ཀྲུང་གོ་བོད་ཀྱི་དྲ་བ།

2018ལོའི་དགུན་དུས་དང2019ལོའི་དཔྱིད་དུས་ཀྱི་ནགས་ཚལ་མེ་ཟོན་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་བཀའ་རྒྱ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2018-11-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ནགས་ཚལ་བཅའ་ཁྲིམས》དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི《ནགས་ཚལ་མེ་ཟོན་སྐོར་གྱི་སྲོལ་ཡིག》 (རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱ་ཡིག་ཨང541པ)དང་། 《<ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ནགས་ཚལ་བཅའ་ཁྲིམས>ལག་ལེན་བསྟར་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་བྱེད་ཐབས》སོགས་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་དང་། བོད་ལྗོངས་ཀྱི་འདི་ལོའི་དགུན་དུས་དང་སང་ལོའི་དཔྱིད་དུས་ཀྱི་ནགས་ཚལ་མེ་ཟོན་གྱི་དུས་བབ་དང་ཟུང་འབྲེལ་བྱས་ནས2018ལོའི་ཟླ11ཚེས15ཉིན་ནས2019ལོའི་ཟླ5ཚེས31ཉིན་བར་ནི་འདི་ལོའི་དགུན་དུས་དང་སང་ལོའི་དཔྱིད་དུས་ཀྱི་ནགས་ཚལ་མེ་ཟོན་དུས་ཚིགས་སུ་གཏན་འཁེལ་བྱས་པ་དང་། 2018ལོའི་ཟླ12ཚེས25ཉིན་ནས2019ལོའི་ཟླ4ཚེས30ཉིན་བར་ནགས་ཚལ་མེ་ཟོན་གྱི་གནད་འགག་ཆེ་བའི་དུས་ཚིགས་སུ་གཏན་འཁེལ་བྱས་པ་རེད། རང་ལྗོངས་ཀྱི་ནགས་ཚལ་མེ་ཟོན་གྱི་ལས་དོན་ཏན་ཏིག་སྒྲུབ་ཆེད་གཤམ་གསལ་གྱི་བཀའ་རྒྱ་དམིགས་སུ་ཁྱབ་བསྒྲགས་བྱ་རྒྱུ་སྟེ།

གཅིག ནགས་ཚལ་མེ་ཟོན་གྱི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་དགོས།

ས་གནས་རིམ་ཁག་མི་དམངས་སྲིད་གཞུང་དང་དེ་བཞིན་འབྲེལ་ཡོད་སྡེ་ཚན་གྱིས་སྣོད་བཅུད་བདེ་འཇགས་འགན་ལེན་དང་མཛེས་སྡུག་ལྡན་པའི་བོད་ལྗོངས་བསྐྲུན་རྒྱུའི་ཐད་ནགས་ཚལ་མེ་ཟོན་གྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱས་ནས་བྱེད་ཐབས་སྣ་ཚོགས་ཀྱི་དམངས་ཡོངས་ཀྱི་ནགས་ཚལ་མེ་ཟོན་གྱི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྒྲིག་འཛུགས་ཧུར་ཐག་བྱས་ཏེ་སྤེལ་བ་དང་། གསར་འགྱུར་སྨྱན་སྦྱོར་ཚན་པ་གང་ལེགས་སྤྱད་དེ་ནགས་ཚལ་མེ་ཟོན་གྱི་བཅའ་ཁྲིམས་ཁྲིམས་སྲོལ་དང་དེ་བཞིན་མེ་ཟོན་མེ་གསོད་ཀྱི་ཤེས་བྱ་དྲིལ་བསྒྲགས་བྱེད་པ། སྤྱི་ཕན་བརྡ་ཆ་དང་ཆ་འཕྲིན་ཁྱབ་བསྒྲགས་བྱེད་པར་བརྟེན་ནས“12119”ཡི་ནགས་ཚལ་མེ་ཟོན་ཉེན་བརྡའི་ཁ་པར་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ། ནགས་ཚལ་མེ་ཟོན་གྱི་ཤེས་བྱ“སློབ་གྲྭ་དང་། སྡེ་ཁུལ། ལས་ཡུལ། གྲོང་གསེབ། ཞིང་དུད”བཅས་སུ་དྲིལ་བསྒྲགས་ཤུགས་ཆེན་བཅས་བྱས་ཏེ་དམངས་ཡོངས་ཀྱི་ནགས་ཚལ་མེ་ཟོན་གྱི་འདུ་ཤེས་ཟབ་ཏུ་ཏན་ཏིག་བཏང་ནས། ནགས་ཚལ་མེ་ཟོན་ཤེས་བྱ་ཁྱིམ་ཚང་མི་རེ་ངོ་རེ་དང་མི་ཚང་མས་ཤེས་པ་དང་རང་རྟོགས་ངང་སྲུང་བརྩི་ཞུས་ཐོག་མཉམ་འགོག་མཉམ་བཅོས་དང་ཐབས་ཇུས་མཉམ་འདོན་གྱི་རྣམ་པ་བཟང་པོ་ཞིག་ཧུར་ཐག་གཏོད་དགོས།

