ཀྲུང་གོ་བོད་ཀྱི་དྲ་བ།

བོད་རང་སྐྱོང་ལྗོངས་ཀྱི་བདེན་པའི་རྒྱབ་ལངས་པར་གཟེངས་བསྟོད་བྱ་དགའ་སྤྲོད་རྒྱུ་དང་ཁེ་དབང་འགན་སྲུང་བྱེད་རྒྱུའི་སྲོལ་ཡིག

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2017-09-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

(2017ལོའི་ཟླ་5ཚེས་26ཉིན་བོད་རང་སྐྱོང་ལྗོངས་སྐབས་བཅུ་པའི་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་སོ་གསུམ་པའི་ཐོག་གྲོས་འཆམ་བྱུང་བ)    

ལེའུ་དང་པོ། སྤྱིའི་རྩ་དོན།

དོན་ཚན་དང་པོ། སྤྱི་ཚོགས་ཀྱི་སྤྱོད་བཟང་དར་སྤེལ་བཏང་ནས་སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་དར་སྤེལ་ལ་སྐུལ་འདེད་གཏོང་རྒྱུ་དང་། བདེན་པའི་རྒྱབ་ལངས་པར་བྱ་དགའ་སྤྲོད་རྒྱུ་དང་འགན་སྲུང་བྱེད་པར་ཤུགས་སྣོན་དང་ཚད་ལྡན་ཡོང་བ་བྱེད་ཆེད། འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་གཞིགས་ཏེ་རང་སྐྱོང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་སྲོལ་ཡིག་འདི་བཟོས་པ་ཡིན།

དོན་ཚན་གཉིས་པ། རང་སྐྱོང་ལྗོངས་འདི་གའི་སྲིད་འཛིན་ཁུལ་ཁོངས་ནང་གི་བདེན་པའི་རྒྱབ་ལངས་པ་ཡིན་ཕྱིན་སྲོལ་ཡིག་འདི་སྤྱོད་རྒྱུ། རང་སྐྱོང་ལྗོངས་འདི་གའི་ཐེམ་ཁོངས་ཡིན་པའི་མི་སྣས་རང་སྐྱོང་ལྗོངས་ཀྱི་སྲིད་འཛིན་ཁུལ་ཁོངས་ཕྱིར་བདེན་པའི་རྒྱབ་ལངས་བྱེད་རིགས་ལ་གུན་གསབ་གཟིགས་སྐྱོང་དང་སྤྱི་ཚོགས་འགན་སྲུང་བྱེད་པར་སྲོལ་ཡིག་འདི་སྤྱོད་རྒྱུ།

དོན་ཚན་གསུམ་པ། སྲོལ་ཡིག་འདིའི་ནང་བརྗོད་པའི་བདེན་པའི་རྒྱབ་ལངས་པ་ཞེས་པ་ནི། ཁྲིམས་བཀོད་འགན་འཁྲི་དང་དམིགས་བསལ་འོས་འགན་ཕུད་པའི་རྒྱལ་ཁབ་ཀྱི་ཁེ་ཕན་དང་། སྤྱི་ཚོགས་ཀྱི་སྤྱི་པའི་ཁེ་ཕན་ནམ་ཡང་ན་མི་གཞན་གྱི་ལུས་སྲོག་དང་རྒྱུ་ནོར་བདེ་འཇགས་བཅས་ལ་སྲུང་སྐྱོབ་བྱེད་ཆེད། ཐོན་བཞིན་པའི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་དང་འཐབ་རྩོད་བྱེད་པའམ་ཡང་ན་སྲོག་སྐྱོབ་དང་། ཉེན་འགོག གེགས་སེལ་སོགས་ཀྱི་བྱ་སྤྱོད་སྤེལ་མཁན་སྤྱི་དམངས་ལ་ཟེར་བ་ཡིན།

དོན་ཚན་བཞི་པ། བདེན་པའི་རྒྱབ་ལངས་པར་བྱ་དགའ་སྤྲོད་པ་དང་འགན་སྲུང་བྱེད་སྐབས་སྲིད་གཞུང་གིས་གཙོ་ཁྲིད་དང་སྤྱི་ཚོགས་ཐེ་ཞུགས་བྱེད་རྒྱུ་ཟུང་འབྲེལ་དང་། བསམ་བློའི་ཐོག་སྐུལ་ལྕག་དང་དངོས་པོའི་བྱ་དགའ་སྤྲོད་རྒྱུ་དང་ཁེ་ཕན་འགན་སྲུང་བྱེད་རྒྱུ་ཟུང་འབྲེལ། དེ་བཞིན་ཡོངས་བསྒྲགས་དང་། གཞུང་དྲང་། དུས་ཐོག་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱེད་རྒྱུ།

དོན་ཚན་ལྔ་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་བདེན་པའི་རྒྱབ་ལངས་པར་བྱ་དགའ་སྤྲོད་རྒྱུ་དང་འགན་སྲུང་ལས་ཀའི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་རྒྱུ་མ་ཟད། དེའི་བྱ་དགའི་དངུལ་དང་ལས་ཀའི་འགྲོ་གྲོན་རྣམས་རིམ་པ་དེ་གའི་ནོར་སྲིད་སྔོན་རྩིས་ནང་འཇུག་རྒྱུ།

དོན་ཚན་དྲུག་པ། རྫོང་རིམ་པ་ཡན་གྱི་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་སྡེ་ཚན་གྱིས་བདེན་པའི་རྒྱབ་ལངས་པར་བྱ་དགའ་སྤྲོད་རྒྱུ་དང་འགན་སྲུང་བྱེད་པའི་ལས་ཀ་སྒྲིག་འཛུགས་དང་། མཐུན་སྦྱོར། དཔྱད་ཞིབ་བཅས་བྱེད་རྒྱུ་དང་། བདེན་པའི་རྒྱབ་ལངས་པའི་བྱ་སྤྱོད་ངོས་འཛིན་གཏན་འཁེལ་དང་གཟེངས་བསྟོད་བྱེད་པ་སོགས་ཀྱི་ལས་ཀའི་འགན་འཁུར་རྒྱུ།

དོན་ཚན་བདུན་པ། རྫོང་རིམ་པ་ཡན་གྱི་སྤྱི་བདེ་དང་། དམངས་སྲིད། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན། འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ། སློབ་གསོ། ནོར་སྲིད། ཁྲིམས་འཛིན་སྲིད་འཛིན། བཟོ་ཚོང་། ཁྲལ་དོན་སོགས་སྲིད་འཛིན་གཙོ་འགན་སྡེ་ཚན་གྱིས་ངེས་པར་དུ་རང་རང་སོ་སོའི་འགན་འཁྲི་ཁྲིམས་བཞིན་བསྒྲུབ་རྒྱུ་དང་། བདེན་པའི་རྒྱབ་ལངས་པའི་བྱ་དགའ་དང་འགན་སྲུང་ལས་དོན་མཉམ་དུ་ཡག་པོ་སྒྲུབ་དགོས། བཟོ་ཚོགས་དང་། གུང་གཞོན་སྡེ་ཚོགས། བུད་མེད་མཉམ་འབྲེལ་ལྷན་ཚོགས། དབང་སྐྱོན་ལྷན་ཚོགས་སོགས་མི་དམངས་ཚོགས་པ་དང་། ཁེ་ལས་དང་བྱ་གཞག་ཚན་པ། གཞི་རིམ་རྩ་འཛུགས་བཅས་ཀྱིས་ངེས་པར་དུ་བདེན་པའི་རྒྱབ་ལངས་པར་བྱ་དགའ་སྤྲོད་རྒྱུ་དང་འགན་སྲུང་བྱེད་པའི་ལས་དོན་ཡག་པོ་བསྒྲུབ་རྒྱུར་གཞོགས་འདེགས་བྱེད་དགོས།

དོན་ཚན་བརྒྱད་པ། རིགས་ཁག་གི་སྨྱན་སྦྱོར་ཚན་པས་ངེས་པར་དུ་བདེན་པའི་རྒྱབ་ལངས་པའི་སྔོན་ཐོན་བྱས་རྗེས་དྲིལ་བསྒྲགས་བྱེད་རྒྱུ་དང་གནས་ཚུལ་ཧུར་ཐག་སྤེལ་ཏེ་གཞན་ཕན་བསྒྲུབ་རྒྱུར་དགའ་བ་དང་བདེན་པའི་རྒྱབ་ལངས་ཀྱི་སྤྱི་ཚོགས་ཁོར་ཡུག་ཅིག་གཏོད་དགོས།

