩིས་བཤེར་ལྟ་སྐུལ་བྱེད་པའི་དབང་ཆ་སྤྱད་དེ་རིམ་པ་དེ་རང་གི་མི་དམངས་སྲིད་གཞུང་དང་རིམ་པ་གཅིག་གིས་མཐོ་བའི་རྩིས་བཤེར་ལས་ཁུངས་ལ་འགན་འཁུར་རྒྱུ།

དོན་ཚན་བརྒྱ་དང་བཅུ་བ། ས་གནས་ཀྱི་མི་དམངས་སྲིད་གཞུང་རིམ་པ་ཁག་གིས་རིམ་པ་དེ་རང་གི་མི་དམངས་འཐུས་མིའི་ཚོགས་ཆེན་ལ་འགན་འཁུར་བའི་ཐོག་ལས་དོན་གྱི་སྙན་ཞུའང་འབུལ་རྒྱུ། རྫོང་རིམ་པ་ཡན་གྱི་ས་གནས་ཀྱི་མི་དམངས་སྲིད་གཞུང་རིམ་པ་ཁག་གིས་རིམ་པ་དེ་རང་གི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་གྲོས་ཚོགས་གྲོལ་རྗེས་ཀྱི་རིང་ལ་རིམ་པ་དེ་རིང་གི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་འགན་འཁུར་བའི་ཐོག་ལས་དོན་གྱི་སྙན་ཞུའང་འབུལ་རྒྱུ།

ས་གནས་ཀྱི་མི་དམངས་སྲིད་གཞུང་རིམ་པ་ཁག་གིས་རིམ་པ་གཅིག་གིས་མཐོ་བའི་རྒྱལ་ཁབ་སྲིད་འཛིན་ལས་ཁུངས་ལ་འགན་འཁུར་བའི་ཐོག་ལས་དོན་གྱི་སྙན་ཞུའང་འབུལ་རྒྱུ། རྒྱལ་ཡོངས་ཀྱི་ས་གནས་མི་དམངས་སྲིད་གཞུང་རིམ་པ་ཁག་ཚང་མ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཅིག་གྱུར་མགོ་ཁྲིད་འོག་གི་རྒྱལ་ཁབ་ཀྱི་སྲིད་འཛིན་ལས་ཁུངས་ཡིན་པས་ཚང་མས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་དང་ལེན་ཞུ་དགོས།

དོན་ཚན་བརྒྱ་དང་བཅུ་གཅིག་པ། གྲོང་ཁྱེར་དང་གྲོང་གསེབ་ཏུ་གྲོང་མིའི་སྡོད་གནས་ས་ཁུལ་ལ་གཞིགས་ཏེ་བཙུགས་པའི་གྲོང་མི་ཨུ་ཡོན་ལྷན་ཁང་ངམ་ཡུལ་མི་ཨུ་ཡོན་ལྷན་ཁང་ནི་གཞི་རིམ་མང་ཚོགས་ཀྱི་རང་བཞིན་ལྡན་པའི་རང་སྐྱོང་རྩ་འཛུགས་ཡིན། གྲོང་མི་ཨུ་ཡོན་ལྷན་ཁང་དང་ཡུལ་མི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་དང་། ཀྲུའུ་རིན་གཞོན་པ། ཨུ་ཡོན་བཅས་གྲོང་མི་རྣམས་ཀྱིས་འདེམས་བསྐོ་བྱ་རྒྱུ། གྲོང་མི་ཨུ་ཡོན་ལྷན་ཁང་དང་ཡུལ་མི་ཨུ་ཡོན་ལྷན་ཁང་དང་གཞི་རིམ་སྲིད་དབང་བར་གྱི་འབྲེལ་བ་ནི་བཅའ་ཁྲིམས་ཀྱིས་གཏན་ལ་འབེབས་རྒྱུ།