གཉིས། ནགས་ཚལ་ཉེ་འགྲམ་གྱི་མེ་སྤྱོད་ལ་དོ་དམ་ནན་པོ་བྱེད་དགོས།

ས་གནས་རིམ་ཁག་མི་དམངས་སྲིད་གཞུང་དང་དེ་བཞིན་འབྲེལ་ཡོད་སྡེ་ཚན་གྱིས《ནགས་ཚལ་མེ་ཟོན་སྐོར་གྱི་སྲོལ་ཡིག》གི་གཏན་འབེབས་གཞིར་བཟུང་། མེ་སྤྱོད་དོ་དམ་གྱི་ལས་དོན་དོ་ནན་དུ་བཏང་སྟེ། གཙོ་གནད་ལམ་དུམ་དང་རིར་སྐྱོད་སའི་ལམ་མདོར་འགོག་ཟོན་བྱས་ནས་ཆེད་མིས་ལྟ་སྲུང་བྱེད་རྒྱུའི་བཀོད་སྒྲིག་བྱེད་དགོས། ནགས་ཚལ་མེ་ཟོན་དུས་ཚིགས་སུ་ཡུལ་དེ་གའི་མང་ཚོགས་རིར་ནོར་ལུག་འཚོ་བར་འགྲོ་སྐབས་ངེས་པར་དུ་ཡུལ་དེ་གའི་ཤང(གྲོང་རྡལ)གི་སྤྱི་ཕན་ནགས་ཚལ་དོ་དམ་སྲུང་སྐྱོང་ས་ཚིགས་དང་གྲོང་ཚོ་ཨུ་ལྷན་དུ་ཐོ་འགོད་བྱེད་དགོས། དེ་དང་དུས་མཚུངས་ནགས་ཚལ་ཉེ་འགྲམ་དུ་མེ་སྤོར་སྐབས་ངེས་པར་དུ“མི་ཆོག་པ་བཅུ”ལ་བརྩི་སྲུང་ནན་པོ་ཞུ་དགོས་པ་སྟེ། ནགས་ཚལ་ཉེ་འགྲམ་དུ་མེ་སྤར་ནས་ལྟོ་ཆས་བཟོ་མི་ཆོག་པ་དང་། ནགས་ཚལ་ཉེ་འགྲམ་དུ་མེ་སྤར་ནས་དྲོད་ལེན་ཐབས་བྱ་མི་ཆོག་པ། ནགས་ཚལ་ཉེ་འགྲམ་དུ་བསང་གསོལ་བྱ་མི་ཆོག་པ། ནགས་ཚལ་ཉེ་འགྲམ་དུ་ཉི་ཐབ་སྤྱད་མི་ཆོག་པ། ནགས་ཚལ་ཉེ་འགྲམ་དུ་ཐ་མག་འཐེན་མི་ཆོག་པ། ནགས་ཁུལ་དུ་རྔོན་རྒྱག་མི་ཆོག་པ། ནགས་ཁུལ་དུ་ཤིང་གཅད་མི་ཆོག་པ། ནགས་ཁུལ་དུ་མེ་ཕུང་དགོང་ཚོགས་གཉེར་མི་ཆོག་པ། ནགས་ཁུལ་དུ་འབར་གཏོར་དངོས་རྫས་སྐྱེལ་འདྲེན་དང་སྤྱད་མི་ཆོག་པ། ནགས་ཁུལ་དུ་རྫས་མེ་སྤོར་བ་དང་ཚ་ཁའི་འགྲན་བསྡུར་བྱ་མི་ཆོག་པ་བཅས་སོ། ནགས་ཁུལ་གྱི་མེ་སྤྱོད་ཞིབ་བཤེར་མཆན་བཀོད་ལམ་ལུགས་ལག་བསྟར་ནན་པོ་བྱས་ཏེ་ནགས་ཚལ་ཉེ་འགྲམ་དུ་མེ་སྤོར་སྐབས་དོ་དམ་ནན་པོ་བྱེད་པ་དང་འགོག་ཟོན་བྱེད་ཐབས་རིམ་གྱིས་དོན་འཁྱོལ་བྱས་ནས་ཆོག་མཆན་མེད་པར་རང་དགར་ནགས་ཁུལ་དུ་མེ་སྤོར་མཁན་ལ་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ཁྲིམས་ཆད་ལྕི་པོ་མྱུར་བར་གཅོད་དགོས། ཨར་སྐྲུན་གྱི་ཞིབ་བཤེར་མཆན་བཀོད་ལམ་ལུགས་དང་འགན་འཁྲིའི་ལམ་ལུགས་ལག་བསྟར་ནན་པོ་བྱས་ནས་ཨར་སྐྲུན་ཚན་པས་ངེས་པར་དུ་མེ་ཟོན་གྱི་སྔོན་ཇུས་བཟོ་དགོས་པ་དང་ནགས་ཚལ་མེ་ཟོན་ལྟ་སྐུལ་དོ་དམ་པ་བཀོད་སྒྲིག་བྱེད་དགོས།