དོན་ཚན་དགུ་པ། སྤྱི་ཚོགས་ཡོངས་ཀྱིས་ངེས་པར་དུ་བདེན་པའི་རྒྱབ་ལངས་པའི་བྱ་སྤྱོད་ལ་རྒྱབ་སྐྱོར་དང་། བདེན་པའི་རྒྱབ་ལངས་པར་བརྩི་བཀུར་དང་ཐུགས་ཁུར་བྱེད་དགོས། རྩ་འཛུགས་གང་འདྲ་ཞིག་དང་མི་སྒེར་སུ་འདྲ་ཞིག་ཡིན་རུང་ངེས་པར་དུ་བདེན་པའི་རྒྱབ་ལངས་པའི་བྱ་སྤྱོད་ལ་རོགས་རམ་དང་རྒྱབ་སྐྱོར་བྱེད་དགོས།

དོན་ཚན་བཅུ་པ། རྒྱལ་ཁབ་ལས་ཁུངས་དང་། ཁེ་ལས་དང་བྱ་གཞག་ཚན་པ། དེ་བཞིན་སྤྱི་ཚོགས་སྒྲིག་འཛུགས་དང་མི་སྒེར་གྱིས་བདེན་པའི་རྒྱབ་ལངས་ཀྱི་ཐེབས་རྩ་ལྷན་ཚོགས་སམ་ཡང་ན་བདེན་པའི་རྒྱབ་ལངས་པ་དང་དེའི་གཉེན་ཉེར་ཞལ་འདེབས་འབུལ་རྒྱུ་དང་ཞབས་ཞུ་བསྒྲུབ་རྒྱུར་སྐུལ་མ་གཏོང་དགོས།

ལེའུ་གཉིས་པ། ཆེད་སྤྱོད་མ་དངུལ་དང་ཐེབས་རྩ།

དོན་ཚན་བཅུ་གཅིག་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་བདེན་པའི་རྒྱབ་ལངས་པར་བྱ་དགའ་དང་འགན་སྲུང་བྱེད་པའི་ཆེད་སྤྱོད་མ་དངུལ་འཛུགས་རྒྱུ་དང་། རིམ་མཚུངས་ནོར་སྲིད་ནས་དོན་དངོས་ཀྱི་དགོས་མཁོ་གཞིར་བཟུང་འགན་སྲུང་བྱེད་དགོས།

དོན་ཚན་བཅུ་གཉིས་པ། རང་སྐྱོང་ལྗོངས་ཀྱིས་ངེས་པར་དུ་བདེན་པའི་རྒྱབ་ལངས་ཀྱི་ཐེབས་རྩ་ལྷན་ཚོགས་འཛུགས་རྒྱུ་དང་། ས་གནས་དང་། གྲོང་ཁྱེར། ཆ་རྐྱེན་ཡོད་པའི་རྫོང་(ཆུད)བཅས་སུ་བདེན་པའི་རྒྱབ་ལངས་པའི་ཐེབས་རྩ་ལྷན་ཚོགས་ཀྱི་ཡན་ལག་ལྷན་ཚོགས་འཛུགས་ཆོག བདེན་པའི་རྒྱབ་ལངས་ཀྱི་ཐེབས་རྩའི་འབྱུང་ཁུངས་གཙོ་བོ་ནི། (གཅིག)རིམ་མཚུངས་ནོར་སྲིད་ནས་གྲོན་དངུལ་གཏོང་རྒྱུ་དང་། (གཉིས)སློང་བསྡུ་བྱས་པའི་ཡོང་སྒོ། (གསུམ)ཞལ་འདེབས་ཕུལ་བའི་ཡོང་སྒོ། (བཞི)ཁྲིམས་མཐུན་གྱི་ཡོང་སྒོ་གཞན་དག་བཅས་སོ།

དོན་ཚན་བཅུ་གསུམ་པ། བདེན་པའི་རྒྱབ་ལངས་པའི་ཆེད་སྤྱོད་མ་དངུལ་ལམ་ཡང་ན་ཐེབས་རྩ་དེ་ངེས་པར་དུ་གཤམ་གསལ་ཕྱོགས་ཁག་ལ་སྤྱོད་དགོས་པ་སྟེ། (གཅིག)བདེན་པའི་རྒྱབ་ལངས་པར་སྲོག་སྐྱོབ་སྨན་བཅོས་བྱེད་རྒྱུ་དང་། གཟེངས་བསྟོད་བྱ་དགའ་སྤྲོད་རྒྱུ་དང་། (གཉིས)བདེན་པའི་རྒྱབ་ལངས་པ་དང་དེའི་གཉེན་ཉེར་གོད་སོས་དང་། ཁ་གསབ་རོགས་དངུལ། རོགས་སྐྱོབ་བྱེད་རིགས། (གསུམ)བདེན་པའི་རྒྱབ་ལངས་བྱས་རྐྱེན་རང་སྲོག་ཤོར་བ་དང་། རྨས་སྐྱོན་ཤོར་བའི་མི་སྣའི་རང་མིང་མི་འགོད་པའི་ལུས་རྟེན་འགན་བཅོལ་ཉོ་སྒྲུབ་བྱེད་རིགས། (བཞི)བདེན་པའི་རྒྱབ་ལངས་པའི་བྱས་རྗེས་དྲིལ་བསྒྲགས་བྱེད་རིགས། (ལྔ)བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་གཏན་འབེབས་བྱས་པའི་གཏོང་སྒོ་གཞན་དག་བཅས་སོ།

དོན་ཚན་བཅུ་བཞི་པ། བདེན་པའི་རྒྱབ་ལངས་པའི་ཆེད་སྤྱོད་མ་དངུལ་དང་ཐེབས་རྩ་དེ་ངེས་པར་དུ་ཆེད་དངུལ་ཆེད་སྤྱོད་བྱེད་རྒྱུ་མ་ཟད་རིམ་མཚུངས་ནོར་སྲིད་དང་། རྩིས་བཤེར་སྡེ་ཚན། ཞལ་འདེབས་འབུལ་མཁན་དང་སྤྱི་ཚོགས་བཅས་ནས་ལྟ་སྐུལ་བྱེད་པ་དང་ལེན་ཞུ་དགོས་ཁར། བེད་སྤྱོད་བྱས་ཚུལ་དུས་ཐོག་ཏུ་སྤྱི་ཚོགས་ལ་ཡོངས་བསྒྲགས་བྱེད་དགོས།

ལེའུ་གསུམ་པ། རེ་ཞུ་དང་ངོས་གཏན།

དོན་ཚན་བཅོ་ལྔ་པ། རིམ་པ་ཁག་གི་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་སྡེ་ཚན་ནས་ངེས་པར་དུ་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་དང་། དམངས་སྲིད། སྤྱི་བདེ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་། ནོར་སྲིད། སློབ་གསོ། འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན། ཁྲིམས་འཛིན་སྲིད་འཛིན་སོགས་སྡེ་ཚན་གྱི་འབྲེལ་ཡོད་མི་སྣ་ལས་གྲུབ་པའི་དཔྱད་ཞིབ་ཨུ་ཡོན་ལྷན་ཁང་འཛུགས་རྒྱུ། བདེན་པའི་རྒྱབ་ལངས་པའི་བྱ་སྤྱོད་དེ་བྱ་སྤྱོད་ཐོན་སའི་རྫོང་རིམ་པ་ཡན་གྱི་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་སྡེ་ཚན་ནས་བརྟག་དཔྱད་ཞིབ་བསྡུར་བྱེད་འགན་འཁུར་རྒྱུ་དང་། དཔྱད་ཞིབ་ཨུ་ཡོན་ལྷན་ཁང་སྒྲིག་འཛུགས་བྱས་ཏེ་དཔྱད་ཞིབ་དང་ངོས་འཛིན་གཏན་འཁེལ་བྱེད་དགོས། བདེན་པའི་རྒྱབ་ལངས་པར་ངོས་འཛིན་གཏན་འཁེལ་བྱེད་པའི་གོ་རིམ་དང་དུས་ཚད་དེ་ངེས་པར་དུ་སྲིད་གཞུང་གི་དྲ་ཚིགས་དང་ཚགས་པར་དང་དུས་དེབ་སོགས་ཀྱི་སྨྱན་སྦྱོར་བརྒྱུད་ནས་སྤྱི་ཚོགས་ཐོག་ཡོངས་བསྒྲགས་བྱེད་དགོས།