གྲོང་མི་ཨུ་ཡོན་ལྷན་ཁང་དང་ཡུལ་མི་ཨུ་ཡོན་ལྷན་ཁང་གི་ཁོངས་སུ་མི་དམངས་བར་འདུམ་དང་། བདེ་འཇགས་སྲུང་སྐྱོང་། སྤྱི་པའི་འཕྲོད་བསྟེན་སོགས་ཀྱི་ཨུ་ཡོན་ལྷན་ཁང་བཙུགས་ཏེ་སྡོད་གནས་ས་ཁུལ་རང་ཁོངས་ཀྱི་སྤྱི་བའི་ལས་དོན་དང་སྤྱི་ཕན་བྱ་གཞག་གཉེར་སྐྱོང་དང་། དམངས་ཁྲོད་ཀྱི་རྩོད་གཞི་བར་འདུམ། སྤྱི་ཚོགས་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་རོགས་བཅས་བྱ་རྒྱུ་མ་ཟད། མང་ཚོགས་ཀྱི་བསམ་འཆར་དང་དགོས་འདུན་གང་ཡོད་མི་དམངས་སྲིད་གཞུང་ལ་སྙན་སེང་ཞུ་རྒྱུ་དང་གྲོས་མགོ་འདོན་རྒྱུ།

ས་བཅད་དྲུག་པ།  མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས།

དོན་ཚན་བརྒྱ་དང་བཅུ་གཉིས་པ།  མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ནི་རང་སྐྱོང་ལྗོངས་དང་།  རང་སྐྱོང་ཁུལ།  རང་སྐྱོང་རྫོང་བཅས་ཀྱི་མི་དམངས་འཐུས་མིའི་ཚོགས་ཆེན་དང་མི་དམངས་སྲིད་གཞུང་ཡིན།

དོན་ཚན་བརྒྱ་དང་བཅུ་གསུམ་པ།  རང་སྐྱོང་ལྗོངས་དང་།  རང་སྐྱོང་ཁུལ།  རང་སྐྱོང་རྫོང་བཅས་ཀྱི་མི་དམངས་འཐུས་མིའི་ཚོགས་ཆེན་ནང་དུ་ས་ཁོངས་རང་སྐྱོང་དངོས་སུ་ལག་བསྟར་བྱེད་པའི་མི་རིགས་ཀྱི་འཐུས་མི་དགོས་པ་ཕུད།  སྲིད་འཛིན་ས་ཁོངས་དེར་གནས་སྡོད་བྱེད་པའི་མི་རིགས་གཞན་དག་ལའང་སོ་སོའི་འཐུས་མིའི་ཁ་གྲངས་འོས་འཚམ་རེ་ཡོད་དགོས།

རང་སྐྱོང་ལྗོངས་དང་།  རང་སྐྱོང་ཁུལ།  རང་སྐྱོང་རྫོང་བཅས་ཀྱི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ནམ་ཀྲུའུ་རིན་གཞོན་པའི་འགན་འཁུར་མཁན་ནང་དུ་ས་ཁོངས་རང་སྐྱོང་དངོས་སུ་ལག་བསྟར་བྱེད་པའི་མི་རིགས་ཀྱི་སྤྱི་དམངས་ཡོད་དགོས།

དོན་ཚན་བརྒྱ་དང་བཅུ་བཞི་པ།  རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་དང་།  རང་སྐྱོང་ཁུལ་གྱི་མགོ་འཛིན།  རང་སྐྱོང་རྫོང་གི་རྫོང་དཔོན་བཅས་ཀྱི་འགན་དེ་ས་ཁོངས་རང་སྐྱོང་དངོས་སུ་ལག་བསྟར་བྱེད་པའི་མི་རིགས་ཀྱི་སྤྱི་དམངས་ཀྱིས་འཁུར་རྒྱུ།