གསུམ། མེ་གསོད་གེགས་སེལ་གྱི་གྲ་སྒྲིག་ལས་དོན་ཡག་པོ་སྒྲུབ་དགོས།

ས་གནས་རིམ་ཁག་མི་དམངས་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་ནགས་ཚལ་མེ་ཟོན་གྱི་འཕྲལ་སྡོམ་ཐག་གཅོད་ཀྱི་སྔོན་ཇུས་བཟོ་བ་དང་འཐུས་སྒོ་ཚང་དུ་བཏང་ནས་ནགས་ཚལ་མེ་སྐྱོན་ཐོན་ཚེ་སྔོན་ཇུས་གཞིར་བཟུང་འཕྲལ་མར་ཐག་གཅོད་ཐུབ་པའི་འགན་ལེན་བྱེད་དགོས། ས་གནས་རིམ་ཁག་མི་དམངས་སྲིད་གཞུང་གིས་ནགས་ཚལ་མེ་ཟོན་གྱི་སྔོན་འགོག་དང་མེ་གསོད་ཀྱི་འགྲོ་གྲོན་རིམ་པ་གཅིག་མཚུངས་ཀྱི་ནོར་སྲིད་སྔོན་རྩིས་ནང་བཅུག་སྟེ་མེ་གསོད་འགྲོ་གྲོན་དོན་འཁྱོལ་དང་། དངོས་ཟོག་གྲབས་གསོག་ཡག་པོ། མེ་གསོད་ཡོ་ཆས་སོགས་ཀྱི་སྒྲིག་ཆས་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་དང་བཟོ་བཅོས་རྒྱག་པ་བཅས་བྱས་ཏེ་མེ་ཟོན་མེ་གསོད་ཀྱི་དགོས་མཁོ་འགན་ལེན་བྱེད་དགོས། བོད་ལྗོངས་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་གིས་མེ་གསོད་གྲ་སྒྲིག་ལེགས་པར་བྱས་ནས། མི་སྣ་དང་། འཁོར་རིགས། མེ་གསོད་ཡོ་ཆས་སོགས་ལྡན་ཚད་དང་ཚད་ལྡན་ཚད་ངེས་པར་དུ་90%ཡན་ཡིན་དགོས་པ་མ་ཟད། རིམ་ཁག་ནགས་ཚལ་མེ་ཟོན་བཀོད་འདོམས་པུའུ་དང་མཐུན་སྦྱོར་བྱས་ཏེ་ནགས་ཚལ་མེ་ཟོན་གྱི་ལས་དོན་ཁག་ཡག་པོ་སྒྲུབ་དགོས། ས་གནས(གྲོང་ཁྱེར)དང་རྫོང(ཆུས)ཀྱི་ཆེད་ལས་དང་ཕྱེད་ཆེད་ལས་ཀྱི་མེ་གསོད་དཔུང་ཁག་སྣ་ཚོགས་དང་དེ་བཞིན་ཤང(གྲོང་རྡལ)རིམ་པའི་ནགས་ཚལ་མེ་ཟོན་གྱི་འཕྲལ་སྒྲུབ་རུ་ཁག་གིས་མེ་གསོད་ནང་སྦྱོང་ཡག་པོ་བྱས་ཏེ་མེ་ཟོན་མེ་གསོད་ཀྱི་གྲ་སྒྲིག་ཨང་གསར་བྱེད་དགོས་པ་དང་། རིམ་ཁག་ནགས་ཚལ་མེ་ཟོན་བཀོད་འདོམས་པུས“མི་རྩ་བར་འཛིན་པ་དང་བདེ་འཇགས་ཨང་དང་པོ་ཡིན་པའི”བསམ་བློ་བརྟན་པོར་བཙུགས་ནས་མེ་ཟོན་མེ་གསོད་ཀྱི་བདེ་འཇགས་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་མི་སྣ་འཆི་རྨས་ཀྱི་དོན་རྐྱེན་མི་ཐོན་པར་བྱེད་དགོས།

