《ཀྲུང་གོ་གུང་ཁྲན་ཏང་གི་ཀྲི་པུའུ་བྱ་བའི་སྲོལ་ཡིག(ཚོད་སྤྱོད)》།

   ལེའུ་དང་པོ། སྤྱིའི་རྩ་དོན།

དོན་ཚན་དང་པོ།  ཏང་གི་ཕྱོགས་ཡོངས་མགོ་ཁྲིད་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་བྱེད་པའི་ཆེད་དུ། “ཀྲི་པུའུ་སྦྲེལ་ཐག་སྟེང་དུ་འཛུགས”པའི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དར་སྤེལ་གཏོང་དགོས་པར་མ་ཟད། ཏང་གིས་ཏང་ལ་དོ་དམ་བྱེད་པ་དང་ཕྱོགས་ཡོངས་ནས་ཏང་གཟབ་ནན་གྱིས་སྐྱོང་བའི་བླང་བྱ་མཐའ་དག་དངོས་འབེབས་བྱེད་དགོས་པ་དང་། ཕྱོགས་ཡོངས་ནས་ཏང་ཀྲི་པུའུ་ཡི་རྩ་འཛུགས་ནུས་པ་ཇེ་མཐོར་བཏང་ནས། ཏང་ཀྲི་པུའུ་ཡི་ཆབ་སྲིད་བྱེད་ནུས་ཤུགས་ཇེ་དྲག་ཏུ་གཏོང་དགོས་ཤིང་།ཏང་ཀྲི་པུའུ་ཡི་འཐབ་འཛིང་གི་བཙན་རྫོང་ལྟ་བུའི་ནུས་པ་ཡང་གང་ལེགས་ཀྱིས་འདོན་སྤེལ་བྱས་ཏེ།  ཏང་གིས་ཡུན་རིང་དུ་སྲིད་སྐྱོང་བའི་རྩ་འཛུགས་རྨང་གཞི་སྲ་བརྟན་དུ་གཏོང་དགོས་པར་བརྟེན། 《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག》དང་འབྲེལ་ཡོད་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་དག་གཞིར་བཟུང་ནས།  སྲོལ་ཡིག་འདི་གཏན་འབེབས་བྱས་པ་ཡིན།

དོན་ཚན་གཉིས་པ། ཏང་ཀྲི་པུའུ་ནི་ཏང་གི་རྨང་གཞིའི་རྩ་འཛུགས་ཡིན་པ་དང་། ཏང་རྩ་འཛུགས་ཀྱིས་བྱ་བ་རྒྱ་ཆེར་སྤེལ་བའི་གཞི་རྩའི་སྡེ་ཚན་ཡིན་ཞིང་། ཏང་གིས་སྤྱི་ཚོགས་གཞི་རིམ་རྩ་འཛུགས་ཁྲོད་དུ་ལས་ཀ་སྒྲུབ་པའི་འཐབ་འཛིང་གི་བཙན་རྫོང་ལྟ་བུ་ཡིན་ལ། ཏང་གི་བྱ་བ་ཡོངས་རྫོགས་དང་འཐབ་འཛིང་ནུས་ཤུགས་ཀྱི་རྨང་གཞི་ཡིན་པས་ན། ཐད་ཀར་ཏང་ཡོན་ལ་སློབ་གསོ་གཏོང་བ་དང་ཏང་ཡོན་ལ་དོ་དམ་བྱེད་པ། ཏང་ཡོན་ལ་ལྟ་སྐུལ་བྱེད་པ། དེ་མིན་མང་ཚོགས་རྩ་འཛུགས་དང་མང་ཚོགས་ལ་དྲིལ་སྒྲོག  མང་ཚོགས་གོང་བུར་སྒྲིལ་བ། མང་ཚོགས་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་འགན་འཁྲི་ཁུར་དུ་ལེན་པ་ཡིན།

དོན་ཚན་གསུམ་པ། ཏང་ཀྲི་པུའུ་ཡི་བྱ་བས་ངེས་པར་དུ་གཤམ་གྱི་རྩ་དོན་འདི་དག་བརྩི་སྲུང་བྱ་དགོས་ཏེ།

(གཅིག) མར་ཁེ་སི་ལེ་ཉིན་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ། ཞི་ཅིན་ཕེན་གྱི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་བཅས་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། ཏང་གི་སྒྲིག་ཡིག་བརྩི་སྲུང་བྱེད་པ་དང་། བསམ་བློ་དང་རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་སྤྲ་བར་ཤུགས་སྣོན་པ། ཕུགས་བསམ་དང་ཡིད་ཆེས་བརྟན་པོར་བཏང་ནས། ཐོག་མའི་བསམ་འདུན་མི་བརྗེད་པར།  འགན་འཁྲི་ཡིད་ལ་དམ་པོར་འཆང་བ་དང་། ཐོག་མཐའ་བར་གསུམ་དུ་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་རྒྱུན་སྲུང་བྱེད་དགོས།

(གཉིས) ཏང་གི་ཆབ་སྲིད་འཛུགས་སྐྲུན་གོ་གནས་གཙོ་བོར་འཇོག་པ་རྒྱུན་འཁྱོངས་བྱས་ཏེ། “འདུ་ཤེས་བཞི“བརྟན་པོར་འཛུགས་པ་དང་། “རང་རྟོན་བཞི”ཇེ་བརྟན་གཏོང་བ། “ཞབས་འདེགས་བཞི”སྒྲུབ་ཐུབ་པ་བཅས་བྱས་ཏེ། དར་ཆ་གསལ་སྒྲེང་གིས་ཆབ་སྲིད་ལ་དོ་སྣང་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་གི་གོ་གནས་བློ་ཐག་རྦད་ཆོད་ཀྱིས་སྲུང་སྐྱོང་བྱེད་པ་དང་། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་བསྡུས་གཅིག་གྱུར་གྱི་མགོ་ཁྲིད་ལ་བློ་ཐག་རྦད་ཆོད་ཀྱིས་སྲུང་སྐྱོང་བྱེད་དགོས།

(གསུམ)ཏང་གི་དགོངས་དོན་དང་མང་ཚོགས་ཀྱི་ལམ་ཕྱོགས་ལག་ལེན་ཏུ་བསྟར་བ་རྒྱུན་འཁྱོངས་བྱས་ཏེ། ཏང་ཡོན་དང་མང་ཚོགས་ཀྱིས་ཏང་གི་སྐད་ཆར་ཉན་པ་དང་ཏང་གི་རྗེས་སུ་འབྲངས་པར་རེ་བ་ནན་མོ་བཏོན་ཏེ་རྩ་འཛུགས་བྱེད་དགོས་ཤིང་། ཏང་ཡོན་དང་མང་ཚོགས་ཀྱི་སེམས་རྟེན་དུ་འགྱུར་བར་བྱེད་དགོས།

(བཞི)དམངས་གཙོ་གཅིག་སྡུད་ལམ་ལུགས་རྒྱུན་འཁྱོངས་བྱས་ཏེ། ཏང་ནང་ཁུལ་གྱི་དམངས་གཙོ་དར་སྤེལ་གཏོང་བ་དང་། ཏང་ཡོན་གྱི་གོ་གནས་གཙོ་བོར་བརྩི་འཇོག་བྱེད་པ། ཏང་གི་སྒྲིག་ཁྲིམས་གཟབ་ནན་བྱེད་པ་དང་། རང་སྟེང་གི་གནད་དོན་ཐག་གཅོད་པའི་ནུས་པ་ཇེ་མཐོར་བཏང་ནས། སྐྱེ་སྟོབས་ཀྱི་གསོན་ཤུགས་སྔར་ལས་ཇེ་དྲག་ཏུ་གཏོང་དགོས།

(ལྔ)ལྟེ་བར་དམིགས་ཤིང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་རྒྱུན་འཁྱོངས་བྱས་ཏེ། ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན་དང་གསར་སྐྲུན་རང་བཞིན་བཅས་གང་ལེགས་ཀྱིས་འདོན་སྤེལ་བྱེད་དགོས་པ་དང་།  ཏང་གི་ལམ་ཕྱོགས་དང་བྱེད་ཕྱོགས།སྲིད་ཇུས་དང་ཇུས་ཆོད་བཀོད་སྒྲིག་ཐམས་ཅད་ལག་ལེན་དངོས་འབེབས་བྱེད་པར་ཁག་ཐེག་ནན་མོ་བྱེད་དགོས།

ལེའུ་གཉིས་པ། རྩ་འཛུགས་སྒྲིག་སྟངས།

དོན་ཚན་བཞི་པ། ཏང་ཀྲི་པུའུ་སྤྱིར་བཏང་དུ་ལས་ཁུངས་དང་ས་ཁོངས་གཙོ་བོ་བྱས་ནས་འཛུགས་པ་དང་།  ལོགས་སུ་ཁེར་རྐྱང་ལ་སྒྲིག་འཛུགས་བྱེད་པ་དེ་ཉིད་བྱེད་སྟངས་གཙོ་བོ་ཡིན། ཁེ་ལས་དང་ཞིང་སྡེ། ལས་ཁུངས། སློབ་གྲྭ། ཚན་རིག་ཞིབ་འཇུག་ཁང་སོ་སོ། སྡེ་ཁུལ། སྤྱི་ཚོགས་རྩ་འཛུགས། མི་དམངས་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དམག་དཔུང་།མདའ་ཚན་རུ་འབྲིང་དང་དེ་མིན་གཞན་པའི་གཞི་རིམ་ལས་ཁུངས་བཅས་ལར་ཏང་ཡོན་ངོ་མ3ཡན་ཡོད་པ་ཡིན་ཕྱིན། ཚང་མར་ཏང་ཀྲི་པུའུ་འཛུགས་དགོས། ཏང་ཀྲི་པུའུ་ཡི་ཏང་ཡོན་མི་གྲངས་སྤྱིར་བཏང་དུ་མི50ལས་མི་བརྒལ་བ་ཡིན།

དོན་ཚན་ལྔ་པ། དོན་དངོས་དང་ཟུང་འབྲེལ་བྱས་ནས་ཏང་ཀྲི་པུའུ་ཡི་སྒྲིག་སྟངས་གསར་སྐྲུན་བྱེད་པ་དང་། ཏང་གི་རྩ་འཛུགས་དང་ཏང་གི་བྱ་བ་ཡོངས་ལ་ཁེབས་སུ་འཇུག་དགོས། གཞི་ཁྱོན་ཅུང་ཆེ་བ་དང་ས་ཁོངས་བརྒལ་བའི་ཞིང་པའི་ཆེད་ལས་མཉམ་ལས་རྩ་འཛུགས་དང་། ཆེད་ལས་ཚོང་ར། ཚོང་ལས་ཁྲོམ་སྲང་། ཚོང་དོན་ཐོག་ཁང་སོགས་ཆ་རྐྱེན་དང་མཐུན་པ་ཡིན་ན། ཏང་ཀྲི་པུའུ་འཛུགས་དགོས།

ཏང་ཡོན་ངོ་མ་མི3མི་ལོངས་པའི་ལས་ཁུངས་ལ། ས་ཁོངས་ཀྱི་ཁྱིམ་མཚེས་ཉེ་འཁོར་དང་ལས་རིགས་ཀྱི་ཉེ་འདབས། གཞི་ཁྱོན་ཆེ་ཆུང་འཚམ་པོ་ཡིན་པ་དང་དོ་དམ་བྱེད་ན་སྟབས་བདེ་ཡིན་པའི་རྩ་དོན་ལྟར། མཉམ་འབྲེལ་ཏང་ཀྲི་པུའུ་འཛུགས་དགོས། མཉམ་འབྲེལ་ཏང་ཀྲི་པུའུ་དེས་ཁེབས་པའི་ལས་ཁུངས་སྤྱིར་བཏང་དུ5ལས་མི་བརྒལ་བ་ཡིན།

དུས་ཡུན་ཟླ་ངོ6ཡན་ཆད་ཀྱི་བཟོ་སྐྲུན་དང་བྱ་བའི་ལས་གཞི་སོགས་ཆ་རྐྱེན་དང་མཐུན་ཚེ། ཏང་ཀྲི་པུའུ་འཛུགས་དགོས།

ཡུལ་འཁྱར་ཏང་ཡོན་ཅུང་མང་བ་དང་།  བྱ་བ་ལས་ཡུལ་ལམ་ཡང་ན་གཞིས་ཆགས་སྡོད་གནས་དེ་ལྟོས་བཅས་ཀྱིས་བརྟན་པོ་དང་གཅིག་བསྡུས་ཡིན་ན། ཡུལ་འཁྱར་འགྲོ་སའི་ཏང་རྩ་འཛུགས་ཀྱིས་ཡུལ་འཁྱར་འོང་སའི་ཏང་རྩ་འཛུགས་ལ་གྲོས་བྱས་ཏེ། གླིང་ཁུལ་དང་ཚོང་ཚོགས། ལས་རིགས་མཐུན་ཚོགས། གཞན་ཡུལ་དུ་སྡོད་པའི་དོན་སྒྲུབ་ལས་ཁུངས་སོགས་ལ་རྒྱབ་རྟེན་བཅོལ་ནས་ཡུལ་འཁྱར་ཏང་ཡོན་གྱི་ཏང་ཀྲི་པུའུ་འཛུགས་དགོས།

དོན་ཚན་དྲུག་པ། ཏང་ཀྲི་པུའུ་ཞིག་འཛུགས་པ་ལ། སྤྱིར་བཏང་དུ་གཞི་རིམ་ལས་ཁུངས་ཀྱིས་རེ་འདུན་བཏོན་ནས། གནས་སའི་ཞང་གྲོང་རྡལ(སྲང་ལམ)དང་ཡང་ན་ལས་ཁུངས་གཞི་རིམ་གྱི་ཏང་ཨུས་གྲོས་ཚོགས་བསྡུས་ནས་ཞིབ་འཇུག་ཐག་གཅོད་བྱེད་པར་མ་ཟད་མཆན་འགོད་བཀའ་ལན་གནང་བ་དང་། མཆན་འགོད་བཀའ་ལན་གྱི་དུས་ཚོད་སྤྱིར་བཏང་དུ་ཟླ་བ1ལས་བརྒལ་མི་ཆོག