དོན་ཚན་བརྒྱ་དང་བཅོ་ལྔ་པ། རང་སྐྱོང་ལྗོངས་དང་།  རང་སྐྱོང་ཁུལ།  རང་སྐྱོང་རྫོང་བཅས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་རྩ་ཁྲིམས་ཀྱི་ལེའུ་གསུམ་པའི་ས་བཅད་ལྔ་པར་གཏན་ལ་ཕབ་པའི་ས་གནས་ཀྱི་རྒྱལ་ཁབ་ལས་ཁུངས་ཀྱི་འགན་དབང་སྤྱོད་རྒྱུ་དང་།  དུས་མཚུངས་སུ་རྩ་ཁྲིམས་དང་།  མི་རིགས་ས་ཁོངས་རང་སྐྱོང་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས།  བཅའ་ཁྲིམས་གཞན་དག་བཅས་ཀྱི་ནང་གཏན་ལ་ཕབ་པའི་དབང་ཚད་ལྟར་རང་སྐྱོང་དབང་ཆ་སྤྱོད་རྒྱུ་དང་།  ས་གནས་སོ་སོའི་གནས་ཚུལ་དངོས་ལ་གཞིགས་ནས་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་སྲིད་ཇུས་ལག་ལེན་མཐར་ཕྱིན་བསྟར་རྒྱུ།

དོན་ཚན་བརྒྱ་དང་བཅུ་དྲུག་པ། མི་རིགས་རང་སྐྱོང་ས་གནས་ཀྱི་མི་དམངས་འཐུས་མིའི་ཚོགས་ཆེན་ལ་ས་གནས་དེ་གའི་མི་རིགས་ཀྱི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས་བཅས་ཀྱི་ཁྱད་ཆོས་ལ་གཞིགས་ཏེ་རང་སྐྱོང་ཁྲིམས་སྲོལ་དང་གཅིག་སྤྱོད་ཁྲིམས་སྲོལ་གཏན་ལ་འབེབས་རྒྱུའི་དབང་ཆ་ཡོད།  རང་སྐྱོང་ལྗོངས་ཀྱི་རང་སྐྱོང་ཁྲིམས་སྲོལ་དང་གཅིག་སྤྱོད་ཁྲིམས་སྲོལ་དེ་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་སྙན་སེང་ཞུས་ཏེ་ཆོག་མཆན་ཐོབ་རྗེས་ནུས་པ་འཐོན་རྒྱུ། རང་སྐྱོང་ཁུལ་དང་རང་སྐྱོང་རྫོང་གི་རང་སྐྱོང་ཁྲིམས་སྲོལ་དང་གཅིག་སྤྱོད་ཁྲིམས་སྲོལ་རྣམས་ཞིང་ཆེན་ནམ་རང་སྐྱོང་ལྗོངས་ཀྱི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་སྙན་སེང་ཞུས་ཏེ་ཆོག་མཆན་ཐོབ་རྗེས་ནུས་པ་འཐོན་རྒྱུ་དང་འབྲེལ་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་ཐོ་འགོད་སྙན་སེང་ཞུ་དགོས།

དོན་ཚན་བརྒྱ་དང་བཅུ་བདུན་པ། མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ལ་ས་གནས་ཀྱི་ནོར་སྲིད་དོ་དམ་བྱེད་པའི་རང་སྐྱོང་དབང་ཆ་ཡོད། རྒྱལ་ཁབ་ཀྱི་ནོར་སྲིད་སྒྲིག་སྲོལ་ལྟར་མི་རིགས་རང་སྐྱོང་ས་གནས་ལ་དབང་བའི་ནོར་སྲིད་ཀྱི་ཡོང་འབབ་ཡིན་ཕྱིན། དེ་དག་ཚང་མ་མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་རང་ཐག་རང་གཅོད་ཀྱི་སྒོ་ནས་བཀོད་སྒྲིག་དང་བེད་སྦྱོད་བྱེད་དགོས།

དོན་ཚན་བརྒྱ་དང་བཅོ་བརྒྱད་པ། མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་རྒྱལ་ཁབ་ཀྱི་འཆར་གཞིའི་འཛུབ་ཁྲིད་འོག  ས་གནས་ཀྱི་རང་བཞིན་ལྡན་པའི་དཔའ་འབྱོར་འཛུགས་སྐྲུན་གྱི་བྱ་གཞག་ལ་རང་ཐག་རང་གཅོད་ཀྱིས་སྒོ་ནས་བཀོད་སྒྲིག་དང་དོ་དམ་བྱ་རྒྱུ།