བཞི། ནགས་ཚལ་མེ་ཟོན་གྱི་སྙན་ཞུའི་ལམ་ལུགས་ལག་བསྟར་ནན་པོ་བྱེད་དགོས།

ས་གནས་རིམ་ཁག་མི་དམངས་སྲིད་གཞུང་དང་ནགས་ཚལ་མེ་ཟོན་བཀོད་འདོམས་པུའུ་ཡིས་ནགས་ཚལ་མེ་ཟོན་གྱི་སྡོད་བྱའི་ལམ་ལུགས་དང་ཆ་འཕྲིན་སྙན་ཞུའི་ལམ་ལུགས་ལག་ལེན་ནན་པོ་བསྟར་དགོས། ནགས་ཚལ་མེ་ཟོན་དུས་ཚིགས་སུ་རིམ་ཁག་ནགས་ཚལ་མེ་ཟོན་སྡེ་ཚན་གྱིས་ཆུ་ཚོད་24ཡི་སྡོད་བྱ་དང་འགོ་ཁྲིད་ཀྱིས་སྣེ་ཁྲིད་ནས་སྡོད་བྱ་ལམ་ལུགས་ངེས་པར་དུ་མཐའ་འཁྱོངས་བྱས་ཏེ་བཀོད་པ་ལུང་དུ་འགྲོ་བ་དང་མེ་སྐྱོན་གནས་ཚུལ་ཐད་ཀར་གོང་ཞུའི་བགྲོད་ལམ་ཤར་གཏོང་ཐུབ་པར་བྱེད་དགོས། ནགས་ཚལ་མེ་ཟོན་ཁོངས་གཏོགས་ཀྱིས་གོང་ཞུའི་ལམ་ལུགས་ལག་བསྟར་ནན་པོ་བྱས་ནས་མེ་སྐྱོན་དུས་ཐོག་ཏུ་ཚོད་འཛིན་ནུས་ལྡན་ཐུབ་པའི་འགན་ལེན་བྱེད་དགོས། སྤྱི་ཕན་ནགས་ཀྱི་ཆེད་ལས་བདག་སྐྱོང་བ་དང་ནགས་སྲུང་བས་སྐོར་ཞིབ་བྱེད་རྒྱ་ཆེ་རུ་དང་སྐོར་ཞིབ་མང་དུ་བཏང་སྟེ་མེ་སྐྱོན་ཐོན་ཚེ་འཕྲལ་དུ་ཐག་གཅོད་བྱེད་དགོས་པ་མ་ཟད། འབྲེལ་ཡོད་སྡེ་ཚན་ལ་གོང་ཞུ་བྱེད་དགོས། རིམ་ཁག་གནམ་གཤིས་སྡེ་ཚན་གྱིས་སྨྱན་སྦྱོར་ཁག་བརྒྱུད་ནས་དུས་ཐོག་ཏུ་ས་ཁོངས་དེའི་ནགས་ཚལ་མེ་ཟོན་རིམ་པར་སྔོན་བརྡ་གཏོང་དགོས། ནགས་ཚལ་དུ་མེ་སྐྱོན་ཐོན་ཕྱིན་ཚན་པ་དང་མི་སྒེར་ཚང་མར་འཕྲལ་དུ་ཡུལ་དེའི་ནགས་ཚལ་མེ་ཟོན་བཀོད་འདོམས་པུའུ་འམ་ཡང་ན་ནགས་ལས་སྲིད་འཛིན་གཙོ་འགན་དོ་དམ་སྡེ་ཚན་ལ་སྙན་ཞུ་འབུལ་བའི་འོས་འགན་ཡོད་པས། “12119”ནགས་ཚལ་མེ་ཟོན་གྱི་ཉེན་བརྡའི་ཁ་པར་བརྒྱབ་ནས། འཕྲལ་དུ་ལས་དོན་བསྒྲུབས“མེ་སྔ་ཙམ་དང་། ཆུང་ས། མྱུར་པོ”བཅས་ཀྱི་སྒོ་ནས་གསོད་ཐུབ་པར་བྱས་ཏེ་ནགས་ཚལ་མེ་སྐྱོན་ལ་བཀག་འགོག་ནུས་ལྡན་བྱེད་དགོས།