གཞི་རིམ་གྱི་ཏང་ཨུས་ཞིབ་བཤེར་ཆོག་མཆན་བཀོད་ནས་འཐད་པ་བྱུང་རྗེས།གཞི་རིམ་ལས་ཁུངས་ཀྱིས་ཏང་ཡོན་ཚོགས་ཆེན་བསྡུས་ནས་ཏང་ཀྲི་པུའུ་ཨུ་ཡོན་ལྷན་ཁང་ངམ་ཡང་ན་ཨུ་ཡོན་ལྷན་ཁང་མི་འཛུགས་པའི་ཏང་ཀྲི་པུའུ་ཧྲུའུ་ཅི་དང་ཧྲུའུ་ཅི་གཞོན་པ་འདེམ་བསྐོ་བྱས་ནས་ཐོན་དགོས་པ་ཡིན།  མཆན་འགོད་བཀའ་ལན་གནང་བ་དང་འདེམ་བསྐོ་བྱས་པའི་མཇུག་འབྲས་དེ་གཞི་རིམ་གྱི་ཏང་ཨུས་གོང་རིམ་གྱི་ཏང་ཨུའི་རྩ་འཛུགས་སྡེ་ཁག་ལ་ཞུ་འབུལ་བྱས་ནས་སྙན་སེང་ཐོ་འགོད་བྱེད་དགོས།

བྱ་བའི་དགོས་མཁོ་ལྟར། གོང་རིམ་གྱི་ཏང་ཨུས་ཐད་ཀར་གཞི་རིམ་ལས་ཁུངས་སུ་ཏང་ཀྲི་པུའུ་འཛུགས་པའི་ཐག་གཅོད་བྱེད་ཆོག

དོན་ཚན་བདུན་པ། ཏང་ཡོན་གྱི་མི་གྲངས་དང་ཡང་ན་གནས་སའི་ལས་ཁུངས་དང་ས་ཁོངས་ལ་འགྱུར་ལྡོག་བྱུང་བའི་རྐྱེན་གྱིས། ཏང་ཀྲི་པུའུ་འཛུགས་པའི་ཆ་རྐྱེན་ཡང་བསྐྱར་མཐུན་པོ་མེད་ན། གོང་རིམ་ཏང་རྩ་འཛུགས་ཀྱིས་དུས་འཕྲལ་དུ་སྡེབ་སྒྲིག་བྱེད་པའམ་ཡང་ན་མེད་པར་བཟོ་དགོས།

ཏང་ཀྲི་པུའུ་ཡི་སྡེབ་སྒྲིག་དང་མེད་པར་བཟོ་བ་དེ། སྤྱིར་བཏང་དུ་ཏང་ཀྲི་པུའུ་ཡིས་གནས་སའི་ཞང་གྲོང(སྲང་ལམ)དང་ཡང་ན་ལས་ཁུངས་གཞི་རིམ་གྱི་ཏང་ཨུ་ལ་ཕུལ་ནས་ཆོག་མཆན་འགོད་དགོས། དེ་མིན་གནས་སའི་ཞང་གྲོང(སྲང་ལམ)དང་ཡང་ན་ལས་ཁུངས་གཞི་རིམ་གྱི་ཏང་ཨུས་ཐད་ཀར་ཐག་གཅོད་བྱས་ཀྱང་ཆོག དེར་མ་ཟད་གོང་རིམ་གྱི་ཏང་ཨུའི་རྩ་འཛུགས་སྡེ་ཁག་ལ་ཞུ་འབུལ་བྱས་ནས་ཐོ་འགོད་སྙན་སེང་ཞུ་དགོས།

དོན་ཚན་བརྒྱད་པ། ལས་འགན་ཆེ་གེ་མོ་ཞིག་ལག་བསྟར་བྱེད་པའི་ཆེད་དུ་གནས་སྐབས་སུ་སྒྲིག་འཛུགས་བྱས་པའི་ལས་ཁུངས་ནས། ཏང་ཡོན་གྱི་རྩ་འཛུགས་འབྲེལ་བ་སྤོ་བསྒྱུར་མི་བྱེད་ན། གོང་རིམ་ཏང་རྩ་འཛུགས་ཀྱིས་ཆོག་མཆན་བཀོད་པ་བརྒྱུད་ནས། གནས་སྐབས་ཀྱི་ཏང་ཀྲི་པུའུ་འཛུགས་ཆོག

གནས་སྐབས་ཀྱི་ཏང་ཀྲི་པུའུ་ཡིས་གཙོ་བོ་ཏང་ཡོན་རྩ་འཛུགས་བྱས་ནས་ཆབ་སྲིད་སློབ་སྦྱོང་སྤེལ་དགོས་པ་དང་། ཏང་ཡོན་ལ་སློབ་གསོ་དོ་དམ་དང་ལྟ་སྐུལ་བྱེད་དགོས་པ་ལས། ཏང་ནང་དུ་ཞུགས་པའི་ཧུར་བརྩོན་ཅན་ལ་སློབ་གསོ་དང་སྐྱེད་སྲིང་བྱེད་པ་སོགས་ཀྱི་ཐད། སྤྱིར་བཏང་དུ་ཏང་ཡོན་འཕེལ་རྒྱས་གཏོང་བ་དང་ཏང་ཡོན་ལ་ཉེས་ཆད་གཅོད་པ་ཅི་ཡང་མི་བྱེད་ཅིང་། ཏང་གི་གྲོན་དངུལ་བསྡུ་ལེན་མི་བྱེད་ལ། ཏང་གི་འཐུས་མི་ཚོགས་ཆེན་གྱི་འཐུས་མི་འདེམ་བསྐོ་དང་སྐབས་བརྗེ་བ་སོགས་ཀྱང་མི་བྱེད།

གནས་སྐབས་ཀྱི་ཏང་ཀྲི་པུའུ་ཧྲུའུ་ཅི་དང་ཧྲུའུ་ཅི་གཞོན་པ་དང་ཨུ་ཡོན་ནི་ཆོག་མཆན་བཀོད་ནས་བཙུགས་པའི་ཏང་རྩ་འཛུགས་ཀྱིས་མཛུབ་སྟོན་གཏན་འཁེལ་བྱེད་དགོས། གནས་སྐབས་སུ་སྒྲིག་འཛུགས་བྱས་པའི་ལས་ཁུངས་དེ་མེད་པར་བཟོས་པའི་རྗེས་སུ། གནས་སྐབས་ཀྱི་ཏང་ཀྲི་པུའུ་དེ་ཡང་རང་ཤུགས་ཀྱིས་མེད་པར་བཟོས་པ་ཡིན།

ལེའུ་གསུམ་པ། གཞི་རྩའི་ལས་འགན།

དོན་ཚན་དགུ་པ། ཏང་ཀྲི་པུའུ་ཡི་གཞི་རྩའི་ལས་འགན་ནི།

(གཅིག) ཏང་གི་རིགས་པའི་གཞུང་ལུགས་དང་ལམ་ཕྱོགས་བྱེད་ཕྱོགས་སྲིད་ཇུས་བཅས་དྲིལ་སྒྲོག་དང་ལག་ལེན་དངོས་འབེབས་བྱས་ཏེ། ཏང་ཀྲུང་དབྱང་དང་གོང་རིམ་ཏང་རྩ་འཛུགས་དང་ཏང་ཀྲི་པུའུ་འདི་གའི་གྲོས་ཆོད་ལེགས་པར་དྲིལ་སྒྲོག་དང་ལག་བསྟར་བྱེད་དགོས།རང་ས་ཁུལ་དང་རང་སྡེ་ཁག རང་ལས་ཁུངས་ཀྱི་དོན་དག་གལ་ཆེན་གྲོས་བསྡུར་ཐག་གཅོད་དམ་ཡང་ན་གྲོས་ཞུགས་ཐག་གཅོད་བྱེད་དགོས་ཤིང་། ཏང་ཡོན་གྱི་གདོང་ལེན་མིག་དཔེའི་ནུས་པ་གང་ལེགས་ཀྱིས་འདོན་སྤེལ་བྱས་ཏེ། མཐུན་སྒྲིལ་ངང་མང་ཚོགས་རྩ་འཛུགས་བྱེད་པ་དང་། རང་ས་ཁུལ་དང་རང་སྡེ་ཁག རང་ལས་ཁུངས་བཅས་ཀྱིས་ཁུར་དུ་བླངས་པའི་ལས་འགན་ཧུར་བརྩོན་གྱིས་འགྲུབ་པར་བྱེད་དགོས།

(གཉིས) ཏང་ཡོན་རྩ་འཛུགས་བྱས་ནས་ནན་ཏན་གྱིས་མར་ཁེ་སི་ལེ་ཉིན་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ། ཞི་ཅིན་ཕེན་གྱི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་བཅས་སློབ་སྦྱོང་བྱེད་དགོས་པ་དང་། “སློབ་པ་གཉིས་དང་བྱེད་པ་གཅིག”གི་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དུ་འགྱུར་བར་སྐུལ་འདེད་བྱེད་པ་དང་།ཏང་གི་ལམ་ཕྱོགས་བྱེད་ཕྱོགས་སྲིད་ཇུས་དང་གྲོས་ཆོད་བཅས་སློབ་སྦྱོང་བྱས་ཏེ། ཏང་གི་རྩ་བའི་ཤེས་བྱ་སློབ་སྦྱོང་དང་། ཚན་རིག་རིག་གནས། བཅའ་ཁྲིམས། ལས་སྒོའི་ཤེས་བྱ་བཅས་སློབ་སྦྱོང་བྱེད་དགོས། བསམ་བློའི་ཆབ་སྲིད་བྱ་བ་དང་འདུ་ཤེས་འཛིན་སྟངས་ཀྱི་བྱ་བ་ལེགས་པར་སྒྲུབ་དགོས།

(གསུམ)ཏང་ཡོན་ལ་སློབ་གསོ་དང་དོ་དམ། ལྟ་སྐུལ་དང་ཞབས་ཞུ་སོགས་བྱས་ཏེ། ཆབ་སྲིད་ཀྱི་སློབ་གསོ་འབུར་དུ་ཐོན་པར་བྱེད་པ་དང་། ཏང་ཡོན་གྱི་བྱང་ཚད་མཐོར་འདེགས་བཏང་སྟེ། ཕུགས་བསམ་ཡིད་ཆེས་བརྟན་པོར་གཏོང་བ། ཏང་གཤིས་ཇེ་དྲག་ཏུ་གཏོང་བ།ཏང་གི་རྩ་འཛུགས་འཚོ་བ་གཟབ་ནན་བྱེད་པ་དང་། སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་སྤེལ་ནས། ཏང་གི་སྒྲིག་ཁྲིམས་སྲུང་སྐྱོང་དང་ལག་བསྟར་བྱེད་དགོས་ལ། ཏང་ཡོན་ལ་ལྟ་སྐུལ་བྱས་ནས་ཁ་མིན་དོན་གྱིས་འོས་འགན་ལག་བསྟར་བྱེད་དགོས་ཤིང་། ཏང་ཡོན་གྱི་ཁེ་དབང་ལ་གནོད་འཚེ་མི་ཐེབས་པར་འགན་སྲུང་བྱེད་དགོས། ཡུལ་འཁྱར་ཏང་ཡོན་གྱི་དོ་དམ་ལ་ཤུགས་སྣོན་དང་ལེགས་བཅོས་བྱེད་དགོས། འཚོ་བར་དཀའ་ཁག་ཆེ་བའི་ཏང་ཡོན་དང་ཏང་ཡོན་རྒན་པར་ཐུགས་ཁུར་དང་རོགས་སྐྱོར་བྱེད་དགོས། ཏང་གི་གྲོན་དངུལ་བསྡུ་སྤྲོད་དང་བཀོལ་སྤྱོད་དང་དོ་དམ་གྱི་བྱ་བ་ལེགས་པོར་སྒྲུབ་དགོས། སྒྲིག་སྲོལ་ལྟར་ཚད་མཐུན་མིན་པའི་ཏང་ཡོན་ལ་འོས་འཚམ་གྱིས་ཐག་གཅོད་བྱེད་དགོས།

(བཞི)མང་ཚོགས་ལ་འབྲེལ་འདྲིས་དམ་ཟབ་བྱས་ཏེ། མང་ཚོགས་ལ་ཏང་གི་སྲིད་ཇུས་དྲིལ་སྒྲོག་བྱེད་པ་དང་། དུས་རྒྱུན་དུ་མང་ཚོགས་ཀྱིས་ཏང་ཡོན་དང་ཏང་གི་བྱ་བར་སྐྱོན་བརྗོད་དང་བསམ་འཆར་འདོན་པར་རྒྱུས་ལོན་བྱེད་དགོས་པ་དང་། མང་ཚོགས་ཀྱིས་སྐྱིད་སྡུག་ཞུས་པ་ལ་རྒྱུས་ལོན་བྱས་ནས། མང་ཚོགས་ཀྱི་ལུགས་མཐུན་ཁེ་དབང་དང་ཁེ་ཕན་སྲུང་སྐྱོང་བྱེད་པ་དང་། མང་ཚོགས་ཀྱི་བསམ་བློའི་ཆབ་སྲིད་བྱ་བ་ལེགས་པར་བསྒྲུབས་ནས། རྒྱ་ཆེའི་མང་ཚོགས་ཀྱི་བློ་གྲོས་དང་སྟོབས་ཤུགས་གོང་བུ་གཅིག་ཏུ་འགྲིལ་བར་བྱེད་དགོས། རང་ས་ཁུལ་དང་རང་སྡེ་ཁག རང་ལས་ཁུངས་ཀྱི་བཟོ་ཚོགས་དང་ན་གཞོན་ལྷན་ཚོགས།བུད་མེད་རྩ་འཛུགས་སོགས་མང་ཚོགས་ཚོགས་པའི་རྩ་འཛུགས་དག་ལ་མགོ་ཁྲིད་དེ། ཁོ་ཚོས་རང་རང་གི་སྒྲིག་ཡིག་ལྟར་རང་རྐྱ་ཐུབ་པར་འགན་འཁུར་པའི་སྒོ་ནས་བྱ་བ་སྤེལ་བར་རྒྱབ་སྐྱོར་བྱེད་དགོས།