  རྒྱལ་ཁབ་ཀྱིས་མི་རིགས་རང་སྐྱོང་ས་གནས་སུ་ཐོན་སྒོ་འབྱེད་པ་དང་ཁེ་ལས་འཛུགས་སྐྲུན་བྱེད་སྐབས་མི་རིགས་རང་སྐྱོང་ས་གནས་ཀྱི་ཁེ་ཕན་ལ་ལྟ་རྟོག་བྱེད་དགོས།

དོན་ཚན་བརྒྱ་དང་བཅུ་དགུ་པ། མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་ས་གནས་དེ་གའི་སློབ་གསོ་དང་། ཚན་རིག རིག་གནས། འཕྲོད་བསྟེན།  ལུས་རྩལ་བཅས་ཀྱི་བྱ་གཞག་རྣམས་ལ་རང་ཐག་རང་གཅོད་ཀྱི་སྒོ་ནས་དོ་དམ་བྱ་རྒྱུ་དང་། མི་རིགས་ཀྱི་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་ལེགས་སྒྲིག་བྱ་རྒྱུ། མི་རིགས་ཀྱི་རིག་གནས་འཕེལ་རྒྱས་དང་ཕུན་སུམ་ཚོགས་པར་གཏོང་རྒྱུ།

དོན་ཚན་བརྒྱ་དང་ཉི་ཤུ་པ།  མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་རྒྱལ་ཁབ་ཀྱི་དམག་དོན་ལམ་ལུགས་དང་ས་གནས་དེ་གའི་དགོས་མཁོ་དངོས་ལ་གཞིགས་ཏེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་གནང་རྗེས་ས་གནས་དེ་གའི་སྤྱི་ཚོགས་བདེ་འཇགས་སྲུང་སྐྱོང་བྱེད་མཁན་སྤྱི་བདེའི་དམག་དཔུང་སྒྲིག་འཛུགས་བྱས་ཆོག

དོན་ཚན་བརྒྱ་དང་ཉེར་གཅིག་པ།  མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་ལས་འགན་སྒྲུབ་སྐབས།  མི་རིགས་རང་སྐྱོང་ས་གནས་དེ་གའི་རང་སྐྱོང་ཁྲིམས་སྲོལ་གྱི་གཏན་འབེབས་ལྟར་ས་གནས་དེ་གར་ཐུན་མོང་དུ་སྤྱོད་པའི་སྐད་ཡིག་རིགས་གཅིག་གམ་ཁ་ཤས་སྤྱོད་རྒྱུ།

དོན་ཚན་བརྒྱ་དང་ཉེར་གཉིས་པ།  རྒྱལ་ཁབ་ཀྱིས་ནོར་སྲིད་དང་། དངོས་རྫས།  ལག་རྩལ་སོགས་ཀྱི་ཐད་ནས་གྲངས་ཉུང་མི་རིགས་ཁག་གི་དཔལ་འབྱོར་འཛུགས་སྐྲུན་དང་རིག་གནས་འཛུགས་སྤེལ་གྱི་བྱ་གཞག་མགྱོགས་པོར་གོང་དུ་སྤེལ་རོགས་བྱ་རྒྱུ།

 རྒྱལ་ཁབ་ཀྱིས་མི་རིགས་རང་སྐྱོང་ས་གནས་ལ་ས་གནས་དེ་གའི་མི་རིགས་ཀྱི་ནང་ནས་རིམ་པ་ཁག་གི་ལས་བྱེད་པ་དང་།  ཆེད་ལས་ཡོན་ཏན་ཅན་དང་ལག་རྩལ་བཟོ་པ་སྣ་ཚོགས་འབོར་ཆེན་གསོ་སྐྱོང་བྱེད་རོགས་བྱ་རྒྱུ།

 ས་བཅད་བདུན་པ།  ལྟ་ཞིབ་ཨུ་ཡོན་ལྷན་ཁང་།

དོན་ཚན་བརྒྱ་དང་ཉེར་གསུམ་པ།  ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལྟ་ཞིབ་ཨུ་ཡོན་ལྷན་ཁང་རིམ་པ་ཁག་ནི་རྒྱལ་ཁབ་ཀྱི་ལྟ་ཞིབ་ལས་ཁུངས་ཡིན།