དོན་ཚན་བཅུ་དྲུག་པ། གཤམ་གསལ་གྱི་གནས་ཚུལ་གྲས་ཤིག་ཡོད་ཅིང་། བྱས་རྗེས་མངོན་གསལ་ཡོད་རིགས། ངེས་པར་དུ་བདེན་པའི་རྒྱབ་ལངས་པར་ངོས་འཛིན་གཏན་འཁེལ་བྱེད་དགོས་པ་སྟེ། (གཅིག)རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་པའི་བདེ་འཇགས་ལ་གནོད་འཚེ་བཟོ་བའམ་ཡང་ན་སྤྱི་ཚོགས་ཀྱི་སྤྱི་པའི་སྒྲིག་ལམ་གཏོར་བཤིག་གཏོང་མཁན་གྱི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་དང་འཐབ་རྩོད་བྱེད་བཞིན་པའི་རིགས་དང་། (གཉིས)རྒྱལ་ཁབ་དང་མཉམ་སྡེབ་ཀྱི་རྒྱུ་ནོར་རམ་ཡང་ན་མི་གཞན་གྱི་ལུས་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་གནོད་འཚེ་གཏོང་བའི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་དང་འཐབ་རྩོད་བྱེད་བཞིན་པའི་རིགས། (གསུམ)སྤྱི་བདེ་ལས་ཁུངས་དང་ཁྲིམས་འཛིན་ལས་ཁུངས་ཀྱིས་འཛིན་བཟུང་བྱེད་རྒྱུའི་ཉེས་གསོག་པའམ་ཡང་ན་དོགས་ཡོད་ཉེས་ཅན་པ་འཛིན་འདེད་བྱེད་པར་རང་འགུལ་ངང་གཞོགས་འདེགས་བྱེད་པའི་རིགས། (བཞི)ཉེན་འགོག་དང་། རྒུད་སྐྱོབ། སྲོག་སྐྱོབ་བཅས་བྱེད་པ་དང་། རྒྱལ་ཁབ་དང་མཉམ་སྡེབ་ཀྱི་རྒྱུ་ནོར་རམ་ཡང་ན་མི་གཞན་གྱི་ལུས་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་རིགས། (ལྔ)ངེས་པར་དུ་བདེན་པའི་རྒྱབ་ལངས་ཀྱི་བྱ་སྤྱོད་ལ་ངོས་འཛིན་གཏན་འཁེལ་བྱེད་དགོས་རིགས་ཀྱི་གནས་ཚུལ་གཞན་དག་བཅས་སོ།

དོན་ཚན་བཅུ་བདུན་པ། བདེན་པའི་རྒྱབ་ལངས་པའམ་ཡང་ན་དེའི་གཉེན་ཉེ་དང་། རྩ་འཛུགས་གང་འདྲ་ཞིག་དང་མི་སྒེར་སུ་འདྲ་ཞིག་ཡིན་རུང་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་སྡེ་ཚན་ལ་བདེན་པའི་རྒྱབ་ལངས་པར་ངོས་འཛིན་གཏན་འཁེལ་བྱེད་རྒྱུའི་རེ་ཞུ་འབུལ་བའམ་ཡང་ན་བདེན་པའི་རྒྱབ་ལངས་བྱེད་མཁན་འོས་སྦྱོར་བྱེད་ཆོག བདེན་པའི་རྒྱབ་ལངས་ཀྱི་བྱ་སྤྱོད་རེ་ཞུ་བྱེད་མཁན་དང་འོས་སྦྱོར་བྱེད་མཁན་མེད་ཚེ། བྱ་སྤྱོད་ཐོན་སའི་རྫོང་རིམ་པ་ཡན་གྱི་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་སྡེ་ཚན་ནས་འོས་སྦྱོར་བྱེད་དགོས།

དོན་ཚན་བཅོ་བརྒྱད་པ། བདེན་པའི་རྒྱབ་ལངས་པར་ངོས་འཛིན་གཏན་འཁེལ་བྱེད་པའི་རེ་ཞུ་འབུལ་བའམ་ཡང་ན་བདེན་པའི་རྒྱབ་ལངས་པར་འོས་སྦྱོར་བྱེད་དགོས་ཚེ། ངེས་པར་དུ་བྱ་སྤྱོད་ཐོན་ཉིན་ནས་བཟུང་ལོ་གཉིས་ནང་ཚུན་དུ་རེ་ཞུ་འབུལ་དགོས། བདེན་པའི་རྒྱབ་ལངས་པར་ངོས་འཛིན་གཏན་འཁེལ་བྱེད་པའི་རེ་ཞུ་འབུལ་བའམ་ཡང་ན་བདེན་པའི་རྒྱབ་ལངས་པར་འོས་སྦྱོར་བྱེད་སྐབས་ངེས་པར་དུ་གཤམ་གསལ་གྱི་དཔྱད་ཡིག་ཁག་མཁོ་འདོན་བྱེད་དགོས་པ་སྟེ། (གཅིག)བདེན་པའི་རྒྱབ་ལངས་པས་བྱས་རྗེས་བཞག་པའི་དཔྱད་ཡིག་དང་། (གཉིས)ཁེ་ཕན་ཐོབ་མཁན་དང་། དཔང་མིའམ་ཡང་ན་འབྲེལ་ཡོད་རྩ་འཛུགས། མི་སྒེར་བཅས་ཀྱིས་མཁོ་འདོན་བྱས་པའི་དཔང་ཡིག་བཅས་སོ།

དོན་ཚན་བཅུ་དགུ་པ། སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་སྡེ་ཚན་གྱིས་རེ་ཞུའམ་ཡང་ན་འོས་སྦྱོར་བྱས་པ་ལག་སོན་བྱུང་རྗེས་ངེས་པར་དུ་བརྟག་དཔྱད་ཞིབ་བསྡུར་བྱེད་རྒྱུ་སྒྲིག་འཛུགས་བྱེད་དགོས་པ་དང་། དཔྱད་ཞིབ་ཨུ་ཡོན་ལྷན་ཁང་སྒྲིག་འཛུགས་ཀྱིས་དཔྱད་ཞིབ་བྱས་ཏེ་ལས་ཀའི་ཉིན་གྲངས་ཉི་ཤུའི་ནང་ཚུན་དུ་ངོས་འཛིན་གཏན་འཁེལ་བྱེད་མིན་གྱི་བསམ་འཆར་འདོན་དགོས། གནས་ཚུལ་རྙོག་དྲ་ཆེ་རིགས་ལས་ཀའི་ཉིན་གྲངས་བཅུ་ནར་འགྱངས་བྱེད་ཆོག སྤྱི་བདེ་དང་དམངས་སྲིད་སོགས་སྡེ་ཚན་ནས་ཐག་གཅོད་བྱས་པའི་མཇུག་བསྡོམས་དེ་གཞི་འཛིན་སར་བརྩི་དགོས་སྐབས། དེའི་དུས་ཚོད་དེ་ངོས་འཛིན་གཏན་འཁེལ་གྱི་དུས་ཚོད་ནང་བརྩི་རྒྱུ་མེད། བདེན་པའི་རྒྱབ་ལངས་ཀྱི་བྱ་སྤྱོད་ལ་ཞིབ་དཔྱད་བྱེད་སྐབས། འབྲེལ་ཡོད་རྩ་འཛུགས་དང་མི་སྒེར་གྱིས་ངེས་པར་དུ་གཞོགས་འདེགས་བྱེད་དགོས་ཤིང་། བདེན་པའི་རྒྱབ་ལངས་ཀྱི་དཔང་རྟགས་སམ་ཡང་ན་འབྲེལ་ཡོད་གནས་ཚུལ་ཇི་མ་ཇི་བཞིན་མཁོ་འདོན་བྱེད་དགོས་པ་མ་ཟད་དེའི་བདེན་པའི་རང་བཞིན་ལ་འགན་འཁུར་དགོས།

དོན་ཚན་ཉི་ཤུ་པ། སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་སྡེ་ཚན་གྱིས་བདེན་པའི་རྒྱབ་ལངས་པར་ངོས་འཛིན་གཏན་འཁེལ་བྱེད་རྩིས་ཡོད་པའི་རིགས། ངེས་པར་དུ་ངོས་འཛིན་གཏན་འཁེལ་བྱེད་རྩིས་ཡོད་པའི་ཉིན་ནས་བཟུང་ལས་ཀའི་ཉིན་གྲངས་བཅུའི་ནང་ཚུན་དུ་སྤྱི་ཚོགས་ཐོག་ཡོངས་བསྒྲགས་བྱེད་རྒྱུ་དང་། ཡོངས་བསྒྲགས་བྱེད་ཡུན་ནི་ཉིན་བཅུ་ཡིན། ཡོངས་བསྒྲགས་བྱེད་རིང་བསམ་འཆར་མི་འདྲ་བ་མེད་ཚེ། ངེས་པར་དུ་ངོས་འཛིན་གཏན་འཁེལ་བྱེད་རྒྱུ་མ་ཟད། ཡིག་ཐོག་ནས་རེ་ཞུ་འབུལ་མཁན་དང་། འོས་སྦྱོར་བྱེད་མཁན། དེ་བཞིན་འབྲེལ་ཡོད་ཚན་པ་བཅས་ལ་བརྡ་ཐོ་གཏོང་དགོས། ཡོངས་བསྒྲགས་བྱེད་རིང་བསམ་འཆར་མི་འདྲ་བ་ཡོད་ཚེ། སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་སྡེ་ཚན་གྱིས་ངེས་པར་དུ་ཡང་བསྐྱར་ཞིབ་དཔྱད་བྱེད་རྒྱུ་དང་། དགོས་ངེས་སྐབས་དཔྱད་ཞིབ་ཨུ་ཡོན་ལྷན་ཁང་སྒྲིག་འཛུགས་ཀྱིས་ཡང་བསྐྱར་དཔྱད་ཞིབ་བྱས་ན་ཆོག རྒྱལ་ཁབ་ཀྱི་གསང་དོན་དང་འབྲེལ་བ་ཡོད་རྐྱེན་བདེན་པའི་རྒྱབ་ལངས་པའི་ལུས་སྲོག་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པ་སོགས་ཀྱི་དམིགས་བསལ་གནས་ཚུལ་བསྲུངས་དགོས་པའི་རིགས་ཡོངས་བསྒྲགས་བྱེད་མི་ཆོག