(ལྔ) ཏང་ནང་དུ་ཞུགས་པའི་རེ་འདུན་ཞུས་པའི་ཧུར་བརྩོན་ཅན་ལ་སློབ་གསོ་དང་སྐྱེད་སྲིང་བྱས་ནས། རྒྱུན་ལྡན་རང་བཞིན་གྱི་ཏང་ཡོན་སྐྱེད་སྲིང་བྱ་བ་ལེགས་སྒྲུབ་བྱེད་དགོས་པ་དང་། ཆབ་སྲིད་ཀྱི་ཚད་གཞི་གཙོ་གནས་སུ་བཞག་སྟེ། བརྒྱུད་རིམ་གཟབ་ནན་དང་སྒྲིག་ཁྲིམས་ནན་མོ་བྱེད་དགོས། ཆབ་སྲིད་སྤུས་ཚད་དྭངས་གཙང་ཡིན་པའི་ཏང་ཡོན་སྐྱེད་སྲིང་བྱེད་དགོས། ཏང་ཡོན་དང་མང་ཚོགས་ཁྲོད་ཀྱི་ཕུལ་བྱུང་འཇོན་མི་གསར་དུ་མཐོང་བ་དང་སྐྱེད་སྲིང་དང་འོས་སྦྱོར་བྱེད་དགོས།

(དྲུག) ཏང་ཡོན་ལས་བྱེད་པ་དང་གཞན་པའི་ལས་བྱེད་མི་སྣ་སུ་ལ་ཡང་ལྟ་སྐུལ་བྱས་ནས། རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་གཟབ་ནན་གྱིས་བརྩི་སྲུང་བྱེད་པ་དང་། རྒྱལ་ཁབ་ཀྱི་ནོར་སྲིད་དཔལ་འབྱོར་ཁྲིམས་སྲོལ་དང་མི་དོན་ལམ་ལུགས་གཟབ་ནན་གྱིས་བརྩི་སྲུང་བྱེད་དགོས་ཤིང་། རྒྱལ་ཁབ་དང་ཐུན་མོང་དང་མང་ཚོགས་ཀྱི་ཁེ་ཕན་ཧམ་བཟུང་བྱེད་མི་ཆོག

(བདུན)དངོས་ཐོག་བདེན་འཚོལ་གྱིས་ཏང་གི་འཛུགས་སྐྲུན་དང་ཏང་གི་བྱ་བར་བསམ་འཆར་དང་གྲོས་གཞི་བཏོན་ནས། དུས་ཐོག་ཏུ་རིམ་པ་གོང་མའི་ཏང་རྩ་འཛུགས་ལ་གནས་ཚུལ་གལ་ཆེན་ཡར་ཞུ་བྱེད་དགོས།ཏང་ཡོན་དང་མང་ཚོགས་ལ་སློབ་གསོ་བཏང་ནས་རང་རྟོགས་ཀྱིས་མི་ལེགས་པའི་ཕྱོགས་ཞེན་འགོག་དགོས་པ་དང་། བློ་ཐག་རྦད་ཆོད་ཀྱིས་སྒྲིག་འགལ་ཁྲིམས་འགལ་གྱི་བྱ་སྤྱོད་སྣ་ཚོགས་ལ་འཐབ་རྩོད་བྱེད་དགོས།

(བརྒྱད)གཏན་འབེབས་ནང་ལྟར། ཏང་ཡོན་དང་མང་ཚོགས་ལ་ཏང་གི་བྱ་བའི་གནས་ཚུལ་ཁྱབ་བསྒྲགས་བྱེད་དགོས་ཤིང་། ཏང་ནང་གི་འབྲེལ་ཡོད་ལས་དོན་ཡོངས་བསྒྲགས་བྱེད་དགོས།

དོན་ཚན་བཅུ་པ། ཁྱབ་ཁོངས་མི་འདྲ་བའི་ཏང་ཀྲི་པུའུ་ཡིས་དོན་དངོས་དང་ཟུང་འབྲེལ་བྱས་ནས། སོ་སོས་རང་རང་གི་གནད་སའི་ལས་འགན་མི་འདྲ་བ་ཁུར་དུ་ལེན་དགོས།

(གཅིག) སྡེ་བའི་ཏང་ཀྲི་པུའུ་ཡིས། ཕྱོགས་ཡོངས་ནས་རང་སྡེ་བར་གཏོགས་པའི་རྩ་འཛུགས་མི་འདྲ་བ་དང་བྱ་བ་སྣ་ཚོགས་ལ་མགོ་ཁྲིད་དགོས་པ་དང་། གྲོང་གསེབ་དར་སྤེལ་གྱི་འཐབ་ཇུས་ལག་བསྟར་ལ་དམིགས་ནས་བྱ་བ་སྤེལ་དགོས་ཤིང་། ཞིང་པ་མང་ཚོགས་ལ་རྩ་འཛུགས་དང་སྣེ་ཁྲིད་དེ་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་གཏོང་དགོས་པ་དང་།ཐུན་མོང་འབྱོར་ཕྱུག་གི་བགྲོད་ལམ་དུ་བསྐྱོད་ནས། སྡེ་བ་རིམ་པའི་བཅོས་སྐྱོང་ལ་མགོ་ཁྲིད་དང་། འཆམ་མཐུན་མཛེས་སྡུག་གི་ཡུལ་གྲོང་འཛུགས་སྐྲུན་བྱེད་དགོས། དབུལ་ཕོངས་སྡེ་བའི་ཏང་ཀྲི་པུའུ་ཡིས་ཅིས་ཀྱང་མང་ཚོགས་ལ་སྐུལ་སློང་དང་སྣེ་ཁྲིད་བྱས་ནས། སྟོབས་ཤུགས་ཡོད་རྒུས་དབུལ་ཐར་འགག་སྒྲོལ་གྱི་འཐབ་འཛིང་ལས་རྒྱལ་བར་བྱེད་དགོས། 

(གཉིས) སྡེ་ཁུལ་གྱི་ཏང་ཀྲི་པུའུ་ཡིས། ཕྱོགས་ཡོངས་ནས་རང་སྡེ་ཁུལ་ལ་གཏོགས་པའི་རྩ་འཛུགས་མི་འདྲ་བ་དང་བྱ་བ་སྣ་ཚོགས་ལ་མགོ་ཁྲིད་དགོས་པ་དང་། ཏང་གིས་གྲོང་ཁྱེར་ནས་སྲིད་སྐྱོང་བའི་རྨང་གཞི་སྲ་བརྟན་གཏོང་བ་དང་མང་ཚོགས་ཀྱི་བདེ་སྐྱིད་ཆེ་རུ་བཏང་ནས་བྱ་བ་སྤེལ་བར་དམིགས་ཏེ། གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ལ་མགོ་ཁྲིད་བྱེད་པ།མངའ་ཁུལ་གྱི་ཐོན་ཁུངས་ཧྲག་སྡེབ་ལ་རྩ་འཛུགས་བྱེད་པ། སྡེ་ཁུལ་གྱི་མང་ཚོགས་ལ་ཞབས་ཞུ་དང་འཆམ་མཐུན་བརྟན་བརླིང་སྲུང་སྐྱོང་། མཛེས་སྡུག་གི་ཁྱིམ་གཞིས་སྐྲུན་ཅི་ཐུབ་བཅས་བྱེད་དགོས།

(གསུམ) རྒྱལ་དབང་ཁེ་ལས་དང་ཐུན་མོང་ཁེ་ལས་ཁྲོད་ཀྱི་ཏང་ཀྲི་པུའུ་ཡིས། ཏང་དང་རྒྱལ་ཁབ་ཀྱི་བྱེད་ཕྱོགས་སྲིད་ཇུས་ལག་བསྟར་མཐིལ་ཕྱིན་ལ་ལྟ་སྐུལ་བྱེད་པར་ཁག་ཐེག་བྱས་ཏེ། ཁེ་ལས་ཀྱི་ཐོན་སྐྱེད་བདག་གཉེར་ལ་དམིགས་ནས་བྱ་བ་སྤེལ་དགོས་པ་དང་།གཏན་འཁེལ་ལྟར་ཁེ་ལས་གནད་དོན་གལ་ཆེན་གྱི་ཇུས་ཆོད་ལ་ཞུགས་པ། བཅོས་བསྒྱུར་འཕེལ་རྒྱས་ལ་ཞབས་ཞུ་དང་། ལས་བཟོ་པ་དང་མང་ཚོགས་གཅིག་ཏུ་བསྡུས་པ། ཁེ་ལས་རིག་གནས་འཛུགས་སྐྲུན་བྱེད་པ་བཅས་ཀྱི་སྒོ་ནས། རྩེར་སོན་གྱི་གྲུབ་འབྲས་གསར་སྐྲུན་བྱེད་དགོས།

(བཞི) མཐོ་རིམ་སློབ་གྲྭའི་ཁྲོད་ཀྱི་ཏང་ཀྲི་པུའུ་ཡིས། ཏང་གི་སློབ་གསོའི་བྱེད་ཕྱོགས་ལག་ལེན་དངོས་འབེབས་ལ་ལྟ་སྐུལ་བྱེད་པར་ཁག་ཐེག་བྱས་ཏེ། མར་ཁེ་སི་རིང་ལུགས་ཀྱི་མཐོ་རིམ་སློབ་གྲྭའི་འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་མཛུབ་སྟོན་གོ་གནས་བརྟན་པོར་གཏོང་བ་དང་། བསམ་བློའི་ཆབ་སྲིད་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་བྱས་ནས།སློབ་མའི་ཕུགས་བསམ་ཡིད་ཆེས་ཀྱི་གཞི་རྩ་བརྟན་པོ་བཟོ་བ་དང་། ཀུན་སྤྱོད་ལེགས་བཞེངས་ཀྱི་རྩ་བའི་ལས་འགན་དངོས་འབེབས་བྱས་ཏེ། སློབ་ཁྲིད་ཚན་ཞིབ་ཀྱི་ལས་འགན་སྣ་ཚོགས་འགྲུབ་པར་ཁག་ཐེག་བྱེད་དགོས།

(ལྔ) སྤྱི་དབང་ལམ་ལུགས་མ་ཡིན་པའི་དཔལ་འབྱོར་རྩ་འཛུགས་ཁྲོད་ཀྱི་ཏང་ཀྲི་པུའུ་ཡིས། ཁེ་ལས་ལ་ཁྲིད་སྟོན་དང་ལྟ་སྐུལ་བྱས་ཏེ་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་གཟབ་ནན་གྱིས་བརྩི་སྲུང་བྱེད་དགོས་པ་དང་། ལས་བཟོ་པ་དང་མང་ཚོགས་ལ་མཐུན་སྒྲིལ་དང་གཅིག་བསྡུས་བྱས་ཏེ། ཁྲིམས་ལྟར་ཕྱོགས་སོ་སོའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་དགོས་པ་དང་། ཁེ་ལས་ཀྱི་སྔོན་ཐོན་རིག་གནས་འཛུགས་སྐྲུན་བྱས་ཏེ། ཁེ་ལས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བྱེད་དགོས།

(དྲུག) སྤྱི་ཚོགས་རྩ་འཛུགས་ཁྲོད་ཀྱི་ཏང་ཀྲི་པུའུ་ཡིས། སྤྱི་ཚོགས་རྩ་འཛུགས་ལ་ཁྲིད་སྟོན་དང་ལྟ་སྐུལ་བྱས་ཏེ། ཁྲིམས་ལྟར་ལས་གཉེར་བྱེད་པ་དང་ཁ་དན་ཚིག་གནས་ཀྱིས་ལས་གཉེར་བྱེད་དགོས་ཤིང་། ལས་བཟོ་པ་དང་མང་ཚོགས་ལ་སློབ་གསོ་དང་ཁྲིད་སྟོན་བྱས་ཏེ།ཆབ་སྲིད་ཀྱི་ཁས་ལེན་ཤུགས་ཇེ་དྲག་ཏུ་གཏོང་བ། སྤྱི་ཚོགས་རྩ་འཛུགས་གོ་རིམ་དང་ལྡན་པའི་ངང་སྤྱི་ཚོགས་བཅོས་སྐྱོང་ལ་ཞུགས་པ་དང་། སྤྱི་པའི་ཞབས་ཞུ་འདོན་སྤྲོད་བྱེད་པ། སྤྱི་ཚོགས་ཀྱི་འགན་འཁྲི་ཁུར་དུ་ལེན་པར་ཁྲིད་སྟོན་དང་རྒྱབ་སྐྱོར་བྱེད་དགོས།

(བདུན) ལས་དོན་སྡེ་ཚན་ཁྲོད་ཀྱི་ཏང་ཀྲི་པུའུ་ཡིས། བཅོས་བསྒྱུར་འཕེལ་རྒྱས་ཀྱི་ཁ་ཕྱོགས་ཡང་དག་ལ་ལྟ་སྐུལ་བྱེད་པར་ཁག་ཐེག་བྱས་ཏེ།ཇུས་ཆོད་གལ་ཆེན་ལ་ཞུགས་པ་དང་། ཤེས་ལྡན་མི་སྣ་འཚར་ལོངས་འབྱུང་བར་ཞབས་འདེགས་ཞུས་ཏེ། དོན་ལས་བྱ་གཞག་འཕེལ་རྒྱས་འགྲོ་བར་ཡར་སྐུལ་བྱེད་དགོས། ལས་དོན་སྡེ་ཚན་ཁྲོད་དུ་མགོ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་པའི་ཏང་ཀྲི་པུའུ་ཡིས། གལ་ཆེའི་གནད་དོན་ལ་གྲོས་བསྡུར་བགྲོ་གླེང་དང་ཐག་གཅོད་གཏན་འབེབས་བྱེད་དགོས།