དོན་ཚན་བརྒྱ་དང་ཉེར་བཞི་པ།  ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་རྒྱབ་ཁབ་ཀྱི་ལྟ་ཞིབ་ཨུ་ཡོན་ལྷན་ཁང་དང་ས་གནས་ཀྱི་ལྟ་ཞིབ་ཨུ་ཡོན་ལྷན་ཁང་རིམ་པ་ཁག་འཛུགས་རྒྱུ།

ལྟ་ཞིབ་ཨུ་ཡོན་ལྷན་ཁང་ནི་གཤམ་གསལ་གྱི་མི་སྣ་ལས་འགྲུབ་རྒྱུ།

ཀྲུའུ་རིན་དང་།

ཀྲུའུ་རིན་གཞོན་པ་དུ་མ།

ཨུ་ཡོན་དུ་མ་བཅས་ཡིན།

ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གྱི་སྐབས་རེའི་འགན་འཛིན་ཡུན་ཚད་ནི་རིམ་པ་དེ་རང་གི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་སྐབས་རེའི་འགན་འཛིན་ཡུན་ཚད་དང་གཅིག་མཚུངས་ཡིན།  རྒྱབ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གྱིས་བསྟུན་མར་འགན་འཛིན་བྱེད་པའི་ཡུན་ཚད་སྐབས་གཉིས་ལས་བརྒལ་མི་རུང་།

ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་འཛུགས་ལུགས་དང་འགན་དབང་ནི་བཅའ་ཁྲིམས་ནང་དུ་གཏན་འབེབས་བྱ་རྒྱུ།

དོན་ཚན་བརྒྱ་དང་ཉེར་ལྔ་པ།  ཀྲུང་ཧྭ་མི་དམངས་སྤྱི་འཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་ནི་ཆེས་མཐོའི་ལྟ་ཞིབ་ལས་ཁུངས་ཡིན།

རྒྱལ་ཁབ་ཀྱི་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་ས་གནས་ཀྱི་ལྟ་ཞིབ་ཨུ་ཡོན་ལྷན་ཁང་རིམ་པ་ཁག་གི་ལས་ཀར་མགོ་ཁྲིད་བྱ་རྒྱུ་དང་།  གོང་རིམ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་འོག་རིམ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་ལ་མགོ་ཁྲིད་བྱ་རྒྱུ།

དོན་ཚན་བརྒྱ་དང་ཉེར་དྲུག་པ།  རྒྱབ་ཁབ་ཀྱི་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་དང་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་འགན་ཁུར་རྒྱུ།  ས་གནས་ཀྱི་ལྟ་ཞིབ་ཨུ་ཡོན་ལྷན་ཁང་རིམ་པ་ཁག་གིས་རང་ཉིད་འབྱུང་སའི་རྒྱལ་ཁབ་དབང་འཛིན་ལས་ཁུངས་དང་རིམ་པ་གཅིག་གིས་མཐོ་བའི་ལྟ་ཞིབ་ཨུ་ཡོན་ལྷན་ཁང་ལ་འགན་འཁུར་རྒྱུ།

དོན་ཚན་བརྒྱ་དང་ཉེར་བདུན་པ།  ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར་རང་ཚུགས་ངང་ལྟ་ཞིབ་དབང་ཆ་སྤྱོད་སྐབས་སྲིད་འཛིན་ལས་ཁུངས་དང་།  སྤྱི་ཚོགས་ཚོགས་པ།  མི་སྒེར་བཅས་གང་རུང་ཞིག་གི་ཐེ་གཏོགས་འཁུར་མི་དགོས།

ལྟ་ཞིབ་ལས་ཁུངས་ཀྱིས་ལས་ཐོག་ཁྲིམས་འགལ་དང་ལས་ཐོག་ཉེས་གསོག་ཐད་ཀྱི་གྱོད་གཞི་སྒྲུབ་སྐབས་འདྲི་གཅོད་ལས་ཁུངས་དང་།  ཞིབ་དཔྱོད་ལས་ཁུངས།  ཁྲིམས་འཛིན་སྡེ་ཁག་བཅས་དང་ཕན་ཚུན་གཞོགས་འདེགས་དང་ཚོད་འཛིན་བྱེད་དགོས།