དོན་ཚན་ཉེར་གཅིག་པ། བདེན་པའི་རྒྱབ་ལངས་པར་ངོས་འཛིན་གཏན་འཁེལ་བྱས་མེད་པའི་རིགས། ངེས་པར་དུ་ཡིག་ཐོག་ནས་གསལ་བཤད་བྱེད་རྒྱུ་མ་ཟད། གནས་ལུགས་རྒྱུ་མཚན་ཤོད་དགོས། བདེན་པའི་རྒྱབ་ལངས་པར་ངོས་འཛིན་གཏན་འཁེལ་བྱས་མེད་པའི་རིགས་ལ་རེ་ཞུ་འབུལ་མཁན་དང་འོས་སྦྱོར་བྱེད་མཁན་གྱིས་བསམ་འཆར་མི་འདྲ་བ་ཡོད་ཚེ། ངོས་འཛིན་གཏན་འཁེལ་མ་བྱས་པའི་བསམ་འཆར་གྱི་གཏན་འབེབས་འབྱོར་ཉིན་ནས་བཟུང་ལས་ཀའི་ཉིན་གྲངས་བཅུའི་ནང་ཚུན་དུ་རང་ལས་རིམ་པ་གཅིག་གིས་མཐོ་བའི་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་སྡེ་ཚན་ལ་བསྐྱར་ཞིབ་བྱེད་རེ་ཞུ་ཆོག རིམ་པ་གཅིག་གིས་མཐོ་བའི་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་སྡེ་ཚན་གྱིས་རེ་ཞུ་འབྱོར་ཉིན་ནས་བཟུང་ལས་ཀའི་ཉིན་གྲངས་སུམ་ཅུའི་ནང་ཚུན་དུ་བསྐྱར་ཞིབ་བྱེད་རྒྱུའི་གཏན་འབེབས་བྱེད་དགོས་པ་མ་ཟད་ཡིག་ཐོག་ནས་རེ་ཞུ་འབུལ་མཁན་ལ་བརྡ་ཐོ་གཏོང་དགོས།

ལེའུ་བཞི་པ། གཟེངས་བསྟོད་དང་བྱ་དགའ།

དོན་ཚན་ཉེར་གཉིས་པ། བདེན་པའི་རྒྱབ་ལངས་ཀྱི་བྱས་རྗེས་མངོན་གསལ་དོད་པའི་མི་སྒེར་རམ་ཡང་ན་མཉམ་སྡེབ་ཡིན་ཕྱིན། རྫོང་རིམ་པ་ཡན་གྱི་སྤྱི་ཚོགས་བདེ་འཇགས་བཅོས་སྐྱོང་སྡེ་ཚན་གྱིས་རིམ་མཚུངས་མི་དམངས་སྲིད་གཞུང་ལ་སྙན་སེང་ཞུས་ནས་ཆོག་མཆན་ཐོབ་རྗེས་རིམ་པ་གཅིག་མཚུངས་ཀྱི་མི་དམངས་སྲིད་གཞུང་ནས་གཟེངས་བསྟོད་དང་། བྱ་དགའ། གཟི་བརྗིད་མཚན་སྙན་བཅས་སྤྲོད་དགོས་པ་མ་ཟད། 《བདེན་པའི་རྒྱབ་ལངས་པའི་ལག་ཁྱེར》སྤྲོད་དགོས། རྫོང་རིམ་པ་ཡན་མི་དམངས་སྲིད་གཞུང་གིས་ངེས་པར་དུ་བདེན་པའི་རྒྱབ་ལངས་པར་དུས་ཐོག་ཏུ་བྱ་དགའ་སྤྲོད་དགོས་པའི་ཁར། གཅིག་སྡུད་ཐོག་གཟེངས་བསྟོད་བྱེད་དགོས། བདེན་པའི་རྒྱབ་ལངས་ཀྱི་བྱས་རྗེས་དམིགས་བསལ་མངོན་གསལ་ཆེ་ཞིང་། བག་ཆགས་ཟབ་མོ་འཇོག་པ་དང་། སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་པའི་ལས་དོན་ཐད་ལེགས་སྐྱེས་འབུལ་མཁན་ལ་དུས་ཐོག་ཏུ་གཟེངས་བསྟོད་བྱེད་དགོས།བདེན་པའི་རྒྱབ་ལངས་པའི་གཟི་བརྗིད་མཚན་སྙན་གྱི་དབྱེ་བ་གཤམ་གསལ། (གཅིག)བདེན་པའི་རྒྱབ་ལངས་ཀྱི་སྔོན་ཐོན་མི་སྒེར་རམ་སྔོན་ཐོན་མཉམ་སྡེབ་དང་།(གཉིས)བདེན་པའི་རྒྱབ་ལངས་ཀྱི་དཔེ་སྟོན་པའམ་དཔེ་སྟོན་མཉམ་སྡེབ། (གསུམ)བདེན་པའི་རྒྱབ་ལངས་ཀྱི་དཔའ་བོའམ་ཡང་ན་དཔའ་བོའི་མཉམ་སྡེབ་བཅས་སོ།

དོན་ཚན་ཉེར་གསུམ་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་བདེན་པའི་རྒྱབ་ལངས་ཀྱི་བྱས་རྗེས་དམིགས་བསལ་མངོན་གསལ་དོད་པ་དང་། རང་སྐྱོང་ལྗོངས་ཀྱི་ཁྱབ་ཁོངས་ནང་བག་ཆགས་ཆེན་པོ་འཇོག་མཁན་གྱི་མི་སྒེར་རམ་མཉམ་སྡེབ་ལ་དེ་མཚུངས་ཀྱི་བདེན་པའི་རྒྱབ་ལངས་པའི་གཟི་བརྗིད་མཚན་སྙན་སྤྲོད་དགོས་པ་མ་ཟད། མི་སྒེར་ལ་ཁག་སོ་སོར་སྒོར་ཁྲི་4དང་། སྒོར་ཁྲི་7 སྒོར་ཁྲི་10བཅས་ལས་མི་ཉུང་བའི་བྱ་དགའ་སྤྲོད་རྒྱུ་དང་། དམིགས་བསལ་ལེགས་སྐྱེས་འབུལ་མཁན་ལ་དམིགས་བསལ་གྱི་བྱ་དགའ་སྤྲོད་ཆོག རང་སྐྱོང་ལྗོངས་རིམ་པ་ཡན་གྱི་ངལ་རྩོལ་དཔེ་བཟང་ཅན་དཔྱད་འདེམས་བྱེད་སྐབས། གོང་སྨྲོས་བདེན་པའི་རྒྱབ་ལངས་ཀྱི་དཔའ་བོ་དང་བདེན་པའི་རྒྱབ་ལངས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་མཁན་དཔེ་སྟོན་པ་ཡིན་ཚེ། ཆ་རྐྱེན་གཅིག་མཚུངས་འོག་སྔོན་ལ་བསམ་གཞིག་བྱེད་རྒྱུ། ས་གནས་དང་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་བདེན་པའི་རྒྱབ་ལངས་ཀྱི་བྱས་རྗེས་མངོན་ཆེ་བཞག་ནས་ས་གནས་དང་གྲོང་ཁྱེར་དེ་གའི་ཁྱབ་ཁོངས་ནང་བག་ཆགས་ཅུང་ཆེ་ཙམ་ཡོད་པའི་མི་སྒེར་རམ་མཉམ་སྡེབ་ལ་དེ་མཚུངས་ཀྱི་བདེན་པའི་རྒྱབ་ལངས་ཀྱི་གཟི་བརྗིད་མཚན་སྙན་སྤྲོད་རྒྱུ་མ་ཟད། མི་སྒེར་ལ་ཁག་སོ་སོར་སྒོར་ཁྲི་2དང་། སྒོར་ཁྲི་4 སྒོར་ཁྲི་6བཅས་ལས་མི་ཉུང་བའི་བྱ་དགའ་སྤྲོད་དགོས། རྫོང་རིམ་མི་དམངས་སྲིད་གཞུང་གིས་བདེན་པའི་རྒྱབ་ལངས་ཀྱི་བྱས་རྗེས་ཅུང་མངོན་གསལ་ཆེ་ཙམ་འཇོག་མཁན་གྱི་མི་སྒེར་རམ་མཉམ་སྡེབ་ལ་དེ་མཚུངས་ཀྱི་བདེན་པའི་རྒྱབ་ལངས་ཀྱི་གཟི་བརྗིད་མཚན་སྙན་སྤྲོད་རྒྱུ་མ་ཟད། མི་སྒེར་ལ་ཁག་སོ་སོར་སྒོར་ཁྲི་1དང་། སྒོར་ཁྲི་2 སྒོར་ཁྲི་3བཅས་ལས་མི་ཉུང་བའི་བྱ་དགའ་སྤྲོད་དགོས།