(བརྒྱད) རིམ་པ་སོ་སོའི་ཏང་དང་རྒྱལ་ཁབ་ལས་ཁུངས་ཁྲོད་ཀྱི་ཏང་ཀྲི་པུའུ་ཡིས། ལྟེ་བར་ལ་ཞབས་ཞུ་དང་དཔུང་ཁག་འཛུགས་སྐྲུན་ལ་དམིགས་ནས་བྱ་བ་སྤེལ་དགོས་པ་དང་།ཏང་ཡོན་ལ་སློབ་གསོ་དང་དོ་དམ། ལྟ་སྐུལ་བྱེད་པའི་ནུས་པ་འདོན་སྤེལ་བྱས་ཏེ། རང་སྡེ་ཁག་གི་སྲིད་འཛིན་འགན་འཁུར་པར་རོགས་རམ་བྱས་ནས་ལས་འགན་འགྲུབ་པར་བྱེད་པ་དང་བྱ་བ་ལེགས་བཅོས་བྱེད་དགོས།

(དགུ) ཡུལ་འཁྱར་ཏང་ཡོན་གྱི་ཏང་ཀྲི་པུའུ་ཡིས། ཡུལ་འཁྱར་ཏང་ཡོན་རྩ་འཛུགས་བྱས་ནས་ཆབ་སྲིད་སློབ་སྦྱོང་ལེགས་པར་སྤེལ་དགོས་པ་དང་། རྩ་འཛུགས་འཚོ་བ་ལེགས་པར་རོལ་བཞིན་དམངས་གཙོ་དཔྱད་བསྡུར་བྱེད་དགོས་ཤིང་། ཏང་ཡོན་ལ་སྣེ་ཁྲིད་དེ་ཏང་ཡོན་གྱི་འོས་འགན་ལག་བསྟར་བྱེད་པ་དང་། ཏང་ཡོན་གྱི་དབང་ཆ་སྤྱོད་པ། ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། རྩ་འཛུགས་འབྲེལ་བ་དེ་རང་གི་ཏང་ཀྲི་པུའུ་ནང་དུ་མེད་པའི་ཡུལ་འཁྱར་ཏང་ཡོན་གྱི་དམངས་གཙོ་དཔྱད་བསྡུར་སོགས་ཀྱི་གནས་ཚུལ་རྣམས། དེའི་རྩ་འཛུགས་འབྲེལ་བ་ཡོད་སའི་ཏང་ཀྲི་པུའུ་ལ་བརྡ་ཁྱབ་གཏོང་དགོས།

(བཅུ) ལས་བྲལ་དང་ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་པ་དང་ལས་བཟོ་པའི་ཏང་ཀྲི་པུའུ་ཡིས། ཏང་གི་ལམ་ཕྱོགས་དང་བྱེད་ཕྱོགས་སྲིད་ཇུས་དྲིལ་སྒྲོག་དང་ལག་བསྟར་བྱེད་དགོས་ཤིང་། ཏང་ཡོན་གྱི་དོན་དངོས་གནས་ཚུལ་གཞིར་བཟུང་ནས། སློབ་སྦྱོང་ལ་ཞུགས་པར་རྩ་འཛུགས་བྱེད་པ་དང་། ཏང་གི་རྩ་འཛུགས་འཚོ་བ་སྤེལ་བ།བསམ་འཆར་དང་གྲོས་གཞིར་མཉན་པ། ཁོ་ཚོར་ཁྲིད་སྟོན་བྱས་ནས་རང་སྟེང་གི་གནས་ཚུལ་ངོ་མ་དང་ཟུང་འབྲེལ་སྒོས་ནུས་པ་འདོན་སྤེལ་བྱེད་དགོས།

ལེའུ་བཞི་པ། བྱ་བའི་ནང་རྐྱེན།

དོན་ཚན་བཅུ་གཅིག་པ། ཏང་ཀྲི་པུའུ་ཡི་ཏང་ཡོན་ཚོགས་ཆེན་ནི་ཏང་ཀྲི་པུའུ་ཡི་གྲོས་དོན་ཇུས་ཐག་གཅོད་པའི་ལས་ཁུངས་ཡིན་ལ། ཏང་ཡོན་ཡོངས་རྫོགས་ཞུགས་པ་དང་། སྤྱིར་བཏང་དུ་དུས་ཚིགས་རེར་ཐེངས་རེ་འཚོགས་པ་ཡིན།

ཏང་ཀྲི་པུའུ་ཏང་ཡོན་ཚོགས་ཆེན་གྱི་འགན་དབང་ནི། ཏང་ཀྲི་པུའུ་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་ལ་ཉན་པ་དང་ཞིབ་བཤེར་བྱེད་པ། གཏན་འབེབས་ལྟར་ཏང་ཀྲི་པུའུ་ཡི་འདེམ་བསྐོ་བྱ་བ་སྤེལ་ནས། རིམ་པ་གོང་མའི་ཏང་གི་འཐུས་མི་ཚོགས་ཆེན་ལ་ཞུགས་པའི་འཐུས་མི་འདེམ་སྒུག་པ་འོས་སྦྱོར་བྱེད་པ་དང་། རིམ་པ་གོང་མའི་ཏང་གི་འཐུས་མི་ཚོགས་ཆེན་ལ་ཞུགས་པའི་འཐུས་མི་འདེམ་བསྐོ་བྱེད་པ། གྲ་སྒྲིག་ཏང་ཡོན་སྡུད་ལེན་བྱེད་པ་དང་གྲ་སྒྲིག་ཏང་ཡོན་དངོས་གཞིར་བསྒྱུར་བ། གྲ་སྒྲིག་དུས་ཡུན་རིང་དུ་བསྲིང་བའམ་ཡང་ན་གྲ་སྒྲིག་ཏང་ཡོན་གྱི་ཐོབ་ཐང་མེད་པར་བཟོ་བ་བཅས་ལ་བགྲོ་གླེང་དང་བརྡས་ཐག་གཅོད་པ། ཏང་ཡོན་ལ་གཟེངས་བསྟོད་བྱེད་པ་དང་རྩ་འཛུགས་ཐག་གཅོད། སྒྲིག་ཁྲིམས་ཉེས་ཆད་ལ་གྲོས་བསྡུར་དང་ཐག་གཅོད་པ། གཞན་པའི་དོན་དག་གལ་ཆེན་ཐག་གཅོད་བྱེད་པ་བཅས་ཡིན།

སྡེ་བ་དང་སྡེ་ཁུལ་གྱི་དོན་དག་གལ་ཆེན་དང་དེ་མིན་མང་ཚོགས་ཀྱི་ཁེ་ཕན་ལ་འབྲེལ་བ་དམ་ཟབ་ཡོད་པའི་དོན་དག་རྣམས། ངེས་པར་ཏང་ཀྲི་པུའུ་ཡི་ཏང་ཡོན་ཚོགས་ཆེན་བརྒྱུད་ནས་གྲོས་བསྡུར་བྱེད་དགོས།

ཏང་ཀྲི་པུའུ་ཡི་ཏང་ཡོན་ཚོགས་ཆེན་གྱི་གྲོས་དོན་དེ་བརྡས་ཐག་གཅོད་པར་མ་སྤྲད་སྔོན་ལ། ངེས་པར་གྲོས་བསྡུར་གང་ལེགས་བྱེད་དགོས། བརྡས་ཐག་གཅོད་པར་ངེས་པར་བརྡས་ཐག་གཅོད་དབང་ཡོད་པའི་ཏང་ཡོན་གྱི་ཕྱེད་གྲངས་ཡན་ཆད་ཚོགས་འདུར་ཐོན་ན་ད་གཟོད་ཐག་གཅོད་བྱེད་ཆོག་ལ། ཡིད་འཐད་བྱུང་བའི་མི་གྲངས་དེ་བརྡས་ཐག་གཅོད་དབང་ཡོད་པའི་ཏང་ཡོན་ཚོགས་འདུར་ཐོན་པའི་ཕྱེད་གྲངས་ཡན་དུ་བརྒལ་ན་གྲོས་འཆམ་འབྱུང་བ་ཡིན།

དོན་ཚན་བཅུ་གཉིས་པ། ཏང་ཀྲི་པུའུ་ཨུ་ཡོན་ལྷན་ཁང་ནི་ཏང་ཀྲི་པུའུ་ཡི་ཉིན་རྒྱུན་བྱ་བའི་མགོ་ཁྲིད་ལས་ཁུངས་ཡིན། ཏང་ཀྲི་པུའུ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ནི་སྤྱིར་བཏང་དུ་ཟླ་རེར་ཐེངས་རེ་འཚོགས་པ་ཡིན། དགོས་མཁོ་ལྟར་ག་དུས་ཡིན་ནའང་འཚོགས་ཆོག་པ་ཡིན་ལ། ཏང་ཀྲི་པུའུ་ཡི་བྱ་བ་གལ་ཆེན་ལ་གྲོས་བསྡུར་བྱེད་པ་དང་ཐག་གཅོད་བྱེད་པ་སོགས་ཡིན། ཏང་ཀྲི་པུའུ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ལ་ཨུ་ཡོན་གྱི་ཕྱེད་གྲངས་ཡན་ཆད་ཚོགས་འདུར་ཐོན་པ་ཡིན་ན་ད་གཟོད་ཐག་གཅོད་བྱེད་ཆོག་ཅིང་། དོན་དག་གལ་ཆེན་ཡིན་ན་ཏང་ཡོན་ཚོགས་ཆེན་ལ་ཐག་གཅོད་བྱེད་པར་མ་སྤྲད་སྔོན། སྤྱིར་བཏང་དུ་ཏང་ཀྲི་པུའུ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བརྒྱུད་ནས་གྲོས་བསྡུར་བྱེད་དགོས།

དོན་ཚན་བཅུ་གསུམ་པ། ཏང་ཡོན་གྱི་མི་གྲངས་ཅུང་མང་བའམ་ཡང་ན་ཏང་ཡོན་གྱི་བྱ་བ་སྒྲུབ་གནས་དང་སྡོད་གནས་ཅུང་ཟད་ཁ་ཐོར་ཡིན་པའི་ཏང་ཀྲི་པུའུ་ཡིས། བྱ་འགུལ་སྤེལ་བར་རྩ་འཛུགས་བྱེད་བདེ་བའི་རྩ་དོན་ལྟར། ཏང་གི་ཚན་ཆུང་དུ་མར་དབྱེ་དགོས་པར་མ་ཟད། ཏང་གི་ཚན་ཆུང་གི་ཚན་གཙོ་འཛུགས་དགོས། ཏང་གི་ཚན་ཆུང་གི་ཚན་གཙོ་དེ་ཏང་ཀྲི་པུའུ་ཡིས་དམིགས་བཙུགས་གཏན་འཁེལ་བྱེད་དགོས་ལ། ཏང་ཚན་ཆུང་གནས་སའི་ཏང་ཡོན་གྱིས་འོས་སྦྱོར་བྱས་ནས་བསྐོས་ན་ཡང་ཆོག

ཏང་ཚན་ཆུང་གིས་གཙོ་བོ་ཏང་ཀྲི་པུའུ་ཡི་བྱ་བའི་བླང་བྱ་དངོས་འབེབས་བྱེད་དགོས་པ་དང་།ཏང་ཀྲི་པུའུ་ཡིས་བཀོད་སྒྲིག་བྱས་པའི་ལས་འགན་དག་འགྲུབ་པར་བྱེད་དགོས།

ཏང་ཚན་ཆུང་གི་ཚོགས་འདུ་ནི་སྤྱིར་བཏང་དུ་ཟླ་རེར་ཐེངས་རེ་འཚོགས་པ་ཡིན།ཏང་ཡོན་རྩ་འཛུགས་བྱས་ནས་ཆབ་སྲིད་སློབ་སྦྱོང་ལ་ཞུགས་པ་དང་། སེམས་གཏམ་བརྗོད་པ། སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་སོགས་བྱེད་དགོས།

དོན་ཚན་བཅུ་བཞི་པ། ཏང་ཀྲི་པུའུ་ཡི་ཏང་ཡོན་ཚོགས་ཆེན་དང་ཏང་ཀྲི་པུའུ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ལ་ཏང་ཀྲི་པུའུ་ཧྲུའུ་ཅི་ཡིས་གྲོས་ཚོགས་བསྡུ་བར་མ་ཟད་མགོ་འཛིན་བྱེད་དགོས། ཧྲུའུ་ཅི་གྲོས་ཚོགས་ལ་ཞུགས་མི་ཐུབ་ན། ཧྲུའུ་ཅི་གཞོན་པའམ་ཡང་ན་ཨུ་ཡོན་ལ་མངགས་བཅོལ་བྱས་ནས་གྲོས་ཚོགས་བསྡུ་བར་མ་ཟད་མགོ་འཛིན་བྱེད་ཆོག ཏང་ཚན་ཆུང་གི་ཚོགས་འདུ་དེ་ཏང་གི་ཚན་ཆུང་གི་ཚན་གཙོ་ཡིས་སྐོང་འཚོགས་དང་མགོ་འཛིན་བྱེད་དགོས།  

ལེའུ་ལྔ་པ། རྩ་འཛུགས་འཚོ་བ།

དོན་ཚན་བཅོ་ལྔ་པ། ཏང་ཀྲི་པུའུ་ཡིས་ངེས་པར་ཏང་གི་རྩ་འཛུགས་འཚོ་བའི་ལམ་ལུགས་གཟབ་ནན་གྱིས་ལག་བསྟར་བྱེད་དགོས། དུས་རྒྱུན་ནན་ཏན་དང་གཟབ་ནན་སྒོས་སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་བྱེད་དགོས་ཤིང་།ཏང་ནང་གི་ཆབ་སྲིད་འཚོ་བའི་ཆབ་སྲིད་རང་བཞིན་དང་དུས་རབས་རང་བཞིན། རྩ་དོན་རང་བཞིན། འཐབ་འཛིང་རང་བཞིན་བཅས་ཤུགས་ཇེ་དྲག་ཏུ་གཏོང་དགོས།