ས་བཅད་བརྒྱད་པ།  མི་དམངས་ཁྲིམས་ཁང་དང་མི་དམངས་ཞིབ་དཔྱོད་ཁང་།

དོན་ཚན་བརྒྱ་དང་ཉེར་བརྒྱད་པ།  ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་དམངས་ཁྲིམས་ཁང་ནི་རྒྱལ་ཁབ་ཀྱི་འདྲི་གཅོད་ལས་ཁུངས་ཡིན།

དོན་ཚན་བརྒྱ་དང་ཉེར་དགུ་པ།  ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཏུ་ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་།  ས་གནས་ཀྱི་མི་དམངས་ཁྲིམས་ཁང་རིམ་པ་ཁག  དམག་དོན་ཁྲིམས་ཁང་སོགས་ཆེད་དམིགས་མི་དམངས་ཁྲིམས་ཁང་འཛུགས་རྒྱུ།

ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་མགོ་འཛིན་སྐབས་རེའི་འགན་འཛིན་ཡུན་ཚད་ནི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་རེའི་འགན་འཛིན་ཡུན་ཚད་དང་གཅིག་མཚུངས་ཡིན་ཞིང་།  བསྟུད་མར་འགན་འཛིན་བྱེད་པའི་ཡུན་ཚད་སྐབས་གཉིས་ལས་བརྒལ་མི་ཆོག

མི་དམངས་ཁྲིམས་ཁང་གི་འཛུགས་ལུགས་དེ་བཅའ་ཁྲིམས་ཀྱིས་གཏན་འབེབས་རྒྱུ།

དོན་ཚན་བརྒྱ་དང་སུམ་ཅུ་པ།  མི་དམངས་ཁྲིམས་ཁང་གིས་གྱོད་དོན་ཞིབ་གཅོད་བྱེད་སྐབས་བཅའ་ཁྲིམས་སུ་གཏན་ལ་ཕབ་པའི་གནས་ཚུལ་དམིགས་བསལ་ཅན་མ་གཏོགས་གཞན་ཚང་མ་ཡོངས་བསྒྲགས་སུ་ཞིབ་གཅོད་བྱ་རྒྱུ།  ཞུ་སྦྱོར་ཕྱི་མར་དག་སེལ་འཐོབ་པའི་དབང་ཆ་ཡོད།

དོན་ཚན་བརྒྱ་དང་སོ་གཅིག་པ། མི་དམངས་ཁྲིམས་ཁང་གིས་བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར་རང་ཚུགས་ཀྱིས་འདྲི་གཅོད་ཀྱི་དབང་ཆ་སྤྱོད་རྒྱུ་ལས།  སྲིད་འཛིན་ལས་ཁུངས་དང་།  སྤྱི་ཚོགས་ཀྱི་ཚོགས་པ།  མི་སྒེར་བཅས་ཀྱི་ཐེ་གཏོགས་འཁུར་མི་དགོས།

དོན་ཚན་བརྒྱ་དང་སོ་གཉིས་པ། ཆེས་མཐོའི་མི་དམངས་ཁྲིམས་ཁང་ནི་ཆེས་མཐོའི་འདྲི་གཅོད་ལས་ཁུངས་ཡིན།

ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་ས་གནས་ཀྱི་མི་དམངས་ཁྲིམས་ཁང་རིམ་པ་ཁག་དང་ཆེད་དམིགས་མི་དམངས་ཁྲིམས་ཁང་གི་འདྲི་གཅོད་ལས་ཀར་ལྟ་སྐུལ་བྱ་རྒྱུ་དང་།  གོང་རིམ་མི་དམངས་ཁྲིམས་ཁང་གིས་འོག་རིམ་མི་དམངས་ཁྲིམས་ཁང་གི་འདྲི་གཅོད་ལས་ཀར་ལྟ་སྐུལ་བྱ་རྒྱུ།