ལྔ། ནགས་ཚལ་མེ་སྐྱོན་ཉེན་ཁའི་མི་མངོན་པའི་རྐྱེན་ངན་གྲལ་བཤེར་དང་ལྟ་སྐུལ་མཛུབ་ཁྲིད་བྱེད་དགོས།

ས་གནས་རིམ་ཁག་མི་དམངས་སྲིད་གཞུང་དང་རང་སྐྱོང་ལྗོངས་ནགས་ཚལ་མེ་ཟོན་བཀོད་འདོམས་པུའུ་གཞུང་ལས་ཁང(ནགས་ལས་ཐིང)སོ་སོས་ནགས་ཚལ་མེ་སྐྱོན་ཉེན་ཁའི་མི་མངོན་པའི་རྐྱེན་ངན་གྲལ་བཤེར་གྱི་ཇུས་གཞི་བཟོས་ཏེ་གྲལ་བཤེར་གྱི་ནང་དོན་དང་། གྲལ་བཤེར་བྱེད་སྟངས། གྲལ་བཤེར་གྱི་བླང་བྱ། གྲལ་བཤེར་གྱི་ལས་དོན་སྒྲིག་འཛུགས་སོགས་ཁ་གསལ་བྱེད་དགོས་པ་དང་། ནགས་ཚལ་མེ་སྐྱོན་ཉེན་ཁའི་མི་མངོན་པའི་རྐྱེན་ངན་རིམ་པ་བཞིན་གྲལ་བཤེར་དང་། གང་སར་གྲལ་བཤེར། རྟག་ཏུ་གྲལ་བཤེར་བཅས་བྱེད་དགོས། མེ་སྐྱོན་ཉེན་ཁའི་མི་མངོན་པའི་རྐྱེན་ངན་གྲལ་བཤེར་དང་ལྟ་སྐུལ་མཛུབ་ཁྲིད་ལ་ཤུགས་སྣོན་རྒྱག་དགོས་པ་དང་། ནགས་ལས་ཐིང་གིས་གནམ་གཤིས་ལ་གཞིགས་ནས་ཟླ་བ་མི་རེ་ངོ་རེར་ལྗོངས་ཡོངས་སུ་མི་མངོན་པའི་རྐྱེན་ངན་གྲལ་བཤེར་དང་ལྟ་སྐུལ་མཛུབ་ཁྲིད་ཐེངས་རེ་དང་། ས་ཁུལ(གྲོང་ཁྱེར)ཁག་གིས་ཉིན་20རེར་གྲལ་བཤེར་ཐེངས་རེ། རྫོང(ཆུས)ཁག་གིས་གཟའ་འཁོར་རེར་གྲལ་བཤེར་ཐེངས་རེ་བྱེད་དགོས། ནགས་སྲུང་བས་ཉིན་ལྟར་ཁོངས་གཏོགས་ཁུལ་གྱི་ཕྱོགས་གང་སར་བར་མཚམས་མི་ཆད་པར་མེ་སྐྱོན་གནས་ཚུལ་གྲལ་བཤེར་བྱས་ཏེ་ཁུག་གསང་སྟོང་གསུམ་མི་ལུས་པར་བྱེད་པ་དང་། མི་མངོན་པའི་རྐྱེན་ངན་ཤེས་རྟོགས་ཐུབ་ཕྱིན་དུས་ཐོག་ཏུ་སྙན་སེང་ཞུ་བ་དང་། འཕྲལ་དུ་ཐག་གཅོད་བྱེད་པ། ཕྱོགས་མཚམས་ཀུན་ལ་ཁྱབ་པ་དང་བར་མཚམས་མི་ཆད་པའི་མེ་སྐྱོན་གནས་ཚུལ་གྱི་མི་མངོན་པའི་རྐྱེན་ངན་གྲལ་བཤེར་གྱི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ་གནས་ཚུལ་གསལ་པོ་ཤེས་པ་དང་འདིང་གཞི་ལེགས་པར་རྟོགས་པའི་སྒོ་ནས་སྔོན་འགོག་བྱེད་དགོས།

