ཀྲུང་གོ་བོད་ཀྱི་དྲ་བ།

བོད་རང་སྐྱོང་ལྗོངས་ཀྱི་ཐན་འགོག་སྲོལ་ཡིག

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2017-08-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

(2017ལོའི་ཟླ5ཚེས26ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་སོ་གསུམ་པའི་ཐོག་གྲོས་འཆམ་བྱུང་བ)    

བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྤྱི་བསྒྲགས།

[2017]ཡིག་ཨང6པ།

《བོད་རང་སྐྱོང་ལྗོངས་ཀྱི་ཐན་འགོག་སྲོལ་ཡིག》འདི2017ལོའི་ཟླ5ཚེས26ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་སོ་གསུམ་པའི་ཐོག་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་དོན་བཞིན་ད་ལྟ་ཁྱབ་བསྒྲགས་བྱེད་རྒྱུ་དང་། 2017ལོའི་ཟླ8ཚེས1ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ།

བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོཌ་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ནས།2017ལོའི་ཟླ5ཚེས26ཉིན་ལ།

ལེའུ་དང་པོ། སྤྱིའི་རྩ་དོན།

དོན་ཚན་དང་པོ། ཐན་སྐྱོན་འགོག་ཟོན་དང་ཆུང་དུ་གཏོང་བའི་ཁར་དེས་བཟོས་པའི་གྱོང་གུང་ཆུང་དུ་གཏོང་བ་དང་། འཚོ་བའི་སྤྱོད་ཆུ་འགན་སྲུང་བྱེད་པ། ཐོན་སྐྱེད་དང་འབྱུང་ཁམས་ཐད་ཀྱི་སྤྱོད་ཆུ་མཐུན་སྦྱོར་བྱེད་པ། ཐན་འགོག་གེགས་སེལ་གྱི་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ཏེ་དཔལ་འབྱོར་གོང་འཕེལ་དང་སྤྱི་ཚོགས་བརྟན་ལྷིང་ཡོང་བར་སྐུལ་འདེད་གཏོང་ཆེད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཐན་འགོག་སྲོལ་ཡིག》སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞིར་བཟུང་ཐོག བོད་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་སྲོལ་ཡིག་འདི་བཟོས་པ་ཡིན།

དོན་ཚན་གཉིས་པ། རང་སྐྱོང་ལྗོངས་ཀྱི་སྲིད་འཛིན་ས་ཁོངས་ནང་ཐན་སྐྱོན་འགོག་ཟོན་དང་ཆུང་དུ་གཏོང་བའི་ལས་དོན་ཐད་སྲོལ་ཡིག་འདི་སྤྱད་ན་འཐུས།

དོན་ཚན་གསུམ་པ། ཐན་འགོག་གི་ལས་དོན་སྤེལ་སྐབས་མི་རྩ་བར་འཛིན་པ་དང་། སྔོན་འགོག་གཙོར་བཟུང་། ཟོན་འགོག་ཟུང་འབྲེལ། ཡུལ་བབ་དང་བསྟུན་པ། གཅིག་གྱུར་འཆར་འགོད་དང་ལྟ་རྟོག་གང་ཐུབ། དམངས་འཚོ་འགན་སྲུང་། ཆ་ཤས་ཀྱི་ཁེ་ཕན་གྱིས་སྤྱི་ཡོངས་ཀྱི་ཁེ་ཕན་ལ་བསྟུན་པ་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱེད་རྒྱུ། ཐན་འགོག་གི་ལས་དོན་སྤེལ་སྐབས་ངེས་པར་དུ་གྲོང་ཁྱེར་གྲོང་རྡལ་གྱི་གྲོང་མི་དང་ཞིང་འབྲོག་པའི་འཚོ་བའི་སྤྱོད་ཆུ་སྔོན་ལ་འགན་སྲུང་དང་། ཞིང་འབྲོག་ལས་དང་བཟོ་ལས་ཐད་ཀྱི་སྤྱོད་ཆུར་གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར། འབྱུང་ཁམས་ཀྱི་སྤྱོད་ཆུར་མོས་སྙོམས་ལྟ་རྟོག་བཅས་བྱེད་དགོས།