དོན་ཚན་བརྒྱ་དང་སོ་གསུམ་པ།  ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་དང་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷ་ཁང་ལ་འགན་འཁུར་རྒྱུ་དང་།  ས་གནས་ཀྱི་མི་དམངས་ཁྲིམས་ཁང་རིམ་པ་ཁག་གིས་རང་ཉིད་འབྱུང་སའི་རྒྱལ་ཁབ་དབང་འཛིན་ལས་ཁུངས་ལ་འགན་འཁུར་རྒྱུ།

དོན་ཚན་བརྒྱ་དང་སོ་བཞི་པ།  ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་དམངས་ཞིབ་དཔྱོད་ཁང་ནི་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ལྟ་སྐུལ་ལས་ཁུངས་ཡིན།

དོན་ཚན་བརྒྱ་དང་སོ་ལྔ་པ།  ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཏུ་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་དང་།  ས་གནས་ཀྱི་མི་དམངས་ཞིབ་དཔྱོད་ཁང་རིམ་པ་ཁག  དམག་དོན་ཞིབ་དཔྱོད་ཁང་སོགས་ཆེད་དམིགས་མི་དམངས་ཞིབ་དཔྱོད་ཁང་འཛུགས་རྒྱུ།

ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་མགོ་འཛིན་སྐབས་རེའི་འགན་འཛིན་ཡུན་ཚད་ནི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་རེའི་འགན་འཛིན་ཡུན་ཚད་དང་གཅིག་མཚུངས་ཡིན་ཞིང་།  བསྟུད་མར་འགན་འཛིན་བྱེད་པའི་ཡུན་ཚད་སྐབས་གཉིས་ལས་བརྒལ་མི་ཆོག

མི་དམངས་ཞིབ་དཔྱོད་ཁང་གི་འཛུགས་ལུགས་དེ་བཅའ་ཁྲིམས་ཀྱིས་གཏན་ལ་འབེབས་རྒྱུ།

དོན་ཚན་བརྒྱ་དང་སོ་དྲུག་པ། མི་དམངས་ཞིབ་དཔྱོད་ཁང་གིས་བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར་རང་ཚུགས་ཀྱིས་ཞིབ་དཔྱོད་དབང་ཆ་སྤྱོད་རྒྱུ་ལས།  སྲིད་འཛིན་ལས་ཁུངས་དང་།  སྤྱི་ཚོགས་ཀྱི་ཚོགས་པ།  མི་སྒེར་བཅས་ཀྱི་ཐེ་གཏོགས་འཁུར་མི་དགོས།

དོན་ཚན་བརྒྱ་དང་སོ་བདུན་པ།  ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་ནི་ཆེས་མཐོའི་ཞིབ་དཔྱོད་ལས་ཁུངས་ཡིན།

ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་ས་གནས་ཀྱི་མི་དམངས་ཞིབ་དཔྱོད་ཁང་རིམ་པ་ཁག་དང་ཆེད་དམིགས་མི་དམངས་ཞིབ་དཔྱོད་ཁང་གི་ལས་ཀར་མགོ་ཁྲིད་བྱ་རྒྱུ་དང་།  གོང་རིམ་གྱི་མི་དམངས་ཞིབ་དཔྱོད་ཁང་གིས་འོག་རིམ་གྱི་མི་དམངས་ཞིབ་དཔྱོད་ཁང་གི་ལས་ཀར་མགོ་ཁྲིད་བྱ་རྒྱུ།

དོན་ཚན་བརྒྱ་དང་སོ་བརྒྱད་པ། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་དང་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་འགན་འཁུར་རྒྱུ་དང་།  ས་གནས་ཀྱི་མི་དམངས་ཞིབ་དཔྱོད་ཁང་རིམ་པ་ཁག་གིས་རང་ཉིད་འབྱུང་སའི་རྒྱལ་ཁབ་ཀྱི་དབང་འཛིན་ལས་ཁུངས་དང་གོང་རིམ་མི་དམངས་ཞིབ་དཔྱོད་ཁང་ལ་འགན་འཁུར་རྒྱུ།