དོན་ཚན་ཉེར་བཞི་པ། བདེན་པའི་རྒྱབ་ལངས་པས་བདེན་པའི་རྒྱབ་ལངས་བྱས་རྐྱེན་རང་སྲོག་ཤོར་བ་དང་། ངལ་རྩོལ་ནུས་པ་རྦད་དེ་ཤོར་བ། ངལ་རྩོལ་ནུས་པ་སྤྱིའི་ཆ་ནས་ཤོར་བ་བཅས་ཀྱི་རིགས་ལ། བདེན་པའི་རྒྱབ་ལངས་བྱ་སྤྱོད་ཐོན་སའི་མི་དམངས་སྲིད་གཞུང་ནས་ལོགས་སུ་ཐེངས་གཅིག་མའི་བྱ་དགའ་སྤྲོད་དགོས།

དོན་ཚན་ཉེར་ལྔ་པ། རྒྱལ་ཁབ་ལས་ཁུངས་དང་། ཁེ་ལས་དང་བྱ་གཞག་ཚན་པ། སྤྱི་ཚོགས་ཚོགས་པ་བཅས་ཀྱིས་ཚན་པ་དེ་གའི་བདེན་པའི་རྒྱབ་ལངས་པར་བྱ་དགའ་སྤྲོད་རྒྱུར་སྐུལ་མ་གཏོང་དགོས།

དོན་ཚན་ཉེར་དྲུག་པ། བདེན་པའི་རྒྱབ་ལངས་པར་རག་པའི་བྱ་དགའི་སྒེར་འབབ་དཔྱ་ཁྲལ་ཁྲིམས་བཞིན་རྩ་ཆག་གཏོང་དགོས།

ལེའུ་ལྔ་པ། ཁེ་དབང་འགན་སྲུང་།

དོན་ཚན་ཉེར་བདུན་པ། རིམ་ཁག་མི་དམངས་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་དཀའ་ངལ་ཡོད་པའི་བདེན་པའི་རྒྱབ་ལངས་པ་དང་། དེའི་བཟའ་ཚོ་དང་བུ་ཕྲུག་ལ་གཞི་རྩའི་འཚོ་བ་དང་། སློབ་གསོ། ལས་ཞུགས། སྨན་བཅོས། སྡོད་ཁང་སོགས་ཀྱི་ཐད་སྔོན་ལ་གཟིགས་སྐྱོང་བྱེད་དགོས།

དོན་ཚན་ཉེར་བརྒྱད་པ། བདེན་པའི་རྒྱབ་ལངས་བྱས་རྐྱེན་རྨས་སྐྱོན་ཕོག་པ་དང་། དབང་སྐྱོན་ཆགས་པ། ཚེ་སྲོག་ཤོར་བ་བཅས་ཀྱི་བདེན་པའི་རྒྱབ་ལངས་པའི་སྨན་རིན་དང་། ནད་གཡོག་རྒྱུག་གླ། ནད་སྡོད་འཚོ་བའི་ཁ་གསབ་རོགས་དངུལ། འགྲིམ་འགྲུལ་ཟས་སྡོད་ཀྱི་འགྲོ་གྲོན། ལས་ཐེབས་ཆག་པའི་གླ་ཆ། ལུས་གསོའི་འགྲོ་གྲོན། དབང་སྐྱོན་ལ་རམ་འདེགས་བྱེད་པའི་ཡོ་བྱད་ཉོས་རིན། ངལ་རྩོལ་ནུས་པ་དཔྱད་སྡོམ་བྱེད་རིན། ཕུང་བུ་དུར་སྐྱེལ་བྱེད་དངུལ་སོགས་ལུགས་མཐུན་གྱི་འགྲོ་གྲོན་དེ་དག་གཤམ་གསལ་ཕྱོགས་ཁག་ནས་སྤྲོད་འགན་འཁུར་དགོས་པ་སྟེ། (གཅིག)གནོད་འཚེ་གཏོང་མཁན་ནམ་འགན་འཁུར་འཁན་གཏན་འཁེལ་ཁ་གསལ་ཡིན་ཚེ། གནོད་འཚེ་གཏོང་མཁན་ནམ་འགན་འཁུར་མཁན་གྱིས་ཁྲིམས་བཞིན་སྐྱིན་ཚབ་སྤྲོད་འགན་འཁུར་དགོས། (གཉིས)ཕན་པ་ཐོབ་མཁན་ཚན་པ་དང་། ཕན་པ་ཐོབ་མཁན་མི་སྣའམ་ཡང་ན་ཕན་པ་ཐོབ་མཁན་གྱི་ལྟ་སྐྱོང་བ་བཅས་ནས་གུན་གསབ་འོས་འཚམ་སྤྲོད་དགོས། (གསུམ)བདེན་པའི་རྒྱབ་ལངས་པ་གནས་སའི་ཚན་པས་ཁ་གསབ་རོགས་དངུལ་འོས་འཚམ་སྤྲོད་དགོས། གོང་གསལ་བྱ་ཐབས་ལ་བརྟེན་ནས་ད་དུང་ཐག་གཅོད་མ་ཐུབ་པའམ་ཡང་ན་མི་འདང་བའི་འགྲོ་གྲོན་དེ་དག་བདེན་པའི་རྒྱབ་ལངས་ཀྱི་བྱ་སྤྱོད་ཐོན་སའི་ས་གནས་དང་རྫོང་རིམ་པ་ཡན་གྱི་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་སྡེ་ཚན་ནས་བདེན་པའི་རྒྱབ་ལངས་པའི་བྱ་དགའ་དང་ཆེད་སྤྱོད་འགན་སྲུང་མ་དངུལ། དེ་བཞིན་བདེན་པའི་རྒྱབ་ལངས་པའི་ཐེབས་རྩ་བཅས་ནས་གཏོང་སྤྲོད་བྱེད་དགོས། རྨས་སྐྱོན་ཕོག་སྟེ་ཡུན་རིང་སྨན་བཅོས་བྱེད་རིང་གི་སྨན་རིན་དེ་མི་སྒེར་ནས་སྤྲོད་འགན་འཁུར་བར་དཀའ་ངལ་ཆེ་ཙམ་ཡོད་ཚེ། དེའི་སྨན་རིན་དེ་དག་ངེས་པར་དུ་རྫོང་རིམ་པ་ཡན་གྱི་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་སྡེ་ཚན་ནས་འབྲེལ་ཡོད་སྡེ་ཚན་དང་མཐུན་སྦྱོར་བྱས་ཏེ། ཆག་ཡང་དང་རྩ་ཆག་གཏོང་རྒྱུ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྨན་བཅོས་རོགས་སྐྱོབ་སོགས་ཀྱི་བྱ་ཐབས་ལ་བརྟེན་ནས་ཐག་གཅོད་བྱེད་དགོས།