ཏང་ཡོན་མགོ་ཁྲིད་ལས་བྱེད་པས་ངེས་པར་སྣེ་ཁྲིད་དེ་གནས་སའི་ཏང་ཀྲི་པུའུ་འམ་ཡང་ན་ཏང་ཚན་ཆུང་གི་རྩ་འཛུགས་འཚོ་བར་ཞུགས་དགོས།

དོན་ཚན་བཅུ་དྲུག་པ། ཏང་ཀྲི་པུའུ་ཡིས་ངེས་པར་ཏང་ཡོན་རྩ་འཛུགས་བྱས་ནས་དུས་ལྟར་ཏང་ཡོན་ཚོགས་ཆེན་དང་ཏང་ཚན་ཆུང་གི་ཚོགས་འདུ་དང་ཏང་གི་སློབ་ཁྲིད་ལ་ཞུགས་དགོས་ཤིང་། དུས་བཅད་ལྟར་ཏང་ཀྲི་པུའུ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུ་དགོས།

“ཚོགས་འདུ་གསུམ་དང་སློབ་ཁྲིད་གཅིག”ལ་ངེས་པར་ཆབ་སྲིད་སློབ་སྦྱོང་དང་སློབ་གསོ་འབུར་ཐོན་ཡོང་དགོས་པ་དང་། ཏང་གཤིས་སྦྱོང་བརྡར་འབུར་དུ་ཐོན་པར་བྱས་ནས། “སློབ་པ་གཉིས་དང་བྱེད་པ་གཅིག”ནང་དོན་གཙོ་བོར་འཛིན་དགོས་ཤིང་། ཏང་ཡོན་གྱི་བསམ་བློ་དང་བྱ་བའི་དོན་དངོས་ཟུང་དུ་སྦྲེལ་ཏེ། བརྗོད་གཞི་གཙོ་བོ་དང་བྱེ་བྲག་གི་བྱེད་སྟངས་གཏན་འཁེལ་བྱས་ནས། རྣམ་པ་སྣ་མང་དང་སྣང་ཚུལ་བབ་བརླིང་ལྡན་པ་བྱེད་དགོས།

ཏང་གི་སློབ་ཁྲིད་ལ་ངེས་པར་ཏང་ཡོན་གྱི་བསམ་བློ་དང་བྱ་བའི་དོན་དངོས་ལ་དམིགས་དགོས་ཤིང་། ཡོངས་ཁྱབ་ཏུ་སེམས་ཁུར་བྱེད་པའི་གནད་དོན་ལ་ཨ་ལན་སློག་དགོས། ཉེ་འགྲམ་གྱི་མི་ལ་གཙིགས་མཐོང་དང་ཉེ་འགྲམ་གྱི་དོན་དག་གླེང་སྟེ། ཡིད་དབང་འགུག་ནུས་དང་སེམས་འགུལ་ཐེབས་ནུས་ཤུགས་ཆེ་རུ་གཏོང་དགོས། ཏང་ཡོན་མགོ་ཁྲིད་ལས་བྱེད་པས་ངེས་པར་དུས་བཅད་ལྟར་གཞི་རིམ་གྱི་ཏང་ཡོན་རྣམས་ལ་ཏང་གི་སྐོར་གྱི་ཤེས་བྱ་སློབ་ཁྲིད་བྱེད་དགོས་ཤིང་། ཏང་ཨུ(ཏང་ཙུའུ)ཧྲུའུ་ཅི་ཡིས་ལོ་རེར་ཉུང་མཐའ་ཡང་ཏང་གི་སློབ་ཁྲིད་ཐེངས་གཅིག་བྱེད་དགོས།

ཏང་ཀྲི་པུའུ་ཡིས་ཟླ་བ་རེར་ལྟོས་བཅས་ཀྱིས་ཉིན་གཅིག་ངེས་གཏན་བྱས་ནས་བརྗོད་གཞི་གཙོ་བོའི་ཏང་གི་ཉིན་མོར་རོལ་དགོས་པ་དང་། ཏང་ཡོན་རྩ་འཛུགས་བྱས་ནས་གཅིག་བསྡུས་ཀྱིས་སློབ་སྦྱོང་དང་རྩ་འཛུགས་འཚོ་བར་རོལ་བ། དམངས་གཙོ་དོན་གྲོས་དང་རང་མོས་ཞབས་ཞུ་སོགས་བྱ་དགོས། བརྗོད་གཞི་གཙོ་བོའི་ཏང་གི་ཉིན་མོར་མ་རོལ་བའི་སྔོན་དུ། ཏང་ཀྲི་པུའུ་ཡིས་ངེས་པར་བརྗོད་གཞི་གཙོ་བོ་དང་ནང་དོན་ལ་ནན་ཏན་གྱིས་ཞིབ་འཇུག་བྱས་ནས་གཏན་འཁེལ་བྱེད་དགོས་པ་དང་། ཏང་གི་ཉིན་མོར་རོལ་བའི་རྗེས་སུ་དོན་དག་གྲོས་ཐག་གཅོད་པའི་རྩ་འཛུགས་དང་དངོས་འབེབས་ལེགས་འཛིན་བྱེད་དགོས།

ཏང་རྩ་འཛུགས་ཡིད་འཐད་བྱུང་བ་བརྒྱུད་ནས་རྩ་འཛུགས་འབྲེལ་བ་སྤོར་བསྒྱུར་མ་བྱས་ན་ཆོག་པའི་ཏང་ཡོན་ལ། གནས་སའི་ལས་ཁུངས་དེའི་ཏང་རྩ་འཛུགས་ཀྱིས་ཏང་ཀྲི་པུའུ་འམ་ཡང་ན་ཏང་ཚན་ཆུང་ཞིག་ལ་བཞག་ནས། རྩ་འཛུགས་འཚོ་བར་ཞུགས་ཆོག

དོན་ཚན་བཅུ་བདུན་པ། ཏང་ཀྲི་པུའུ་ཡིས་ལོ་རེར་ཉུང་མཐའ་ཡང་རྩ་འཛུགས་འཚོ་བའི་ཚོགས་འདུ་ཐེངས་གཅིག་རེ་འཚོགས་པ་དང་། སྤྱིར་བཏང་དུ་དུས་ཚིགས་བཞི་པ་རུ་བཀོད་སྒྲིག་བྱེད་དགོས་ལ། བྱ་བའི་དགོས་མཁོ་གཞིར་བཟུང་ནས་ག་དུས་ཡིན་ཡང་འཚོགས་ནའང་ཆོག རྩ་འཛུགས་འཚོ་བའི་ཚོགས་འདུ་དེ་སྤྱིར་བཏང་དུ་ཏང་ཀྲི་པུའུ་ཡི་ཏང་ཡོན་ཚོགས་ཆེན་དང་ཏང་ཀྲི་པུའུ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་སམ་ཡང་ན་ཏང་ཚན་ཆུང་གི་ཚོགས་འདུའི་རྣམ་པས་འཚོགས་དགོས།

རྩ་འཛུགས་འཚོ་བའི་ཚོགས་འདུ་ལ་ངེས་པར་བརྗོད་གཞི་གཙོ་བོ་གཏན་འཁེལ་བྱས་ནས། ཚོགས་འདུའི་སྔོན་ལ་ནན་ཏན་གྱིས་སློབ་སྦྱོང་བྱེད་པ་དང་། ཁ་ཏ་གླེང་མོལ་བྱེད་པ། བསམ་འཆར་ལ་ཉན་དགོས། ཚོགས་ཐོག་ཏུ་གནད་དོན་ཞིབ་བཤེར་གསལ་འདོན་བྱས་ནས་སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་བྱེད་དགོས་ཤིང་། དག་ཐེར་བཅོས་སྐྱོང་གི་ཁ་ཕྱོགས་གསལ་པོ་བྱེད་དགོས། ཚོགས་འདུ་གྲོལ་བའི་རྗེས་སུ་དག་ཐེར་བཅོས་སྐྱོང་གི་བྱེད་ཐབས་བཟོས་ནས། རེ་རེ་བཞིན་དག་ཐེར་དངོས་འབེབས་བྱེད་དགོས།

དོན་ཚན་བཅོ་བརྒྱད་པ། ཏང་ཀྲི་པུའུ་ཡིས་སྤྱིར་བཏང་དུ་ལོ་རེར་ཏང་ཡོན་དམངས་གཙོ་དཔྱད་བསྡུར་ཐེངས་རེ་སྤེལ་དགོས་ཤིང་། ཏང་ཡོན་རྩ་འཛུགས་བྱས་ཏེ་ཚད་མཐུན་ཏང་ཡོན་གྱི་ཚད་གཞི་ལ་ཞིབ་བསྡུར་བྱེད་པ་དང་། ཏང་ལ་ཞུགས་པའི་མནའ་ཚིག་ལ་ཞིབ་བསྡུར་བྱེད་དགོས་པར་མ་ཟད། རང་ཉིད་ཀྱི་དོན་དངོས་དང་འབྲེལ་ཏེ་ཏང་གཤིས་ལ་དབྱེ་ཞིབ་བྱེད་དགོས།

ཏང་ཀྲི་པུའུ་ཡིས་ཏང་ཡོན་ཚོགས་ཆེན་བསྡུས་ནས། རང་ཉིད་ཀྱིས་རང་ལ་དཔྱད་བསྡུར་དང་ཏང་ཡོན་ཕན་ཚུན་ལ་དཔྱད་བསྡུར། དམངས་གཙོ་ཚད་ལེན་དཔྱད་བསྡུར་བྱེད་པའི་གོ་རིམ་ལྟར། ཏང་ཡོན་རྩ་འཛུགས་བྱས་ཏེ་དཔྱད་མོལ་དཔྱད་བསྡུར་བྱེད་དགོས། ཏང་ཡོན་མི་གྲངས་ཅུང་མང་བའི་ཏང་ཀྲི་པུའུ་ཡིས། རང་ཉིད་ཀྱིས་རང་ལ་དཔྱད་བསྡུར་དང་ཏང་ཡོན་ཕན་ཚུན་ལ་དཔྱད་བསྡུར་བྱེད་པ་དེ་ཏང་ཚན་ཆུང་གི་ཁྱབ་ཁོངས་ནང་དུ་བྱེད་ཆོག ཏང་ཀྲི་པུའུ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་སམ་ཡང་ན་ཏང་ཡོན་ཚོགས་ཆེན་གྱིས་དཔྱད་བསྡུར་གྱི་གནས་ཚུལ་དང་ཏང་ཡོན་གྱི་ཉིན་རྒྱུན་གྱི་རྣམ་འགྱུར་ཅི་འདྲ་ཡིན་པའི་གནས་ཚུལ་གཞིར་བཟུང་ནས་དཔྱད་བསྡུར་གཏན་འབེབས་ཀྱི་བསམ་འཆར་འདོན་དགོས།

ཏང་ཡོན་ལ་དམངས་གཙོ་དཔྱད་བསྡུར་བྱེད་ན་རྩ་འཛུགས་འཚོ་བའི་ཚོགས་འདུ་དང་ཟུང་འབྲེལ་བྱས་ནས་ལྷན་གཅིག་ཏུ་བྱེད་ཆོག

དོན་ཚན་བཅུ་དགུ་པ། ཏང་ཀྲི་པུའུ་ཡིས་ངེས་པར་དུས་རྒྱུན་དུ་ཁ་ཏ་གླེང་མོལ་བྱེད་དགོས། ཏང་ཀྲི་པུའུ་ཨུ་ཡོན་ཕན་ཚུན་བར་དང་། ཏང་ཀྲི་པུའུ་ཨུ་ཡོན་དང་ཏང་ཡོན་གྱི་བར། ཏང་ཡོན་དང་ཏང་ཡོན་གྱི་བར་བཅས་ལ། ལོ་རེ་རེར་ཁ་ཏ་གླེང་མོལ་བྱེད་པའི་ཐེངས་གྲངས་སྤྱིར་བཏང་དུ་ཐེངས་གཅིག་ལས་མི་ཉུང་བ་བྱེད་དགོས། ཁ་ཏ་གླེང་མོལ་བྱེད་ན་ངེས་པར་བསམ་པ་རྣམ་དག་གིས་ཐུག་འཕྲད་བྱེད་པ་དང་བསམ་བློ་བརྗེ་རེས་བྱེད་པ། བསམ་འཆར་བརྗེ་ལེན་བྱེད་པ། མཐོར་འདེགས་ཡོང་བར་རོགས་རམ་བྱེད་དགོས།

ཏང་ཀྲི་པུའུ་ཡིས་ངེས་པར་ཏང་ཡོན་གྱི་བསམ་བློའི་གནས་ཚུལ་དང་སེམས་ཁམས་ཀྱི་གནས་ཚུལ་ལ་དབྱེ་ཞིབ་བྱེད་པ་གཙིགས་སུ་འཛིན་དགོས། ཁྱིམ་ཚང་ལ་རྐྱེན་ངན་གོད་ཆག་བྱུང་བ་དང་དཀའ་ཁག་ཆེན་པོ་བྱུང་བ། ལུས་སེམས་བདེ་ཐང་ལ་འབུར་དུ་ཐོན་པའི་གནད་དོན་གནས་པ་སོགས་ཀྱི་ཏང་ཡོན་རྣམས་ལ། ཏང་ཀྲི་པུའུ་ཧྲུའུ་ཅི་ཡིས་ངེས་པར་རོགས་རམ་བྱས་ནས་ལམ་སྟོན་སློབ་ཁྲིད་ལེགས་པོ་བྱེད་དགོས། ཉེས་ཆད་ཁྲིམས་ཆད་ཕོག་པ་དང་དེ་མིན་བསམ་འཆར་མི་ལེགས་པ་ཡོད་པའི་ཏང་ཡོན་ལ། ཏང་ཀྲི་པུའུ་ཧྲུའུ་ཅིས་ངེས་པར་དམིགས་གཏད་ཡོད་པའི་སྒོ་ནས་བསམ་བློའི་ཆབ་སྲིད་བྱ་བ་ལེགས་སྒྲུབ་བྱེད་དགོས།