དོན་ཚན་བརྒྱ་དང་སོ་དགུ་པ།  མི་རིགས་ཁག་གི་སྤྱི་དམངས་ཚང་མར་མི་རིགས་རང་ཉིད་ཀྱི་སྐད་ཡིག་ཐོག་ནས་གཏུག་བཤེར་བྱེད་པའི་ཁེ་དབང་ཡོད།  མི་དམངས་ཁྲིམས་ཁང་དང་མི་དམངས་ཞིབ་དཔྱོད་ཁང་གིས་ས་གནས་དེ་གའི་ཐུན་མོང་དུ་སྤྱོད་པའི་སྐད་ཡིག་མི་ཤེས་པའི་གཏུག་བཤེར་དུ་ཞུགས་མཁན་རྣམས་ལ་སྐད་སྒྱུར་བྱེད་དགོས།

གྲངས་ཉུང་མི་རིགས་འདུས་སྡོད་བྱེད་སའམ་མི་རིགས་མང་པོ་མཉམ་སྡོད་བྱེད་སའི་ས་ཁུལ་དུ་ས་གནས་དེ་གའི་ཐུན་མོང་དུ་སྤྱོད་པའི་སྐད་ཡིག་གི་ཐོག་ནས་ཞིབ་གཅོད་བྱ་རྒྱུ་དང་།  ཁྲིམས་སྦྱོར་ཞུ་ཡིག་དང་།  བཅད་ཁྲ།  བསྒྲགས་ཡིག  དེ་མིན་གྱི་ཡིག་རིགས་སོགས་དགོས་མཁོ་དངོས་ལ་གཞིགས་ཏེ་ས་གནས་དེ་གའི་ཐུན་མོང་དུ་སྤྱོད་པའི་ཡིག་རིགས་གཅིག་གམ་ཁ་ཤས་ཀྱི་ཐོག་ནས་སྤེལ་དགོས།

དོན་ཚན་བརྒྱ་དང་བཞི་ཅུ་པ།  མི་དམངས་ཁྲིམས་ཁང་དང་།  མི་དམངས་ཞིབ་དཔྱོད་ཁང་།  སྤྱི་བདེ་ལས་ཁུངས་བཅས་ཀྱིས་ཉེས་དོན་གྱི་གྱོད་དོན་ཞིབ་གཅོད་བྱེད་སྐབས་གནད་ལ་འཁེལ་བ་དང་ནུས་ལྡན་གྱི་སྒོ་ནས་བཅའ་ཁྲིམས་ལག་ལེན་བསྟར་ཐུབ་པའི་འགན་ལེན་བྱེད་ཆེད།  ལས་བགོས་འགན་འཁུར་དང་།  ཕན་ཚུན་གཞོགས་འདེགས།  ཕན་ཚུན་ཚོད་འཛིན་བཅས་བྱ་རྒྱུ།

ལེའུ་བཞི་པ།  རྒྱལ་དར་དང་།  རྒྱལ་གླུ།  རྒྱལ་རྟགས།  རྒྱལ་ས།

དོན་ཚན་བརྒྱ་དང་ཞེ་གཅིག་པ།  ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་དར་ནི་སྐར་ལྔའི་དར་དམར་ཡིན།  ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་ནི《བློས་བླངས་དམག་གི་མདུན་སྐྱོད་གླུ་དབྱངས》ཞེས་པ་ཡིན།

དོན་ཚན་བརྒྱ་དང་ཞེ་གཉིས་པ།  ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་རྟགས་ནི་དཀྱིལ་ལ་སྐར་ལྔའི་འོད་ཟེར་འཕྲོ་བའི་འོག་གནམ་བདེ་སྒོ་མོ་ཆེ་ཡོད་པ་དང་།  མཐའ་འཁོར་དུ་འབྲུ་སྙེ་དང་འཁོར་ལོ་སོ་ཅན་ཡོད།

དོན་ཚན་བརྒྱ་དང་ཞེ་གསུམ་པ།  ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་ནི་པེ་ཅིན་ཡིན། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།