དྲུག ཁྲིམས་ལྟར་མེ་སྐྱོན་བཅོས་སྒྲིག་ལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས།

ས་གནས་རིམ་ཁག་མི་དམངས་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཚན་གྱིས་ཁྲིམས་ལྟར་མེ་སྐྱོན་བཅོས་སྒྲིག་དང་ཁྲིམས་ལྟར་མེ་སྐྱོན་ལ་དོ་དམ་བྱས་ཏེ་ནགས་ཚལ་མེ་སྐྱོན་བཟོ་མཁན་ལ་རྡུང་རྡེག་གཏོང་ཤུགས་ཆེ་རུ་གཏོང་དགོས། མེ་སྐྱོན་གྱི་མི་མངོན་པའི་རྐྱེན་ངན་ཤེས་ཀྱང་ལས་དོན་མི་སྒྲུབ་པའམ་ཡང་ན་རང་འགན་སྣང་མེད་དུ་འཇོག་པ་དང་འགན་འཛོལ་དང་ལས་འཛོལ་བྱུང་བ་སོགས་ཀྱི་རྐྱེན་པས་ནགས་ཚལ་ལ་མེ་སྐྱོན་བྱུང་རིགས་དང་། མེ་སྐྱོན་གྱི་མི་མངོན་པའི་རྐྱེན་ངན་གསང་ནས་གོང་ཞུ་མི་བྱེད་པ་དང་མེ་གསོད་པའི་གོ་སྐབས་བཟང་པོ་འཐུས་ཤོར་བཏང་བའི་རིགས། མེ་ཟོན་འགན་འཁྲི་དོན་འཁྱོལ་མ་བྱུང་བ་དང་མེ་གསོད་སྒྲིག་འཛུགས་ཡག་པོ་མ་བྱས་པའི་དབང་གིས་ནགས་ཚལ་ལ་མེ་སྐྱོན་ཧ་ཅང་ཚབས་ཆེན་བྱུང་བའམ་ཡང་ན་ཤུགས་རྐྱེན་ཧ་ཅང་ཆེན་པོ་བྱུང་རིགས་བཅས་ལ་ཡུལ་དེའི་སྲིད་གཞུང་དང་དེ་བཞིན་ནགས་ལས་སྲིད་འཛིན་གཙོ་འགན་དོ་དམ་སྡེ་ཚན་གྱི་འགོ་ཁྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་རྩད་གཅོད་བྱེད་དགོས། དེ་དང་ཆབས་ཅིག་ནགས་ཚལ་གྱི་མེ་སྐྱོན་ཤེས་རྟོགས་ཐུབ་ཕྱིན། ནགས་ཚལ་སྤྱི་བདེས་ཡུལ་དེའི་སྤྱི་བདེའི་སྡེ་ཚན་དང་མཉམ་དུ་ཆེད་དོན་གྱོད་དོན་ཚོགས་ཆུང་བཙུགས་ཏེ་ཁྲིམས་ལྟར་ནན་ལ་མྱུར་བའི་སྒོ་ནས་ཐག་གཅོད་བྱེད་དགོས་པ་མ་ཟད། དུས་ཐོག་ཏུ་སྤྱི་ཚོགས་ལ་ཡོངས་བསྒྲགས་བྱས་ནས་ཐག་གཅོད་བྱེད་རིམ་བཞིན་ཕྱོགས་གཅིག་ལ་ཉེན་ཟོན་གཏོང་བ་དང་སློབ་གསོ་ཐེབས་ཐུབ་པར་བྱེད་དགོས།