ལེའུ་དྲུག་པ། ཏང་ཀྲི་པུའུ་ཨུ་ཡོན་ལྷན་ཁང་འཛུགས་པ།

དོན་ཚན་ཉི་ཤུ་པ། དངོས་གཞིའི་ཏང་ཡོན་མི7ཡན་ཆད་ཡོད་པའི་ཏང་ཀྲི་པུའུ་ཡིས་ངེས་པར་ཏང་ཀྲི་པུའུ་ཨུ་ཡོན་ལྷན་ཁང་འཛུགས་དགོས། ཏང་ཀྲི་པུའུ་ཨུ་ཡོན་ལྷན་ཁང་ནི་མི3ནས5ཡིས་གྲུབ་པ་དང་། སྤྱིར་བཏང་དུ་མི7ལས་མི་བརྒལ།

ཏང་ཀྲི་པུའུ་ཨུ་ཡོན་ལྷན་ཁང་ལ་ཧྲུའུ་ཅི་དང་རྩ་འཛུགས་ཨུ་ཡོན། དྲིལ་སྒྲོག་ཨུ་ཡོན། སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་བཅས་བསྐོ་བཞག་བྱེད་པ་དང་། དགོས་ངེས་ཀྱི་དུས་སུ་ཧྲུའུ་ཅི་གཞོན་པ1བསྐོ་བཞག་བྱེད་ཆོག

དངོས་གཞིའི་ཏང་ཡོན་མི7མི་ལོངས་པའི་ཏང་ཀྲི་པུའུ་ཡིས། ཧྲུའུ་ཅི1བསྐོ་བཞག་བྱེད་པ་དང་།དགོས་ངེས་ཀྱི་དུས་སུ་ཧྲུའུ་ཅི་གཞོན་པ1བསྐོ་བཞག་བྱེད་ཆོག

དོན་ཚན་ཉེར་གཅིག་པ། སྡེ་བ་དང་སྡེ་ཁུལ་གྱི་ཏང་ཀྲི་པུའུ་ཨུ་ཡོན་ལྷན་ཁང་གི་སྐབས་རེ་རེའི་འགན་འཁུར་ཡུན་ལོ5ཡིན་པ་དང་། གཞན་པའི་གཞི་རིམ་ལས་ཁུངས་ཀྱི་ཏང་ཀྲི་པུའུ་ཨུ་ཡོན་ལྷན་ཁང་གི་སྤྱིར་བཏང་གི་སྐབས་རེ་རེའི་འགན་འཁུར་ཡུན་ལོ3ཡིན།

ཏང་ཀྲི་པུའུ་ཨུ་ཡོན་ལྷན་ཁང་ནི་ཏང་ཀྲི་པུའུ་ཡི་ཏང་ཡོན་ཚོགས་ཆེན་གྱིས་འདེམ་བསྐོ་བྱས་ནས་ཐོན་པ་ཡིན་ལ། ཏང་ཀྲི་པུའུ་ཧྲུའུ་ཅི་དང་ཧྲུའུ་ཅི་གཞོན་པ་ནི་སྤྱིར་བཏང་དུ་ཏང་ཀྲི་པུའུ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་སྟེང་འདེམ་བསྐོ་བྱས་ནས་ཐོན་པ་ཡིན་ཞིང་། ཨུ་ཡོན་ལྷན་ཁང་བཙུགས་མེད་པའི་ཏང་ཀྲི་པུའུ་ཧྲུའུ་ཅི་དང་ཧྲུའུ་ཅི་གཞོན་པ་ནི་ཏང་ཀྲི་པུའུ་ཡི་ཏང་ཡོན་ཚོགས་ཆེན་སྟེང་འདེམ་བསྐོ་བྱས་ནས་ཐོན་པ་ཡིན། བདམས་ཐོན་བྱུང་བའི་ཏང་ཀྲི་པུའུ་ཨུ་ཡོན་རྣམས་གོང་རིམ་གྱི་ཏང་རྩ་འཛུགས་ལ་ཞུ་འབུལ་བྱས་ནས་སྙན་སེང་ཐོ་འགོད་བྱེད་དགོས། ཏང་ཀྲི་པུའུ་ཧྲུའུ་ཅི་དང་ཧྲུའུ་ཅི་གཞོན་པ་ནི་གོང་རིམ་གྱི་ཏང་རྩ་འཛུགས་ལ་ཞུ་འབུལ་བྱས་ནས་ཆོག་མཆན་འགོད་དགོས། ཏང་ཀྲི་པུའུ་ཧྲུའུ་ཅི་དང་ཧྲུའུ་ཅི་གཞོན་པ། ཨུ་ཡོན་བཅས་ལ་གོ་གནས་སྟོང་བ་ལུས་ཡོད་ན། ངེས་པར་དུས་ཐོག་ཏུ་གསབ་འདེམ་བྱེད་དགོས། དངོས་གནས་དགོས་ངེས་ཡོད་པའི་དུས་སུ་གོང་རིམ་ཏང་རྩ་འཛུགས་ཀྱིས་ཏང་ཀྲི་པུའུ་ཧྲུའུ་ཅིའམ་ཡང་ན་ཧྲུའུ་ཅི་གཞོན་པ་དམིགས་བཙུགས་བཀོད་མངགས་བྱེད་ཆོག

ཏང་ཀྲི་པུའུ་ཡི་དུས་ལྟར་སྐབས་བརྗེ་གསལ་འདེབས་ལྟ་སྐུལ་ནང་རྐྱེན་གསར་འཛུགས་དང་འཐུས་ཚང་དུ་གཏོང་དགོས། ཏང་རྩ་འཛུགས་ཀྱི་ཁོངས་གཏོགས་འབྲེལ་བ་དང་ལས་བྱེད་པ་དོ་དམ་གྱི་དབང་ཚད་གཞིར་བཟུང་ནས། གོང་རིམ་ཏང་རྩ་འཛུགས་ཀྱིས་སྐབས་དེའི་འགན་འཁུར་ཡུན་ལོངས་པའི་ཏང་ཀྲི་པུའུ་ལ། སྤྱིར་བཏང་དུ་ཟླ་བ6གི་ཡར་སྔོན་ནས་འཕྲིན་ཡིག་བསྐུར་བའམ་ཡང་ན་ཁ་པར་གྱི་བརྡ་གཏོང་བ་སོགས་ཀྱི་རྣམ་པ་སྤྱད་ནས། སྐབས་བརྗེ་འདེམ་བསྐོའི་གྲ་སྒྲིག་ལེགས་པོ་བྱེད་པར་གསལ་འདེབས་བྱེད་དགོས། ཡུན་བསྲིང་དུས་འགྱངས་བྱེད་པའམ་ཡང་ན་སྔ་སྣུར་གྱིས་སྐབས་བརྗེ་འདེམ་བསྐོ་བྱེད་དགོས་ན།ངེས་པར་ནན་ཏན་གྱིས་ཞིབ་བཤེར་གཏན་འབེབས་དང་འགག་སྒོ་ནན་འཛིན་བྱེད་དགོས་ཤིང་། ཡུན་བསྲིང་དུས་འགྱངས་བྱེད་པའམ་ཡང་ན་སྔ་སྣུར་བྱེད་པའི་དུས་ཚད་སྤྱིར་བཏང་དུ་ལོ1ལས་བརྒལ་མི་རུང་།

དོན་ཚན་ཉེར་གཉིས་པ། ཏང་ཀྲི་པུའུ་ཧྲུའུ་ཅི་ཡིས་ཏང་ཀྲི་པུའུ་ཡི་བྱ་བ་ཡོངས་རྫོགས་ལ་མགོ་འཛིན་བྱེད་དགོས་པ་དང་། ཏང་ཀྲི་པུའུ་ཡི་ཨུ་ཡོན་གཞན་པས་འགན་འཁྲི་ལག་བསྟར་བྱེད་པ་དང་ནུས་པ་འདོན་སྤེལ་བྱེད་པར་ལྟ་སྐུལ་བྱེད་དགོས་ཤིང་། ཏང་ཀྲི་པུའུ་ཨུ་ཡོན་ལྷན་ཁང་གི་རང་སྟེང་འཛུགས་སྐྲུན་ལེགས་པོར་བཟུང་ནས། ཏང་ཀྲི་པུའུ་ཨུ་ཡོན་ལྷན་ཁང་དང་ཏང་ཡོན་ཚོགས་ཆེན་དང་གོང་རིམ་གྱི་ཏང་རྩ་འཛུགས་ལ་བྱ་བ་ཞུ་འབུལ་བྱེད་དགོས།

ཏང་ཀྲི་པུའུ་ཡི་ཧྲུའུ་ཅི་གཞོན་པས་ཏང་ཀྲི་པུའུ་ཧྲུའུ་ཅི་ལ་རོགས་འདེགས་བྱས་ནས་བྱ་བ་སྤེལ་དགོས་ཤིང་། ཏང་ཀྲི་པུའུ་ཡི་ཨུ་ཡོན་གཞན་པས་འགན་འཁྲི་ལས་བགོས་ནང་ལྟར་བྱ་བ་སྤེལ་དགོས།

དོན་ཚན་ཉེར་གསུམ་པ། ཏང་ཀྲི་པུའུ་ཧྲུའུ་ཅི་ལ་ངེས་པར་ཆབ་སྲིད་ཀྱི་བྱང་ཚད་བཟང་པོ་འཛོམས་དགོས་པ་དང་། ཏང་གི་བྱ་བར་དགའ་ཞེན་ཆེ་བ། སྲིད་ཇུས་དང་གཞུང་ལུགས་ཀྱི་ཆུ་ཚད་དང་རྩ་འཛུགས་མཐུན་སྦྱོར་གྱི་ནུས་པ། མང་ཚོགས་ལ་བྱ་བ་སྒྲུབ་པའི་འཇོན་ཐང་ངེས་ཅན་ཞིག་ལྡན་དགོས། ཁག་ཁུར་ལེན་ཕོད་པ་དང་གསོལ་འབུལ་བྱེད་སྤྲོ་བ། སྣེ་ཁྲིད་ནས་གདོང་ལེན་དཔེ་སྟོན་གྱི་ནུས་པ་འདོན་པ། ཏང་ཡོན་དང་མང་ཚོགས་ཀྱི་ཁྲོད་དུ་ཁ་ལས་སྙན་གྲགས་ཅུང་ཟད་ཡོད་པ། སྤྱིར་བཏང་དུ་ཏང་ནང་དུ་ཞུགས་ནས་ལོ1ཡན་ཆད་ཡོད་དགོས།

དོན་ཚན་ཉེར་བཞི་པ། གོང་རིམ་ཏང་རྩ་འཛུགས་ཀྱིས་ཁྱབ་ཁོངས་མི་འདྲ་བའི་དོན་དངོས་དང་ཟུང་འབྲེལ་བྱས་ནས། ཆབ་སྲིད་ཀྱི་ཚད་གཞི་འབུར་དུ་ཐོན་པར་བྱེད་པ་དང་། རྩ་འཛུགས་ཀྱི་བརྒྱུད་རིམ་ལྟར་བྱེད་སྟངས་སྣ་མང་སྤྱད་ནས། ཆ་རྐྱེན་དང་མཐུན་པའི་ཕུལ་བྱུང་ཏང་ཡོན་འདེམ་བསྐོ་བྱས་ནས་ཏང་ཀྲི་པུའུ་ཧྲུའུ་ཅིའི་འགན་འཁུར་དགོས།

སྡེ་བ་དང་སྡེ་ཁུལ་གྱིས་ཕྱུག་ལམ་དུ་ཁྲིད་པའི་ནུས་པ་དྲག་པོ་ལྡན་པའི་སྡེ་མི་དང་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མི། ཚོང་དོན་གཉེར་བའི་མི་སྣ། གྲོང་གསེབ་ཀྱི་དགེ་རྒན། གྲོང་གསེབ་ཀྱི་སྨན་པ། སྤྱི་ཚོགས་ལས་བྱེད་མཁན། སློབ་ཆེན་སློབ་མའི་སྡེ་དཔོན། ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་པ་དང་ལས་བཟོ་པ་སོགས་ཀྱི་ཚོགས་སྤྱི་ཁྲོད་ནས་ཏང་ཀྲི་པུའུ་ཧྲུའུ་ཅི་འདེམ་བསྐོ་བྱེད་པར་གཙིགས་འཛིན་བྱེད་དགོས། འཚམ་པོ་ཡིན་པའི་འོས་མི་འདེམ་རྒྱུ་མེད་ན། གོང་རིམ་ཏང་རྩ་འཛུགས་ཀྱིས་ས་ཁོངས་བརྒལ་བའམ་ཡང་ན་ལས་ཁུངས་དང་ཁེ་དོན་ལས་སྡེ་ཚན་ནས་ཏང་ཀྲི་པུའུ་ཧྲུའུ་ཅི་འདེམས་མངགས་བྱས་ཆོག བྱ་བའི་དགོས་མཁོ་ལྟར།གོང་རིམ་ཏང་རྩ་འཛུགས་ཀྱིས་ཕུལ་བྱུང་ལས་བྱེད་པ་འདེམས་མངགས་བྱས་ཏེ་སྡེ་བ་དང་སྡེ་ཁུལ་དུ་སོང་ནས་ཏང་ཀྲི་པུའུ་ཡི་ཧྲུའུ་ཅི་དང་པོའི་འགན་འཁུར་ཆོག་ལ། ཏང་ཀྲི་པུའུ་ཧྲུའུ་ཅི་ལ་ཁྲིད་སྟོན་དང་རོགས་རམ་བྱས་ནས་བྱ་བ་སྤེལ་དགོས་པ་དང་། གཙོ་བོ་ཏང་ཀྲི་པུའུ་སྟོབས་དང་ལྡན་པ་འཛུགས་སྐྲུན་བྱེད་པ། དཀྱིལ་སྙིང་བྱ་བར་སྐུལ་འདེད་བྱེད་པ། དམངས་ཀྱི་ཆེད་དུ་དོན་དག་སྒྲུབ་པར་ཞབས་འདེགས་ཞུ་བ། བཅོས་སྐྱོང་གི་ཆུ་ཚད་མཐོར་འདེགས་བྱེད་པ་སོགས་ཀྱི་འགན་འཁྲི་ལས་འགན་ཁུར་དུ་ལེན་དགོས། ཆ་རྐྱེན་དང་མཐུན་པའི་སྡེ་བ་དང་སྡེ་ཁུལ་གྱི་ཏང་ཀྲི་པུའུ་ཧྲུའུ་ཅི་ཡིས་ཁྲིམས་བཀོད་ཀྱི་བརྒྱུད་རིམ་དག་བརྒྱུད་ནས་སྡེ་དམངས་ཨུ་ཡོན་ལྷན་ཁང་དང་གྲོང་མི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གྱི་འགན་འཁུར་ཆོག