དོན་ཚན་བཞི་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ཐན་འགོག་ལས་དོན་ལ་འགོ་ཁྲིད་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་ཐན་འགོག་ལས་དོན་དེ་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་བའི་འཆར་འགོད་ནང་འཇུག་དགོས། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་ཆུ་ཚད་དང་། དེ་བཞིན་ཐན་འགོག་གེགས་སེལ་གྱི་བླང་བྱ་དང་མཐུན་པའི་མ་དངུལ་གཏོང་ལམ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ཐོག ཐན་འགོག་ལས་དོན་ལ་མཁོ་བའི་འགྲོ་གྲོན་དེ་རིམ་པ་དེ་གའི་ནོར་སྲིད་ཀྱི་ལོ་འཁོར་སྔོན་རྩིས་ནང་བཅུག་ནས་ཐན་འགོག་ལས་དོན་རྒྱུན་ལྡན་བཞིན་སྤེལ་ཐུབ་པ་བྱེད་དགོས། རྒྱལ་ཁབ་དང་རང་སྐྱོང་ལྗོངས་ནས་བཀོད་སྒྲིག་བྱས་པའི་ཐན་འགོག་གི་ཁ་གསབ་རོགས་དངུལ་རྣམས་གཙོ་བོ་ཚབས་ཆེའི་ཐན་སྐྱོན་ཕོག་ཁུལ་གྱི་ཐན་སྐྱོན་གནས་ཚུལ་ལ་ལྟ་ཞིབ་ཚད་ལེན་བྱེད་རྒྱུ་དང་། འཕྲལ་མཁོའི་ཐན་འགོག་གི་ཆུ་རྩ་བཅོས་རྒྱུ་དང་ཐན་འགོག་སྒྲིག་བཀོད་བསྐྲུན་རྒྱུ། ཆུ་འདྲེན་སྒྲིག་ཆས་གསར་སྒྲིག་དང་འཁོར་སྐྱོད་བྱེད་རྒྱུ་སོགས་ཐད་ཀྱི་ཁ་གསབ་འགྲོ་གྲོན་བྱེད་རྒྱུ།