ས་གནས་རིམ་ཁག་མི་དམངས་སྲིད་གཞུང་གི་འགོ་ཁྲིད་གཙོ་བོ་དང་ནགས་ལས་སྲིད་འཛིན་གཙོ་འགན་དོ་དམ་སྡེ་ཚན་གྱི་འགན་འཁུར་བ་གཙོ་བོས་ངེས་པར་དུ་ནགས་ཚལ་མེ་ཟོན་གྱི་འགན་འཁྲི་ཨང་དང་པོ་དང་འགན་འཁུར་བ་གཙོ་བོའི་འགན་འཁྲི་ལག་ལེན་ཏན་ཏིག་བསྟར་ནས་རིམ་པ་བཞིན་ནགས་ཚལ་མེ་ཟོན་གྱི་དམིགས་ཚད་འགན་འཁྲིའི་ཡི་གེ་འཇོག་དགོས། གྲོང་སྤྱི(ཀྲོན་ཡོན)དང་། རྫོང་དཔོན(ཆུས་ཀྲང) ཤང་ཀྲང(ཀྲེན་ཀྲང) གྲོང་ཚོ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བཅས་ཀྱི་འགན་འཁྲི་ནགས་ཚལ་མེ་ཟོན་ལས་ཀའི་བརྒྱུད་རིམ་ཧྲིལ་པོའི་འགོ་ནས་མཇུག་བར་ཁྱབ་པར་བྱས་ནས་རིམ་ཁག་འགོ་ཁྲིད་རིམ་དབྱེ་དང་ཁུལ་དབྱེ་ནས་ལས་འགན་གཙང་སྒྲུབ་ཀྱི་འགན་འཁྲིའི་ལམ་ལུགས་ལག་ལེན་བསྟར་དགོས། རིམ་ཁག་ནགས་ཚལ་མེ་ཟོན་བཀོད་འདོམས་པུའི་ཁོངས་གཏོགས་སྡེ་ཚན་གྱིས་འགན་འཁྲི་ལག་ལེན་ཏན་ཏིག་བསྟར་ནས་ནགས་ཚལ་མེ་སྐྱོན་སྔོན་འགོག་དང་མེ་གསོད་གེགས་སེལ་གྱི་གྲ་སྒྲིག་སོགས་ཀྱི་ལས་དོན་ཁག་རང་འགུལ་ངང་ཧུར་ཐག་བསྒྲུབས་ཏེ་མེ་སྐྱོན་ཐོན་ཚེ་འཕྲལ་དུ་མེ་སྐྱོན་ཐོན་ཡུལ་དུ་བསྐྱོད་ནས་མེ་གསོད་པའི་འགན་ལེན་བྱེད་དགོས། ནགས་ཚལ་མེ་ཟོན་སྔོན་འགོག་གི་རྒྱུན་གཏན་གྱི་དོ་དམ་ལས་དོན་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་ནས་གཏན་འབེབས་ལས་འགལ་ཏེ་ནགས་ཚལ་མེ་སྐྱོན་ཐོན་རིགས་ནགས་ཚལ་མེ་སྐྱོན་བཟོ་མཁན་གྱི་འགན་འཁྲི་རྩད་གཅོད་ནན་པོ་བྱ་རྒྱུ་དང་འབྲེལ་གནས་ཚུལ་ལ་གཞིགས་ནས་འབྲེལ་ཡོད་འགོ་ཁྲིད་ཀྱི་སྲིད་འཛིན་འགན་འཁྲི་དང་དེ་བཞིན་བཅའ་ཁྲིམས་ཀྱི་འགན་འཁྲི་རྩད་གཅོད་བྱེད་དགོས། །

རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི། ཆེ་དགྲ་ལྷས།

2018ལོའི་ཟླ་10ཚེས་26ཉིན།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།