ལས་ཁུངས་དང་རྒྱལ་དབང་ཁེ་ལས། དོན་ལས་སྡེ་ཚན་བཅས་ཀྱི་ཏང་ཀྲི་པུའུ་ཧྲུའུ་ཅི་དེ་སྤྱིར་བཏང་དུ་རང་སྡེ་ཁག་དང་རང་ལས་ཁུངས་ཀྱི་འགན་འཁུར་མཁན་གཙོ་བོ་དེས་འགན་འཁུར་བ་ཡིན་ལ། རང་སྡེ་ཁག་དང་རང་ལས་ཁུངས་ཀྱི་འགན་འཁུར་མཁན་གཞན་དག་གིས་འགན་འཁུར་ན་ཡང་ཆོག བྱ་བའི་དགོས་མཁོ་ལྟར། གོང་རིམ་ཏང་རྩ་འཛུགས་ཀྱིས་ཏང་ཡོན་ལས་བྱེད་པ་འདེམས་མངགས་བྱས་ཏེ་ཆེད་བསྐོས་ཏང་ཀྲི་པུའུ་ཧྲུའུ་ཅིའི་འགན་འཁུར་ཆོག

སྤྱི་དབང་ལམ་ལུགས་མ་ཡིན་པའི་དཔལ་འབྱོར་རྩ་འཛུགས་དང་སྤྱི་ཚོགས་རྩ་འཛུགས་ལ། སྤྱིར་བཏང་དུ་དོ་དམ་རིམ་གྲས་ཁྲོད་ནས་ཏང་ཀྲི་པུའུ་ཧྲུའུ་ཅི་འདེམ་བསྐོ་བྱེད་པ་ཡིན། དེ་ལ་ངེས་པར་ལས་སྒོའི་རྐང་འཛིན་པའི་ཁྲོད་ནས་ཏང་ཀྲི་པུའུ་ཧྲུའུ་ཅི་འདེམ་བསྐོ་བྱེད་པར་གཙིགས་འཛིན་བྱེད་དགོས། འཚམ་པོ་ཡིན་པའི་འོས་མི་འདེམ་རྒྱུ་མེད་ན། གོང་རིམ་ཏང་རྩ་འཛུགས་ཀྱིས་ཏང་ཀྲི་པུའུ་ཧྲུའུ་ཅི་འདེམས་མངགས་བྱེད་ཆོག

ཏང་ཀྲི་པུའུ་ཧྲུའུ་ཅིའི་རྗེས་གྲབས་དཔུང་ཁག་འཛུགས་སྐྲུན་ལ་ཤུགས་བསྣན་ནས། ཕུལ་བྱུང་ཏང་ཡོན་ཡིན་པ་ཤེས་ན་ཏང་ཀྲི་པུའུ་ཧྲུའུ་ཅིའི་རྗེས་གྲབས་ཤེས་ལྡན་པར་བརྩིས་ནས་སྐྱེད་སྲིང་བྱེད་རྒྱུར་མཉམ་འཇོག་བྱེད་དགོས་ཤིང་། སྡེ་བ་དང་སྡེ་ཁུལ་སོགས་ཀྱི་ཁྱབ་ཁོངས་སུ་ཏང་ཀྲི་པུའུ་ཧྲུའུ་ཅིའི་རྗེས་གྲབས་ཤེས་ལྡན་པའི་མཛོད་ལེགས་པར་འཛུགས་དགོས།

དོན་ཚན་ཉེར་ལྔ་པ། གོང་རིམ་ཏང་རྩ་འཛུགས་ཀྱིས་ངེས་པར་ཏང་ཀྲི་པུའུ་ཧྲུའུ་ཅི་དང་ཧྲུའུ་ཅི་གཞོན་པ་དང་གཞན་པའི་ཨུ་ཡོན་དག་ལ་དུས་རྒྱུན་དུ་གསོ་སྦྱོང་བྱེད་དགོས།

ཏང་ཀྲི་པུའུ་ཧྲུའུ་ཅི་གསོ་སྦྱོང་བྱེད་པ་དེ་ཏང་ཡོན་དང་ལས་བྱེད་པའི་སློབ་གསོའི་གསོ་སྦྱོང་གི་འཆར་འགོད་ནང་དུ་བཞག་ནས། ལས་འགན་གསར་དུ་འཁུར་པའི་ཏང་ཀྲི་པུའུ་ཧྲུའུ་ཅི་ལ་ལས་འགན་འཁུར་པའི་གསོ་སྦྱོང་བྱེད་དགོས། ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་རྩ་འཛུགས་བྱས་ནས་ཏང་ཀྲི་པུའུ་ཧྲུའུ་ཅིའི་དཔེ་སྟོན་གསོ་སྦྱོང་སྤེལ་བ་དང་། ས་གནས་དང་ལས་རིགས། ཁོངས་གཏོགས་ཀྱིས་སྤྱིར་བཏང་དུ་ཏང་རྩ་འཛུགས་ཀྱི་ཁོངས་གཏོགས་འབྲེལ་བ་གཞིར་བཟུང་ནས། རིམ་བགོས་རིགས་དབྱེའི་སྒོ་ནས་ཏང་ཀྲི་པུའུ་ཧྲུའུ་ཅིའི་མི་སྣ་ཡོངས་རྫོགས་རེས་སྐོར་སྦྱོང་བརྡར་རྒྱ་ཆེར་སྤེལ་དགོས།ཏང་ཀྲི་པུའུ་ཧྲུའུ་ཅི་ལོ་རེར་ཉུང་མཐའ་ཡང་རྫོང་རིམ་པ་ཡན་གྱི་ཏང་རྩ་འཛུགས་ཀྱིས་བསྒྲུབས་པའི་གཅིག་བསྡུས་རེས་སྐོར་སྦྱོང་བརྡར་ལ་ཐེངས1ཞུགས་དགོས། གཅིག་གྱུར་འཆར་འགོད་ཀྱི་བཀོད་སྒྲིག་ལ་མཉམ་འཇོག་བྱས་ནས། བསྟུད་མར་ལན་གྲངས་མང་པོར་གསོ་སྦྱོང་ལ་ཞུགས་པ་འགོག་དགོས་པ་དང་། ཏང་ཀྲི་པུའུ་ཧྲུའུ་ཅིས་ཉིན་རྒྱུན་གྱི་བྱ་བ་ལེགས་པོར་སྒྲུབ་པར་ཁག་ཐེག་ནན་མོ་བྱེད་དགོས།

ཏང་ཀྲི་པུའུ་ཧྲུའུ་ཅི་དང་ཧྲུའུ་ཅི་གཞོན་པ་དང་གཞན་པའི་ཨུ་ཡོན་དག་གི་གསོ་སྦྱོང་ལ་ངེས་པར་གཞི་རྩའི་རིགས་པའི་གཞུང་ལུགས་དང་གཞི་རྩའི་སྲིད་ཇུས། གཞི་རྩའི་ཤེས་བྱ་དང་ཏང་དོན་བྱ་བའི་གཞི་རྩའི་བླང་བྱ་བཅས་འབུར་དུ་ཐོན་པར་བྱེད་དགོས་ཤིང་། ཏང་གི་སྲོལ་རྒྱུན་བཟང་པོ་དང་སྤྱོད་ཚུལ་བཟང་པོ། ཏང་གི་སྒྲིག་སྲོལ་ལམ་ལུགས་བཅས་འབུར་དུ་ཐོན་པར་བྱེད་དགོས། ཕུལ་བྱུང་ཏང་ཀྲི་པུའུ་ཧྲུའུ་ཅིའི་བཤད་རོགས་ཁྲིད་གསུམ་གྱི་ནུས་པ་འདོན་སྤེལ་བྱེད་པར་དོ་སྣང་ཆེན་པོས་གཙིགས་སུ་འཛིན་དགོས།

དོན་ཚན་ཉེར་དྲུག་པ། སྡེ་བ་དང་སྡེ་ཁུལ་གྱི་ཕུལ་བྱུང་ཏང་ཀྲི་པུའུ་ཧྲུའུ་ཅི་ཁྲོད་ནས་ཞང་གྲོང་དང་སྲང་ལམ་གྱི་མགོ་ཁྲིད་ལས་བྱེད་པ་འདེམ་བསྐོ་བྱེད་པ་གཙིགས་སུ་བཟུང་ནས། གཞུང་ཞབས་པར་རྒྱུགས་སྤྲོད་སྡུད་ལེན་དང་དོན་ལས་སྡེ་ཚན་གྱི་མི་སྣར་འདྲེན་འགུག་གདན་ཞུ་བྱེད་དགོས།

ཏང་ཀྲི་པུའུ་ཧྲུའུ་ཅིའི་སྔོན་ཐོན་དཔེ་མཚོན་བཞེངས་པར་སྐྱེད་སྲིང་བྱས་ནས། ཕུལ་དུ་བྱུང་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ལ་གཟེངས་བསྟོད་དང་བསྔགས་བརྗོད་གནང་དགོས།

དོན་ཚན་ཉེར་བདུན་པ། ཏང་ཀྲི་པུའུ་ཨུ་ཡོན་ལྷན་ཁང་གི་ཁོངས་མིས་ངེས་པར་གོང་རིམ་ཏང་རྩ་འཛུགས་དང་ཏང་ཡོན་དང་མང་ཚོགས་བཅས་ཀྱི་ལྟ་སྐུལ་རང་རྟོགས་ཀྱིས་དང་ལེན་བྱས་ནས། ཕན་ཚུན་ལྟ་སྐུལ་བྱེད་པར་ཤུགས་སྣོན་དགོས།

ཏང་ཀྲི་པུའུ་ཧྲུའུ་ཅི་ཡིས་ལོ་རེར་ངེས་པར་གོང་རིམ་ཏང་རྩ་འཛུགས་དང་ཏང་ཀྲི་པུའུ་ཡི་ཏང་ཡོན་ཚོགས་ཆེན་ལ་ལས་འགན་སྒྲུབ་ཚུལ་གསལ་ཞུ་བྱེད་དགོས་ཤིང་། གདེང་འཇོག་དཔྱད་མོལ་དཔྱད་ཞིབ་དང་ལེན་བྱས་ནས། དཔྱད་ཞིབ་ཀྱི་མཇུག་འབྲས་དེ་སྔོན་ཐོན་འདེམ་པ་དང་ཕུལ་བྱུང་འདེམ་པ་དང་འདེམ་བསྐོ་བཀོལ་སྤྱོད་བྱེད་པའི་གཞི་འཛིན་ས་གཙོ་བོར་བརྩི་དགོས།

དོན་ཚན་ཉེར་བརྒྱད་པ། རྒྱུན་མཐུད་ནས་ནུས་མེད་ཟབ་ཟོབ་ཡིན་པའི་ཏང་ཀྲི་པུའུ་དག་ཐེར་གྱི་བྱ་བའི་ནང་རྐྱེན་གསར་འཛུགས་བྱེད་དགོས། ཏང་ཀྲི་པུའུ་ཧྲུའུ་ཅི་དང་ཧྲུའུ་ཅི་གཞོན་པ་དང་ཨུ་ཡོན་གྱི་ལས་འགན་འཁུར་པར་འོས་མཐུན་འཚམ་པོ་མིན་པ་ལ། གོང་རིམ་ཏང་རྩ་འཛུགས་ཀྱིས་ཅིས་ཀྱང་དུས་ཐོག་ཏུ་ལེགས་སྡེབ་སྙོམ་སྒྲིག་བྱེད་དགོས། སྐབས་བརྗེ་འདེམ་བསྐོ་བྱེད་པར་འདེམ་ཤོག་མང་འགུག་དང་གསུག་བྱིན་ངོ་བརྒྱུད་ཀྱིས་འདེམས་སུ་འཇུག་པ་དང་། རུས་རྒྱུད་ཆོས་ལུགས་དང་ནག་ཚོགས་ངན་ཚོགས་སྟོབས་ཤུགས་ཀྱིས་བར་ཆད་དཀྲོག་རྐྱེན་སིམ་འཛུལ་བྱེད་པ་སོགས་ཀྱི་གནད་དོན་གནས་པ་ལ། གོང་རིམ་ཏང་རྩ་འཛུགས་ཀྱིས་ངེས་པར་ཅིས་ཀྱང་དུས་ཐོག་ཏུ་ཐག་གཅོད་ནན་མོ་བྱེད་དགོས།