དོན་ཚན་ལྔ་པ། ཐན་འགོག་ལས་དོན་ཐད་རིམ་ཁག་མི་དམངས་སྲིད་གཞུང་གི་སྲིད་འཛིན་འགོ་ཁྲིད་ནས་འགན་འཁུར་བའི་ལམ་ལུགས་ལག་བསྟར་བྱས་ཏེ་གཅིག་གྱུར་ཐོག་བཀོད་འདོམས་དང་། སྡེ་ཚན་དབར་མཉམ་ལས། རིམ་བགོས་འགན་འཁུར། སྤྱི་ཚོགས་ཀྱིས་ཐེ་ཞུགས་བཅས་བྱེད་རྒྱུ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ཞོད་ཐན་འགོག་ཟོན་བཀོད་འདོམས་ལས་ཁུངས་ཀྱིས་རིམ་པ་དེ་གའི་མི་དམངས་སྲིད་གཞུང་དང་གོང་རིམ་མི་དམངས་སྲིད་གཞུང་གི་ཞོད་ཐན་འགོག་ཟོན་བཀོད་འདོམས་ལས་ཁུངས་ཀྱི་འགོ་ཁྲིད་འོག་སྲིད་འཛིན་ས་ཁོངས་དེ་གའི་ནང་གི་ཐན་འགོག་ལས་དོན་ལ་གཅིག་གྱུར་འགོ་ཁྲིད་དང་སྒྲིག་འཛུགས་མཐུན་སྦྱོར་བྱེད་འགན་འཁུར་རྒྱུ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ཆུའི་སྲིད་འཛིན་གཙོ་འགན་སྡེ་ཚན་གྱིས་སྲིད་འཛིན་ས་ཁོངས་དེ་གའི་ནང་ཐན་འགོག་ལ་མཛུབ་ཁྲིད་དང་། ལྟ་སྐུལ། དོ་དམ་བཅས་བྱེད་པའི་ལས་ཀའི་འགན་འཁུར་རྒྱུ་དང་། རིམ་པ་དེ་གའི་མི་དམངས་སྲིད་གཞུང་གི་ཞོད་ཐན་འགོག་ཟོན་བཀོད་འདོམས་ལས་ཁུངས་ཀྱིས་ཞིབ་ཕྲའི་ལས་དོན་སྒྲུབ་འགན་འཁུར་རྒྱུ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ཞོད་ཐན་འགོག་ཟོན་བཀོད་འདོམས་ལས་ཁུངས་ཀྱི་ཁོངས་ཞུགས་ཚན་པ་གཞན་དག་གིས་རང་སོ་སོའི་འགན་འཁྲི་གཞིར་བཟུང་འབྲེལ་ཡོད་ཐན་འགོག་གི་ལས་དོན་སྒྲུབ་འགན་འཁུར་རྒྱུ། རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་འགོ་ཁྲིད་འོག་ཤང་གྲོང་རྡལ་མི་དམངས་སྲིད་གཞུང་གིས་སྲིད་འཛིན་ས་ཁོངས་དེ་གའི་ནང་གི་ཐན་སྐྱོན་འགོག་ཟོན་དང་ཐན་འགོག་གེགས་སེལ་གྱི་ལས་དོན་སྒྲིག་འཛུགས་མཐུན་སྦྱོར་བྱེད་འགན་འཁུར་རྒྱུ་དང་། ཐན་སྐྱོན་གྱི་གནས་ཚུལ་བསྡུ་རུབ་དང་། ལྟ་ཞིབ་ཚད་ལེན། དབྱེ་ཞིབ། གོང་ཞུ། དེ་བཞིན་གནོད་འཚེ་ཕོག་ཚུལ་བཅས་བསྡོམས་རྩིས་ཞིབ་བསྡུར་བྱེད་རྒྱུ། གེགས་འགོག་གེགས་སེལ་གྱི་དངོས་ཟོག་སྤྲོད་རྒྱུ་སོགས་ཀྱི་ཞིབ་ཕྲའི་ལས་འགན་འཁུར་རྒྱུ། ཡུལ་མི་ཨུ་ཡོན་ལྷན་ཁང་དང་། གྲོང་མི་ཨུ་ཡོན་ལྷན་ཁང་། དེ་བཞིན་ཐན་འགོག་ཞབས་ཞུ་རྩ་འཛུགས་བཅས་ཀྱིས་ངེས་པར་དུ་ས་ཁུལ་དེ་གའི་མི་དམངས་སྲིད་གཞུང་ནས་ཐན་འགོག་གེགས་སེལ་གྱི་ལས་དོན་སྤེལ་བར་གཞོགས་འདེགས་བྱེད་དགོས།

དོན་ཚན་དྲུག་པ། རིམ་ཁག་མི་དམངས་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་ཐན་འགོག་ཐད་ཀྱི་དྲིལ་བསྒྲགས་སློབ་གསོ་སྤེལ་རྒྱུར་ཤུགས་སྣོན་རྒྱག་དགོས་པ་དང་། ཐན་སྐྱོན་འགོག་ཟོན་གྱི་ཤེས་བྱ་ཁྱབ་གདལ་བཏང་སྟེ་སྤྱི་ཚོགས་ཡོངས་ཀྱི་ཐན་འགོག་གེགས་སེལ་འདུ་ཤེས་ཟབ་ཏུ་གཏོང་བ་དང་འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་དགོས། ཚན་པ་དང་མི་སྒེར་ནས་ཐན་འགོག་ཐད་ཀྱི་ལག་རྩལ་གསར་པ་དང་། བཟོ་རྩལ་གསར་པ། སྒྲིག་ཆས་གསར་པ་བཅས་ཞིབ་འཇུག་གསར་སྤེལ་དང་ཁྱབ་གདལ་གཏོང་བར་རིམ་ཁག་མི་དམངས་སྲིད་གཞུང་ནས་སྐུལ་མ་དང་རྒྱབ་སྐྱོར་བྱེད་རྒྱུ། དོན་ཚན་བདུན་པ། ཚན་པ་དང་རྩ་འཛུགས་གང་ཞིག་དང་། དེ་བཞིན་མི་སྒེར་སུ་འདྲ་ཞིག་ཡིན་རུང་ཚང་མར་ཐན་འགོག་གི་ཆུ་རྩ་དང་ཐན་འགོག་གི་སྒྲིག་བཀོད་སྲུང་སྐྱོབ་བྱེད་པ་དང་། ཁྲིམས་བཞིན་ཐན་འགོག་གེགས་སེལ་ནང་ཞུགས་པའི་འོས་འགན་ཡོད་པ་མ་ཟད། ཐན་འགོག་གི་ཆུ་རྩ་དང་ཐན་འགོག་གི་སྒྲིག་བཀོད་ཧམ་བཟུང་དང་གཏོར་སྐྱོན་གཏོང་བའི་བྱེད་སྤྱོད་རིགས་བཀག་འགོག་དང་ཐེར་འདོན་བྱེད་དབང་ཡོད།