དོན་ཚན་ཉེར་དགུ་པ། བདེན་པའི་རྒྱབ་ལངས་བྱས་རྐྱེན་རང་སྲོག་ཤོར་བ་དང་རྨས་སྐྱོན་ཕོག་ནས་ཁྱིམ་ཚང་གི་འཚོ་བར་དཀའ་ངལ་འཕྲད་པའི་རིགས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་སྲུང་གི་ཆ་རྐྱེན་དང་འཚམ་པའི་བདེན་པའི་རྒྱབ་ལངས་པ་དང་དེའི་ནང་མི་རྣམས་ངེས་པར་དུ་སྔོན་ལ་མ་མཐའི་འཚོ་བ་འགན་སྲུང་བྱེད་ཁོངས་སུ་འཇུག་དགོས། འབྲེལ་ཡོད་ཆ་རྐྱེན་དང་འཚམ་པའི་རིགས། ད་དུང་དེ་མཚུངས་ཀྱི་སྐབས་འཕྲལ་རོགས་སྐྱོབ་བྱེད་རེ་ཞུ་ཆོག མ་མཐའི་འཚོ་བ་འགན་སྲུང་བྱས་པ་ཕུད། བདེན་པའི་རྒྱབ་ལངས་ཀྱི་བྱ་སྤྱོད་ཐོན་ས་དང་ཐེམ་ཐོ་ཡོད་སའི་འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་ཁ་གསབ་རོགས་དངུལ་འོས་འཚམ་སྤྲོད་དགོས། ཕན་པ་ཐོབ་མཁན་ཚན་པ་དང་། ཕན་པ་ཐོབ་མཁན་མི་སྣའམ་ཡང་ན་ཕན་པ་ཐོབ་མཁན་གྱི་ལྟ་སྐྱོང་པ་བཅས་ཀྱིས་ངེས་པར་དུ་ནུས་པས་གང་ལྕོགས་ཀྱིས་རོགས་སྐྱོར་བྱེད་དགོས། བདེན་པའི་རྒྱབ་ལངས་བྱས་རྐྱེན་དྭ་ཕྲུག་ཆགས་ཏེ་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་གསོ་སྐྱོང་གི་ཆ་རྐྱེན་དང་འཚམ་པའི་རིགས། སྔོན་དུ་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་གསོ་སྐྱོང་བྱེད་ཁོངས་སུ་འཇུག་རྒྱུ་དང་། དྭ་ཕྲུག་འགན་སྲུང་གི་ཆ་རྐྱེན་དང་འཚམ་པའི་རིགས་སྔོན་ལ་དྭ་ཕྲུག་འགན་སྲུང་བྱེད་ཁོངས་སུ་འཇུག་དགོས།

དོན་ཚན་སུམ་ཅུ་པ། འཚོ་བར་དཀའ་ངལ་ཡོད་ཀྱང་ལས་ཞུགས་ཀྱི་ནུས་པ་ལྡན་པའི་བདེན་པའི་རྒྱབ་ལངས་པ་དང་དེའི་ནང་མི་རྣམས་འབྲེལ་ཡོད་ཆ་རྐྱེན་གྱི་གཏན་འབེབས་དང་འཚམ་རིགས། སྔོན་ལ་ལས་ཞུགས་རོགས་སྐྱོར་བྱེད་ཁོངས་སུ་འཇུག་དགོས་པ་མ་ཟད། སྤྱི་ཕན་རང་བཞིན་གྱི་ལས་གནས་ཐོག་བཀོད་སྒྲིག་བྱེད་དགོས། བདེན་པའི་རྒྱབ་ལངས་པས་སྒེར་གཉེར་ནང་ཞུགས་རྒྱུའི་རེ་འདུན་ཞུས་ཚེ། བཟོ་ཚོང་དང་ཁྲལ་དོན་སོགས་འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་ཁྲིམས་བཞིན་འཁྲོལ་འཛིན་ལག་ཁྱེར་སྔོན་ལ་གཉེར་སྒྲུབ་བྱེད་དགོས་པ་དང་། འབྲེལ་ཡོད་འགྲོ་གྲོན་ཁྲིམས་བཞིན་ཆག་ཡང་དང་རྩ་ཆག་གཏོང་དགོས། བདེན་པའི་རྒྱབ་ལངས་བྱེད་ཕྱིར་རྨས་སྐྱོན་ཕོག་སྟེ་དབང་སྐྱོན་ཆགས་པའི་མི་སྣ་དེ་སྔའི་ལས་གནས་ཐོག་ལས་ཞུགས་བྱས་ན་མི་འཚམ་པའི་རིགས། མི་བཀོལ་སྤྱོད་བྱེད་མཁན་ཚན་པས་ངེས་པར་དུ་དེ་ཉིད་ལས་གནས་གཞན་དུ་སྒྱུར་དགོས་པ་དང་། གཞུང་དོན་མིན་པར་རྨས་སྐྱོན་ཕོག་སྟེ་སྨན་ཁང་དུ་སྨན་བཅོས་བྱས་ཟིན་རྗེས་དེ་སྔའི་ལས་གནས་ཐོག་ལས་ཞུགས་བྱེད་མི་ཐུབ་པ་དང་། མི་བཀོལ་སྤྱོད་བྱེད་མཁན་ཚན་པས་ཟུར་དུ་བཀོད་སྒྲིག་བྱས་པའི་ལས་ཀའང་སྒྲུབ་མི་ཐུབ་ཚེ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་དང་། དབང་སྐྱོན་མཉམ་འབྲེལ་ལྷན་ཚོགས་སོགས་སྡེ་ཚན་དང་ལས་ཁུངས་ཀྱིས་ངེས་པར་དུ་རྨས་སྐྱོན་ཕོག་སྟེ་དབང་སྐྱོན་ཆགས་པའི་བདེན་པའི་རྒྱབ་ལངས་པའི་ལས་ཞུགས་གནད་དོན་ཐག་གཅོད་བྱེད་དགོས།

དོན་ཚན་སོ་གཅིག་པ། བདེན་པའི་རྒྱབ་ལངས་བྱེད་ཕྱིར་རང་སྲོག་ཤོར་བའམ་ཡང་ན་དབང་སྐྱོན་ཆགས་པའི་མི་སྣ་དང་དེའི་ཐད་ཀའི་གཉེན་ཉེས་གཤམ་གསལ་གྱི་ཐོབ་ཐང་དང་འགན་སྲུང་ཁག་ལོངས་སུ་སྤྱོད་ཆོག་པ་སྟེ།(གཅིག)བདེན་པའི་རྒྱབ་ལངས་པའི་བུ་ཕྲུག་ལ་ལས་ཞུགས་དང་། བུ་བཅོལ། སློབ་ཞུགས་སོཌ་སྔོན་དུ་ལོངས་སུ་སྤྱོད་དབང་ཡོད་པ་དང་། (གཉིས)བདེན་པའི་རྒྱབ་ལངས་པའི་ཁྱིམ་ཚང་གི་འཚོ་བར་དཀའ་ངལ་ཡོད་ཚེ། སྤྱི་ཚོགས་ཀྱི་རོགས་སྐྱོབ་དང་བདེན་པའི་རྒྱབ་ལངས་པའི་ལས་ཁུངས་ཀྱི་རོགས་སྐྱོར་ལོངས་སུ་སྤྱོད་ཆོག(གསུམ)བདེན་པའི་རྒྱབ་ལངས་པ་དང་དེའི་ཁྱིམ་ཚང་ལ་ཁང་གླ་ཁེ་བའི་སྡོད་ཁང་དང་། བོགས་གཏོང་གཞུང་ཁང་། གོང་ཁེ་གོ་ཆོད་སྡོད་ཁང་བཅས་ཀྱི་འགན་སྲུང་ཆ་རྐྱེན་དང་མཐུན་ཚེ། སྔོན་དུ་སྡོད་ཁང་འགན་སྲུང་མ་ལག་ནང་འཇུག་རྒྱུ་དང་། སྔོན་དུ་འགན་སྲུང་རང་བཞིན་གྱི་སྡོད་ཁང་བོགས་གཏོང་དང་འཚོང་བའམ་ཡང་ན་སྡོད་ཁང་བོགས་གཏོང་གི་ཁ་གསབ་སྤྲོད་དགོས། གྲོང་གསེབ་ཀྱི་ཁང་གོག་སྒྱུར་བསྐྲུན་བྱེད་རྒྱུའི་ཆ་རྐྱེན་དང་མཐུན་པའི་བདེན་པའི་རྒྱབ་ལངས་པའི་ཁྱིམ་ཚང་ཡིན་ཚེ་སྔོན་དུ་བཀོད་སྒྲིག་བྱེད་རྒྱུ།

དོན་ཚན་སོ་གཉིས་པ། རིམ་ཁག་འབྲེལ་ཡོད་ལས་ཁུངས་དང་སྡེ་ཚན་པས་སྲུང་སྐྱོབ་བྱེད་དགོས་པའི་བདེན་པའི་རྒྱབ་ལངས་པ་དང་དེའི་གཉེན་ཉེར་ངེས་པར་དུ་བྱ་ཐབས་སྤྱད་ནས་སྲུང་སྐྱོབ་བྱེད་དགོས། བདེན་པའི་རྒྱབ་ལངས་པ་དང་དེའི་གཉེན་ཉེར་རྡུང་རྡེག་གཏོང་བ་དང་། འཁོན་ལན་སློག་པ། ཉེས་མེད་སྐྱོན་འཛུགས་བཅས་བྱེད་པའི་ཁྲིམས་འགལ་བྱེད་སྤྱོད་རིགས་ལ་ངེས་པར་དུ་ཁྲིམས་ལྟར་དུས་ཐོག་ཏུ་ཐག་གཅོད་བྱེད་དགོས།