ལེའུ་བདུན་པ། མགོ་ཁྲིད་དང་འགན་སྲུང་།

དོན་ཚན་ཉེར་དགུ་པ། རིམ་པ་སོ་སོའི་ཏང་ཨུ (ཏང་ཙུའུ)ཡིས་ངེས་པར་ཏང་ཀྲི་པུའུ་འཛུགས་པ་དེ་ཆེས་གལ་ཆེ་བའི་གཞི་རྩའི་འཛུགས་སྐྲུན་ལ་བརྩི་དགོས། དུས་བཅད་ལྟར་ཞིབ་འཇུག་བགྲོ་གླེང་བྱེད་པ་དང་མགོ་ཁྲིད་ཀྱི་མཛུབ་སྟོན་ལ་ཤུགས་སྣོན་བྱེད་དགོས། ཁ་མིན་དོན་གྱིས་འགན་འཁྲི་གཙོ་བོ་ལག་བསྟར་བྱེད་དགོས། རྫོང་རིམ་པའི་ཏང་ཨུ་ཡིས་ལོ་རེ་ལ་ཉུང་མཐའ་ཡང་ཏང་ཀྲི་པུའུ་འཛུགས་སྐྲུན་བྱ་བར་ཆེད་དོན་ཞིབ་འཇུག་ཐེངས1བྱེད་དགོས།

རིམ་པ་སོ་སོའི་ཏང་ཨུ (ཏང་ཙུའུ)ཧྲུའུ་ཅི་ཡིས་ངེས་པར་སྣེ་ཁྲིད་ནས་ཏང་ཀྲི་པུའུ་བྱ་བའི་འབྲེལ་གཏུག་བྱེད་སའི་གནས་ཡུལ་འཛུགས་དགོས་ཤིང་། སྣེ་ཁྲིད་ནས་གཞི་རིམ་ལ་ཟབ་ཞུགས་བྱས་ཏེ་བརྟག་དཔྱད་ཞིབ་འཇུག་བྱེད་པ་དང་། གནད་དོན་ཤེས་རྟོགས་དང་ཐག་གཅོད་བྱས་ནས། ཉམས་མྱོང་གང་ཡོད་སྤྱི་སྡོམ་དང་ཁྱབ་གདལ་དུ་གཏོང་དགོས།

དོན་ཚན་སུམ་ཅུ་པ། ཏང་ཨུའི་རྩ་འཛུགས་སྡེ་ཁག་གིས་ངེས་པར་དུས་རྒྱུན་དུ་ཏང་ཀྲི་པུའུ་འཛུགས་སྐྲུན་གྱི་གནས་ཚུལ་ལ་དབྱེ་ཞིབ་དང་ཞིབ་འཇུག་ཐག་གཅོད་བྱེད་དགོས་པ་དང་། རིགས་བགོས་མཛུབ་སྟོན་དང་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་བྱས་ནས། སྔོན་ཐོན་ཏང་ཀྲི་པུའུ་ཡི་འཕར་ཚད་ཆེ་རུ་བསྐྱེད་དགོས་ཤིང་། བར་མའི་ཏང་ཀྲི་པུའུ་ཡི་ཆུ་ཚད་མཐོ་རུ་འདེགས་དགོས་པ་དང་། རྗེས་ལུས་ཡིན་པའི་ཏང་ཀྲི་པུའུ་ལ་དག་ཐེར་བྱེད་དགོས། ཏང་ཀྲི་པུའུ་ཚད་ལྡན་ཅན་དང་ཚད་མཐུན་ཅན་གྱི་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་དགོས། གཞི་རིམ་ཏང་ཨུ་ཡིས་སྤྱིར་བཏང་དུ་ཆེད་བསྐོས་འགན་གཅིག་ལྕོགས་ཀྱི་རྩ་འཛུགས་པ་བཀོད་སྒྲིག་བསྐོ་འཇོག་བྱེད་དགོས་པ་དང་། ཏང་ཀྲི་པུའུ་འཛུགས་སྐྲུན་གྱི་བྱེ་བྲག་གི་མཛུབ་སྟོན་ལ་ཤུགས་སྣོན་བྱེད་དགོས།

རིམ་པ་སོ་སོའི་ཏང་ཨུའི་རྩ་འཛུགས་སྡེ་ཁག་གིས་ངེས་པར་ཏང་ཀྲི་པུའུ་བརྒྱུད་ནས་ཏང་ཡོན་ལས་བྱེད་པའི་ཉིན་རྒྱུན་གྱི་རྣམ་འགྱུར་མངོན་རྟགས་ལ་རྒྱུས་ལོན་དང་ཤེས་རྟོགས་བྱེད་པར་ཡིད་འཇོག་དོ་སྣང་བྱེད་དགོས་ཤིང་། ལས་བྱེད་པར་རྟོག་ཞིབ་བྱེད་པ་ལ་ངེས་པར་རྟོག་ཞིབ་བྱ་ཡུལ་གྱི་མི་ཡོད་སའི་ཏང་ཀྲི་པུའུ་དེའི་བསམ་འཆར་ལ་ཉན་དགོས།

སྡེ་བ་དང་སྡེ་ཁུལ་གྱི་ཏང་ཀྲི་པུའུ་ཧྲུའུ་ཅི་དེ་རྫོང་རིམ་པའི་ཏང་ཨུའི་རྩ་འཛུགས་པུའུ་ཡིས་སྙན་སེང་ཐོ་འགོད་ནང་བཞག་ནས་དོ་དམ་བྱེད་དགོས།

དོན་ཚན་སོ་གཅིག་པ། སྡེ་བ་དང་སྡེ་ཁུལ་གྱི་ཏང་ཀྲི་པུའུ་བྱ་བ་དེ་རྫོང་རིམ་པའི་ཏང་ཨུའི་སྐོར་ཞིབ་ལྟ་སྐུལ་བྱ་བའི་ནང་དོན་གྲས་སུ་འཇོག་དགོས།

དོན་ཚན་སོ་གཉིས་པ། ཏང་ཀྲི་པུའུ་འཛུགས་སྐྲུན་ནན་འཛིན་བྱས་པའི་གནས་ཚུལ་དེ་ངེས་པར་རིམ་པ་སོ་སོའི་ཏང་ཨུའི་ཧྲུའུ་ཅི་ཡིས་གཞི་རིམ་ཏང་འཛུགས་བྱ་བ་ནན་འཛིན་གྱི་ལས་འགན་སྒྲུབ་ཚུལ་གསལ་ཞུ་ལ་གདེང་འཇོག་དཔྱད་བསྡུར་དཔྱད་ཞིབ་བགྱིད་པའི་ནང་དོན་གལ་ཆེན་དུ་འཇོག་དགོས་པ་དང་། དེ་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་ཆབ་སྲིད་འགན་འཁྲི་ལག་བསྟར་བྱས་པའི་གནས་ཚུལ་ལ་དཔྱད་བསྡུར་ཐག་གཅོད་བགྱིད་པའི་གཞི་འཛིན་ས་གལ་ཆེན་དུ་བརྩི་དགོས། ཏང་ཀྲི་པུའུ་འཛུགས་སྐྲུན་ནན་འཛིན་བྱེད་པའི་ཤུགས་མི་འདང་བ་དང་བྱ་བ་སྣ་ཚོགས་དངོས་འབེབས་དོན་འཁྱོལ་མི་བྱེད་པ་དག་ལ། གོང་རིམ་ཏང་ཨུ་དང་དེའི་རྩ་འཛུགས་སྡེ་ཁག་གིས་ངེས་པར་དུས་བཏབ་ཁ་བརྡ་བྱེད་དགོས། ཏང་ཀྲི་པུའུ་འཛུགས་སྐྲུན་ལ་གནད་དོན་ཚབས་ཆེན་བྱུང་བ་དང་ཏང་ཡོན་དང་མང་ཚོགས་ཀྱི་བསམ་འཆར་ཧ་ཅང་ཆེ་བ་དག་ལ། ངེས་པར་གཏན་འབེབས་ནང་ལྟར་གཟབ་ནན་གྱིས་འགན་འདྲི་རྩད་གཅོད་བྱེད་དགོས།

དོན་ཚན་སོ་གསུམ་པ། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ངེས་པར་ཏང་ཀྲི་པུའུ་ཡིས་བྱ་བ་སྤེལ་བ་ལ་དགོས་ངེས་ཀྱི་ཆ་རྐྱེན་གང་མཁོ་འདོན་སྤྲོད་བྱེད་དགོས་ཤིང་། གྲོན་དངུལ་གྱི་འགན་སྲུང་ཁག་ཐེག་གནང་དགོས། སྡེ་བ་དང་སྡེ་ཁུལ་གྱི་ཏང་ཀྲི་པུའུ་ཡི་གྲོན་དངུལ་འཁོར་རྒྱུག་གི་འགན་སྲུང་ནུས་པ་ཤུགས་ཆེར་བཏང་ནས། སྡེ་བ་དང་སྡེ་ཁུལ་གྱི་ཏང་ཀྲི་པུའུ་ཧྲུའུ་ཅི་ཡི་གླ་ཆ་ཐོབ་ཐང་དངོས་འབེབས་དོན་འཁྱོལ་བྱེད་དགོས་པར་མ་ཟད། ས་དེ་གའི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཆུ་ཚད་གཞིར་བཟུང་ནས་རྒྱུན་ལྡན་དུ་འཕར་བའི་ནང་རྐྱེན་གསར་དུ་འཛུགས་དགོས། སྤྱི་དབང་ལམ་ལུགས་མ་ཡིན་པའི་དཔལ་འབྱོར་རྩ་འཛུགས་དང་སྤྱི་ཚོགས་རྩ་འཛུགས་ཀྱི་ཏང་ཀྲི་པུའུ་བྱ་བའི་གྲོན་དངུལ་རྒྱབ་སྐྱོར་གནང་དགོས། སྡེ་བ་དང་སྡེ་ཁུལ་དང་གླིང་ཁུལ་སོགས་ཁྱབ་ཁོངས་ཀྱི་གཞི་རིམ་ཏང་རྩ་འཛུགས་ཀྱི་བྱ་འགུལ་སྤེལ་གནས་ཀྱི་འཛུགས་སྐྲུན་ལ་ཤུགས་བསྣན་ནས། དེང་རབས་ཀྱི་ལག་རྩལ་དང་ཆ་འཕྲིན་ཅན་གྱི་བྱེད་སྟངས་ཧུར་ཐག་གིས་བཀོལ་སྤྱོད་བྱེད་དགོས་ཤིང་། གཞུང་ལས་དོན་གྲོས་བྱེད་པ་དང་ཏང་གི་བྱ་འགུལ་སྤེལ་བ། དམངས་ལ་སྟབས་བདེ་བའི་ཞབས་ཞུ་འདོན་སྤྲོད་བྱེད་པ་ལ་སོགས་པའི་ཕྱོགས་བསྡུས་བྱེད་ནུས་གང་ལེགས་ཀྱིས་འདོན་སྤེལ་བྱེད་དགོས།

རྫོང་རིམ་པ་ཡན་གྱི་ཏང་ཨུས་དོ་དམ་བྱེད་པའི་ཏང་གི་གྲོན་དངུལ་དེ་ལོ་རེ་ལ་ངེས་པར་བསྡུར་ཚད་ངེས་ཅན་ལྟར་ཏང་ཀྲི་པུའུ་ལ་མར་གཏོང་དགོས་ཤིང་། གཙོ་བོ་དབུལ་ཕོངས་སྡེ་བའི་ཏང་ཀྲི་པུའུ་དང་དཀའ་ཁག་ཆེ་བའི་རྒྱལ་དབང་ཁེ་ལས་ཀྱི་ཏང་ཀྲི་པུའུ། སྤྱི་དབང་ལམ་ལུགས་མ་ཡིན་པའི་དཔལ་འབྱོར་རྩ་འཛུགས་དང་སྤྱི་ཚོགས་རྩ་འཛུགས་ཀྱི་ཏང་ཀྲི་པུའུ། ཡུལ་འཁྱར་ཏང་ཡོན་གྱི་ཏང་ཀྲི་པུའུ། ལས་བྲལ་དང་ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་པ་དང་ལས་བཟོ་པའི་ཏང་ཀྲི་པུའུ་སོགས་ཀྱི་ཏང་གི་བྱ་འགུལ་སྤེལ་བར་རྒྱབ་སྐྱོར་བྱེད་དགོས།

ལེའུ་བརྒྱད་པ། ཞར་བྱུང་དོན་ཚན།

དོན་ཚན་སོ་བཞི་པ། སྡེ་བ་དང་སྡེ་ཁུལ་གྱི་ཏང་གི་གཞི་རིམ་ཨུ་ཡོན་ལྷན་ཁང་དང་སྤྱི་ཁྱབ་ཀྲི་པུའུ་ཨུ་ཡོན་ལྷན་ཁང་གིས། སྲོལ་ཡིག་འདི་གཞིར་བཟུང་ནས་ལག་བསྟར་བྱེད་དགོས།

དོན་ཚན་སོ་ལྔ་པ། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་སྲོལ་ཡིག་འདི་གཞིར་བཟུང་ནས་འབྲེལ་ཡོད་ཀྱི་གཏན་འབེབས་བཟོས་ཆོག

དོན་ཚན་སོ་དྲུག་པ། སྲོལ་ཡིག་འདི་ལ་ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་འགན་ཁུར་ནས་འགྲེལ་བཤད་རྒྱག་པ་ཡིན།

དོན་ཚན་སོ་བདུན་པ། སྲོལ་ཡིག་འདི2018ལོའི་ཟླ10པའི་ཚེས28ཉིན་ནས་ལག་བསྟར་བྱས་པ་དང་། གཞན་པའི་ཏང་ཀྲི་པུའུ་དང་འབྲེལ་ཡོད་ཀྱི་གཏན་འབེབས་དེ་སྲོལ་ཡིག་འདི་དང་གཅིག་མཐུན་མིན་ན། སྲོལ་ཡིག་འདི་གཞིར་བཟུང་ནས་ལག་བསྟར་བྱེད་དགོས། །

ཞིན་ཧྭ་གསར་འགྱུར་ཁང་གི2018ལོའི་ཟླ11པའི་ཚེས25ཉིན་གྱི་གློག་འཕྲིན།

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།