དོན་ཚན་བརྒྱད་པ། ཐན་འགོག་ལས་དོན་ཁྲོད་ལེགས་སྐྱེས་མངོན་གསལ་དོད་པོ་འབུལ་མཁན་གྱི་ཚན་པ་དང་མི་སྒེར་ལ་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་ངམ་ཡང་ན་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ཞོད་ཐན་འགོག་ཟོན་བཀོད་འདོམས་ལས་ཁུངས་ནས་གཟེངས་བསྟོད་དང་བྱ་དགའ་སྤྲོད་རྒྱུ།

ལེའུ་གཉིས་པ། ཐན་སྐྱོན་འགོག་ཟོན།

དོན་ཚན་དགུ་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ཐན་སྐྱོན་འགོག་ཟོན་དང་ཐན་འགོག་གེགས་སེལ་གྱི་རྨང་གཞིའི་སྒྲིག་བཀོད་བསྐྲུན་རྒྱུར་ཤུགས་སྣོན་རྒྱག་དགོས་པ་དང་། ཐན་འགོག་ལས་དོན་དང་ཆུའི་ཐོན་ཁུངས་དོ་དམ་བྱེད་རྒྱུ་ཟུང་འབྲེལ་བྱས་ནས། ཐན་འགོག་ལས་གྲྭའི་བཀོད་འདོམས་བཀོད་གཏོང་མ་ལག་དང་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་བཏང་སྟེ་ཆུ་བསྲི་རྣམ་པའི་སྤྱི་ཚོགས་བསྐྲུན་རྒྱུར་སྐུལ་འདེད་གཏོང་དགོས།

དོན་ཚན་བཅུ་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ཆུའི་སྲིད་འཛིན་གཙོ་འགན་སྡེ་ཚན་གྱིས་རིམ་པ་གཅིག་མཚུངས་ཀྱི་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་སྲིད་འཛིན་ས་ཁོངས་དེ་གའི་ཐན་འགོག་གི་འཆར་འགོད་བཟོ་འབེབས་བྱས་ནས། རིམ་པ་དེ་གའི་མི་དམངས་སྲིད་གཞུང་ལ་ཆོག་མཆན་ཞུས་རྗེས་ལག་བསྟར་བྱེད་རྒྱུ་མ་ཟད། རང་ལས་རིམ་པ་གཅིག་གིས་མཐོ་བའི་མི་དམངས་སྲིད་གཞུང་གི་ཆུའི་སྲིད་འཛིན་གཙོ་འགན་སྡེ་ཚན་ལ་སྙན་ཐོ་དཔོད་རྒྱུ།