དོན་ཚན་སོ་གསུམ་པ། བདེན་པའི་རྒྱབ་ལངས་པ་དང་དེའི་གཉེན་ཉེས་བདེན་པའི་རྒྱབ་ལངས་བྱས་རྐྱེན་ཐོན་པའི་དམངས་དོན་རྩོད་གླེང་ཐད་ཁྲིམས་ལུགས་ཀྱི་རོགས་སྐྱོར་གནང་རེ་ཞུས་ཚེ། ཁྲིམས་ལུགས་རོགས་སྐྱོར་ལས་ཁུངས་ཀྱིས་ངེས་པར་དུ་དུས་ཐོག་ཏུ་ཁྲིམས་ལུགས་ཀྱི་རོགས་སྐྱོར་ཞབས་ཞུ་མཁོ་འདོན་བྱེད་དགོས། དོན་ཚན་སོ་བཞི་པ། བདེན་པའི་རྒྱབ་ལངས་པས་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་སྤྲད་པའི《བདེན་པའི་རྒྱབ་ལངས་ཀྱི་ལག་ཁྱེར》འཁྱེར་ཏེ་རང་སྐྱོང་ལྗོངས་འདི་གའི་ནང་རིན་མེད་ངང་གྲོང་ཁྱེར་གྱི་སྤྱི་སྤྱོད་རླངས་འཁོར་ནང་བསྡད་ཆོག་པ་དང་། རིན་མེད་ངང་སྤྱི་གླིང་དང་ཡུལ་སྐོར་གནས་གཟིགས་ཁུལ་དུ་བསྐྱོད་ཆོག

དོན་ཚན་སོ་ལྔ་པ། འདས་གྲོངས་སོང་བའི་མི་སྣ་བདེན་པའི་རྒྱབ་ལངས་ཀྱི་སྔོན་གཤེགས་དཔའ་བོའི་དཔྱད་འབེབས་ཀྱི་ཆ་རྐྱེན་དང་མཐུན་ཚེ། ཁྲིམས་ལྟར་སྔོན་གཤེགས་དཔའ་བོར་དཔྱད་འབེབས་བྱེད་རྒྱུ་དང་། དེའི་ཁྱིམ་མིས《སྔོན་གཤེགས་དཔའ་བོར་བསྟོད་པའི་སྲོལ་ཡིག》ལ་གཞིགས་ཏེ་འབྲེལ་ཡོད་ཐོབ་ཐང་ལོངས་སུ་སྤྱད་ཆོག སྔོན་གཤེགས་དཔའ་བོའི་དཔྱད་འབེབས་ཆ་རྐྱེན་དང་མ་མཐུན་ཀྱང་སྤྱི་དོན་དུ་རང་སྲོག་བློས་གཏོང་ཁོངས་སུ་གཏོགས་ཚེ། 《དམག་མིའི་གོད་སོས་གཟིགས་སྐྱོང་སྲོལ་ཡིག》གི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་གོད་སོས་སྤྲོད་རྒྱུ།

དོན་ཚན་སོ་དྲུག་པ། བདེན་པའི་རྒྱབ་ལངས་བྱས་རྐྱེན་དབང་པོ་སྐྱོན་ཅན་དུ་གྱུར་བའི་མི་སྣ་ལས་རྨས་འགན་བཅོལ་གྱི་ཐོབ་ཐང་ལོངས་སྤྱོད་བྱེད་པའི་ཆ་རྐྱེན་དང་མཐུན་ཕྱིན《ལས་རྨས་འགན་བཅོལ་གྱི་སྲོལ་ཡིག》ལ་གཞིཌ་ཏེ་དེ་མཚུངས་ཀྱི་ཐོབ་ཐང་དོན་འཁྱོལ་བྱེད་རྒྱུ་དང་། ལས་རྨས་འགན་བཅོལ་གྱི་ཐོབ་ཐང་ལོངས་སྤྱོད་བྱེད་པའི་ཆ་རྐྱེན་དང་མ་མཐུན་ཚེ། 《དབང་སྐྱོན་གོད་སོས་ཀྱི་དོ་དམ་བྱ་ཐབས》དང་དེའི་འབྲེལ་ཡོད་ཀྱི་གཏན་འབེབས་གཞིར་བཟུང་དམངས་སྲིད་སྡེ་ཚན་ནས་དབང་སྐྱོན་གྱི་རིམ་པ་དཔྱད་འབེབས་བྱེད་རྒྱུ་མ་ཟད་དེ་མཚུངས་ཀྱི་ཐོབ་ཐང་དོན་འཁྱོལ་བྱེད་རྒྱུ།

དོན་ཚན་སོ་བདུན་པ། རྫོང་རིམ་པ་ཡན་གྱི་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་སྡེ་ཚན་གྱིས་ངེས་པར་དུ་བདེན་པའི་རྒྱབ་ལངས་པའི་ཡིག་ཚགས་དང་ཕྱིར་བསྐྱོད་འཚམས་འདྲིའི་ལམ་ལུགས་བཟོས་ཏེ། བདེན་པའི་རྒྱབ་ལངས་པར་རིགས་དབྱེ་དོ་དམ་དང་རྗེས་འདེད་ཞབས་ཞུ་བསྒྲུབ་རྒྱུ་དང་། སྤྱི་ཚོགས་འགན་སྲུང་གི་བྱ་ཐབས་ཁག་དོན་འཁྱོལ་ཡོང་བར་ལྟ་སྐུལ་བྱེད་རྒྱུ།

ལེའུ་དྲུག་པ། བཅའ་ཁྲིམས་ཀྱི་འགན་འཁྲི།

དོན་ཚན་སོ་བརྒྱད་པ། སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་སྡེ་ཚན་དང་དེའི་ལས་དོན་མི་སྣས་སྲོལ་ཡིག་འདིའི་གཏན་འབེབས་དང་འགལ་ཏེ་གཤམ་གསལ་བྱེད་སྤྱོད་རིགས་གཅིག་ཡོད་པར་རང་ཉིད་གནས་སའི་ཚན་པའམ་ཡང་ན་གོང་རིམ་གཙོ་འགན་སྡེ་ཚན་གྱིས་ཐད་ཀའི་འགན་འཁུར་མཁན་གྱི་གཙོ་འགན་མི་སྣ་དང་ཐད་ཀའི་འགན་འཁྲིའི་མི་སྣ་གཞན་དག་ལ་ཁྲིམས་ལྟར་ཆད་པ་གཅོད་རྒྱུ། ཉེས་གསོག་དོགས་པ་ཡོད་པར་ཁྲིམས་འཛིན་ལས་ཁུངས་སུ་རྩིས་སྤྲད་དེ་ཐག་གཅོད་བྱེད་རྒྱུ། (གཅིག)བདེན་པའི་རྒྱབ་ལངས་ཀྱི་བྱ་སྤྱོད་རེ་ཞུ་དང་། བརྟག་དཔྱད། གཏན་འཁེལ་བཅས་བྱེད་སྐབས་གཏན་འཁེལ་གོ་རིམ་གཞིར་བཟུང་གཉེར་སྒྲུབ་མི་བྱེད་པའམ་ཡང་ན་མི་བདེན་རྫུན་བཟོ་བྱེད་རིགས་དང་། (གཉིས)གསང་སྲུང་གི་འགན་འཁྲི་དོན་འཁྱོལ་མ་བྱས་པའི་རྐྱེན་གྱིས་བདེན་པའི་རྒྱབ་ལངས་པ་དང་དེའི་གཉེན་ཉེའི་ལུས་པོར་གནོད་འཚེ་བཟོ་བ་དང་རྒྱུ་ནོར་ལ་གྱོང་གུན་བཟོ་རིགས། (གསུམ)བདེན་པའི་རྒྱབ་ལངས་ཀྱི་ཆེད་སྤྱོད་མ་དངུལ་ལམ་ཡང་ན་ཐེབས་རྩ་ལྐོག་ཟ་དང་། འཐེན་ཉར། གཞན་སྤྱོད་བཅས་བྱེད་རིགས། (བཞི)རང་འགན་སྣང་མེད་ལྷོད་གཡེང་དུ་གཏོང་བ་དང་། འགན་དབང་གང་བྱུང་དུ་སྤྱོད་པ། ཉེར་ཕྱོགས་གཡོ་ཟོལ་བཅས་བྱེད་རིགས།