དོན་ཚན་བཅུ་གཅིག་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ཞོད་ཐན་འགོག་ཟོན་བཀོད་འདོམས་ལས་ཁུངས་ཀྱིས་ངེས་པར་དུ་སྲིད་འཛིན་ས་ཁོངས་དེ་གའི་ནང་གི་ཐན་སྐྱོན་གྱི་ཁྱད་ཆོས་དང་། ཆུའི་ཐོན་ཁུངས་ཀྱི་ཆ་རྐྱེན། དེ་བཞིན་ཆུའི་ལས་གྲྭའི་གནས་ཚུལ་དང་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུའི་ཐད་ཀྱི་སྤྱོད་ཆུའི་དགོས་མཁོ་བཅས་ལ་གཞིགས་ནས་ཐན་འགོག་གི་སྔོན་ཇུས་བཟོ་འབེབས་བྱེད་རྒྱུ་སྒྲིག་འཛུགས་བྱེད་དགོས། ཐན་འགོག་སྔོན་ཇུས་ལ་རང་ལས་རིམ་པ་གཅིག་གིས་མཐོ་བའི་མི་དམངས་སྲིད་གཞུང་གི་ཞོད་ཐན་འགོག་ཟོན་བཀོད་འདོམས་ལས་ཁུངས་ནས་ཞིབ་བཤེར་མོས་མཐུན་བྱས་པ་བརྒྱུད། རིམ་པ་དེ་གའི་མི་དམངས་སྲིད་གཞུང་ལ་ཆོག་མཆན་ཞུས་རྗེས་ལག་བསྟར་བྱེད་རྒྱུ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་ནས་ངེས་པར་དུ་ས་ཁུལ་དེ་གའི་ཐན་འགོག་སྔོན་ཇུས་ལ་གཞིགས་ཏེ། སྡེ་ཚན་དེ་གའི་ཐན་འགོག་གི་སྔོན་ཇུས་བཟོ་འབེབས་བྱས་ནས་རིམ་པ་དེ་གའི་མི་དམངས་སྲིད་གཞུང་གི་ཞོད་ཐན་འགོག་ཟོན་བཀོད་འདོམས་ལས་ཁུངས་ལ་སྙན་ཐོ་དཔོད་དགོས། ཞིང་ཆུ་འདྲེན་ཁུལ་ཆེ་འབྲིང་རིགས་ཀྱི་དོ་དམ་ཚན་པས་ངེས་པར་དུ་ཞིང་ཆུ་འདྲེན་ཁུལ་དེ་གའི་ཐན་འགོག་གི་སྔོན་ཇུས་བཟོ་འབེབས་བྱེད་དགོས་ཤིང་། ས་ཁུལ་དེ་གའི་ཞོད་ཐན་འགོག་ཟོན་བཀོད་འདོམས་ལས་ཁུངས་ནས་ཞིབ་བཤེར་ཆོག་མཆན་སྤྲད་རྗེས་ལག་བསྟར་བྱེད་རྒྱུ།

དོན་ཚན་བཅུ་གཉིས་པ། ཐན་འགོག་གི་སྔོན་ཇུས་ནང་གཤམ་གསལ་གྱི་གཙོ་བོའི་ནང་དོན་ཁག་ཚུད་དགོས་པ་སྟེ། (གཅིག)ཞོད་ཐན་འགོག་ཟོན་བཀོད་འདོམས་ལས་ཁུངས་དང་ཁོངས་ཞུགས་ཚན་པའི་འགན་འཁྲི་དང་། (གཉིས)ཐན་སྐྱོན་གྱི་ཉེན་བརྡའི་ལམ་སྲོལ། (གསུམ)ཐན་སྐྱོན་གྱི་རིམ་པ་དབྱེ་འབྱེད། (བཞི)ཐན་སྐྱོན་གྱི་གནས་ཚུལ་དང་གནོད་འཚེ་བྱུང་ཚུལ་སྐོར་གྱི་ཆ་འཕྲིན་བསྡུ་རུབ་དང་། དབྱེ་ཞིབ། སྙན་ཞུ། བརྡ་ཁྱབ། (ལྔ)ཐན་འགོག་གི་སྔོན་ཇུས་སྤེལ་འགོ་འཛུགས་པ་དང་མཇུག་སྒྲིལ་བའི་གོ་རིམ། (དྲུག)ཐན་སྐྱོན་རིམ་པ་མི་འདྲ་བར་འཕྲལ་མྱུར་ཁ་གཏད་གཅོག་ཐབས་དང་འགན་སྲུང་བྱ་ཐབས། (བདུན)ཐན་སྐྱོན་གྱི་ཛ་དྲག་གནས་ཚུལ་འོག་གི་ཆུ་བཀོད་གཏོང་བྱེད་པའི་སྔོན་ཇུས། (བརྒྱད)གནོད་འཚེའི་རྗེས་ཀྱི་ཚོད་སྐོར་དང་བསྐྱར་གསོ་བྱེད་ཐབས། ཐན་འགོག་སྔོན་ཇུས་ཀྱི་ནང་དོན་དེ་ངེས་པར་དུ་ཐན་འགོག་ལས་ཀའི་དངོས་ཡོད་དགོས་མཁོར་གཞིགས་ཏེ་སྐབས་བསྟུན་གྱིས་ལེགས་སྒྲིག་བཟོ་བཅོས་བྱེད་དགོས།