དོན་ཚན་སོ་དགུ་པ། འབྲེལ་ཡོད་སྡེ་ཚན་དང་དེའི་ལས་དོན་མི་སྣས་སྲོལ་ཡིག་འདིའི་གཏན་འབེབས་ལས་འགལ་ཏེ་གཤམ་གསལ་བྱེད་སྤྱོད་རིགས་གཅིག་ཡོད་པར། རིམ་པ་དེ་གའི་མི་དམངས་སྲིད་གཞུང་ངམ་ཡང་ན་གོང་རིམ་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་གཙོ་འགན་སྡེ་ཚན་གྱིས་ཡོ་བསྲང་བྱེད་དུ་འཇུག་རྒྱུའི་བཀའ་གཏོང་རྒྱུ་དང་། ཡོ་བསྲང་རྩ་བ་ནས་མི་བྱེད་པའི་ཐད་ཀའི་འགན་འཁུར་མཁན་གྱི་གཙོ་འགན་མི་སྣ་དང་ཐད་ཀའི་འགན་འཁྲི་མི་སྣ་གཞན་དག་ལ་ཁྲིམས་ལྟར་ཆད་པ་གཅོད་རྒྱུ། (གཅིག)བདེན་པའི་རྒྱབ་ལངས་བྱས་རྐྱེན་རྨས་སྐྱོན་ཕོག་པའི་མི་སྣ་ཁས་མི་ལེན་པ་དང་། ཁག་འགན་དཀྲི་རེས་བྱེད་པའམ་ཡང་ན་སྲོག་སྐྱོབ་སྨན་བཅོས་ནར་འགྱངས་གཏོང་རིཌ་དང་། (གཉིས)སྲུང་སྐྱོབ་བྱེད་དགོས་པའི་བདེན་པའི་རྒྱབ་ལངས་པ་དང་དེའི་གཉེན་ཉེར་ཁྲིམས་ལྟར་སྲུང་སྐྱོབ་ཀྱི་བྱེད་ཐབས་སྤྱད་མེད་རིགས། (གསུམ)བདེན་པའི་རྒྱབ་ལངས་པ་དང་དེའི་གཉེན་ཉེར་གཏན་འབེབས་གཞིར་བཟུང་འབྲེལ་ཡོད་ཐོབ་ཐང་དང་འགྲོ་གྲོན་དོན་འཁྱོལ་མི་བྱེད་པའི་རིགས། (བཞི)མིའི་ལུས་པོར་གནོད་འཚེ་ཕོག་པའམ་ཡང་ན་རྒྱུ་ནོར་ཐད་གྱོང་གུན་ཕོག་པའི་བདེན་པའི་རྒྱབ་ལངས་པར་གཏན་འབེབས་གཞིར་བཟུང་བཅའ་ཁྲིམས་ཀྱི་རོགས་སྐྱོར་མི་བྱེད་པའི་རིགས། (ལྔ)བདེན་པའི་རྒྱབ་ལངས་པའི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་གཏོང་བའི་བྱ་སྤྱོད་གཞན་དག་རིགས་བཅས་སོ།

དོན་ཚན་བཞི་བཅུ་པ། སྲོལ་ཡིག་འདིའི་གཏན་འབེབས་ལས་འགལ་ཏེ་མི་སྤྱོད་ཚན་པས་ཁྲིམས་བཀོད་ཀྱི་རྒྱུ་མཚན་མེད་པར་བདེན་པའི་རྒྱབ་ལངས་བྱས་རྐྱེན་རྨས་པའི་དབང་པོ་སྐྱོན་ཅན་པ་དང་ངལ་རྩོལ་གྱི་འབྲེལ་བ་མེད་པར་བཟོས་ཚེ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཚན་གྱིས་ཡོ་བསྲང་བྱེད་དུ་འཇུག་རྒྱུའི་བཀའ་བཏང་སྟེ་ངལ་རྩོལ་གྱི་འབྲེལ་བ་སླར་གསོ་བྱེད་རྒྱུ།

དོན་ཚན་ཞེ་གཅིག་པ། བདེན་པའི་རྒྱབ་ལངས་པ་དང་དེའི་གཉེན་ཉེར་རྡུང་རྡེག་འཁོན་ལན་སློག་པ་དང་བསྙོན་འཛུགས་ཉེས་འགེལ་བྱེད་མཁན་ལ་རང་ཉིད་གནས་སའི་ཚན་པའམ་ཡང་ན་གཙོ་འགན་སྡེ་ཚན་གྱིས་ཁྲིམས་ལྟར་ཆད་པ་གཅོད་རྒྱུ་དང་། བདེ་འཇགས་དོ་དམ་གྱི་གཏན་འབེབས་ལས་འགལ་བའི་བྱེད་སྤྱོད་ཐོན་པར། སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་ཆད་པ་གཅོད་རྒྱུ། ཉེས་གསོག་གི་དོགས་པ་ཡོད་པར་ཁྲིམས་འཛིན་ལས་ཁུངས་སུ་རྩིས་སྤྲད་དེ་ཐག་གཅོད་བྱེད་རྒྱུ།

དོན་ཚན་ཞེ་གཉིས་པ། ཕན་པ་ཐོབ་མཁན་གྱིས་སྲོལ་ཡིག་འདིའི་གཏན་འབེབས་ལས་འགལ་ཏེ། རྐང་བཙུགས་ནས་སྦས་བསྐུངས་བྱེད་པ་དང་། དོན་དངོས་འཁྱོག་བཤད་བྱེད་པ། བདེན་པའི་རྒྱབ་ལངས་པར་སྙད་འདོགས་རྒྱུ་འཕྲོག་བཅས་བྱས་ཚེ། འབྲེལ་ཡོད་སྡེ་ཚན་གྱིས་ཁ་ཏ་བསླབ་བྱ་བྱེད་པའམ་ཡང་ན་ཡིག་ཐོག་ནས་འགྱོ ད་བཤགས་དང་། ཡོངས་བསྒྲགས་སུ་དགོངས་དག་ཐུགས་བདེན་ཞུ་རུ་འཇུག་དགོས། བདེ་འཇགས་དོ་དམ་གྱི་གཏན་འབེབས་ལས་འགལ་བའི་བྱེད་སྤྱོད་ཐོན་པར། སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་ཆད་པ་གཅོད་རྒྱུ་དང་། ཉེས་གསོག་གི་དོགས་པ་ཡོད་པར་ཁྲིམས་འཛིན་ལས་ཁུངས་སུ་རྩིས་སྤྲད་དེ་ཐག་གཅོད་བྱེད་རྒྱུ།

དོན་ཚན་ཞེ་གསུམ་པ། སྲོལ་ཡིག་འདིའི་གཏན་འབེབས་ལས་འགལ་ཏེ། བདེན་པའི་རྒྱབ་ལངས་པའི་གཟེངས་བསྟོད་དང་། བྱ་དགའ། གོད་སོས་བཅས་མི་བདེན་རྫུན་བཟོ་བྱེད་པ་དང་ཁ་བསླུས་རྒྱག་པར། དེ་སྔའི་ངོས་འཛིན་གཏན་འཁེལ་བྱེད་མཁན་ལས་ཁུངས་ཀྱིས་དཔྱད་ཞིབ་བྱས་རྗེས་གཟི་བརྗིད་མཚན་སྙན་རྩིས་མེད་གཏོང་རྒྱུ་དང་འབྲེལ་ཡོད་ཐོབ་ཐང་མེད་པ་བཟོས་ཁར། ཐོབ་པའི་བྱ་དགའ་དང་འབྲེལ་ཡོད་ཀྱི་འགྲོ་གྲོན་གཞན་དག་བསྡུ་ལེན་བྱེད་རྒྱུ། ཉེས་གསོག་གི་དོགས་པ་ཡོད་པར་ཁྲིམས་འཛིན་ལས་ཁུངས་སུ་རྩིས་སྤྲད་དེ་ཐག་གཅོད་བྱེད་རྒྱུ།

ལེའུ་བདུན་པ། ཞར་བྱུང་།

དོན་ཚན་ཞེ་བཞི་པ། རང་སྐྱོང་ལྗོངས་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་སྡེ་ཚན་གྱིས་སྲོལ་ཡིག་འདིར་གཞིགས་ཏེ་བདེན་པའི་རྒྱབ་ལངས་པའི་དཔྱད་འབེབས་ཆ་རྐྱེན་དང་གཟེངས་བསྟོད་བྱ་དགའི་ཞིབ་ཕྲའི་བྱ་ཐབས་བཟོ་འབེབས་བྱེད་རྒྱུ།

དོན་ཚན་ཞེ་ལྔ་པ། སྲོལ་ཡིག་འདི་2017ལོའི་ཟླ་8ཚེས་1ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ།

(བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་དྲུང་ཡིག་ཁྲུའུ་ནས་མཁོ་འདོན་བྱས་པ་གཞིར་བཟུང)

རྩོམ་སྒྲིག་པ། : ཀླུ་མོ་མཚོ།