དོན་ཚན་བཅུ་གསུམ་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ཞོད་ཐན་འགོག་ཟོན་བཀོད་འདོམས་ལས་ཁུངས་ཀྱིས་ངེས་པར་དུ་ཆོག་མཆན་སྤྲད་པའི་ཐན་འགོག་གི་སྔོན་ཇུས་གཞིར་བཟུང་། ལོ་འཁོར་དེ་གའི་ཐན་འགོག་ལས་དོན་གྱི་སྔོན་ཇུས་དང་ཆེད་སྤྱོད་ཆུ་བཀོད་གཏོང་གི་ལག་བསྟར་ཇུས་གཞི་བཟོ་དགོས་པ་དང་། ཐན་སྐྱོན་བྱུང་ཚུལ་ལ་གཞིགས་ནས་ཆུ་འདོན་ཆུ་གསོག་གི་འབོར་ཚད་དང་། ཆུ་བཀོད་གཏོང་། བཀོད་གཏོང་དུས་ཚོད། བཀོད་གཏོང་ལམ་ཐིག དེ་བཞིན་ཁུལ་ཁོངས་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁྲི་བཅས་ཁ་གསལ་བཟོ་དགོས།

དོན་ཚན་བཅུ་བཞི་པ། འབྲེལ་ཡོད་ཁོངས་ཞུགས་ཚན་པ་ནས་ཐན་སྐྱོན་བྱུང་ཚུལ་གྱི་ལྟ་ཞིབ་ཚད་ལེན་དྲ་རྒྱ་དང་ཐན་སྐྱོན་གྱི་ཆ་འཕྲིན་མ་ལག་འཛུགས་པ་དང་ཚགས་ཚུད་དུ་གཏོང་བར་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ཞོད་ཐན་འགོག་ཟོན་བཀོད་འདོམས་ལས་ཁུངས་ཀྱིས་གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་བྱེད་རྒྱུ་དང་། ཐན་སྐྱོན་ཐད་ལྟ་ཞིབ་ཚད་ལེན་བྱེད་ཤུགས་ཆེ་རུ་བཏང་སྟེ་ཁོངས་ཞུགས་ཚན་པའི་དབར་ཆ་འཕྲིན་མཉམ་སྤྱོད་ཀྱི་ལམ་སྲོལ་འཛུགས་རྒྱུ།

དོན་ཚན་བཅོ་ལྔ་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ཆུའི་སྲིད་འཛིན་གཙོ་འགན་སྡེ་ཚན་དང་འབྲེལ་ཡོད་སྡེ་ཚན་གཞག་དག་གིས་ངེས་པར་དུ་རང་སོ་སོའི་འགན་འཁྲི་གཞིར་བཟུང་། རིམ་པ་དེ་གའི་མི་དམངས་སྲིད་གཞུང་གི་ཞོད་ཐན་འགོག་ཟོན་བཀོད་འདོམས་ལས་ཁུངས་ལ་ཆུའི་གནས་ཚུལ་དང་། ཆར་པའི་གནས་ཚུལ། བཞའ་ཚན་གྱི་གནས་ཚུལ། ཞིང་ལས་ཀྱི་གནས་ཚུལ། དེ་བཞིན་ཆུ་འདོན་ཆུ་སྤྱོད་སོགས་ཀྱི་ཆ་འཕྲིན་དུས་ཐོག་ཏུ་མཁོ་འདོན་བྱེད་དགོས། གནམ་དཔྱད་གཙོ་འགན་ལས་ཁུངས་དང་ཆུ་དཔྱད་ལས་ཁུངས་ཀྱིས་ངེས་པར་དུ་ཆར་པ་དང་བཞའ་ཚན་གྱི་གནས་ཚུལ་ངོ་མ་ཤེས་རྟོགས་བྱས་ཏེ་ཆར་པ་འབབ་ཚུལ་དང་། དེ་བཞིན་གཙང་པོ། མཚེའུ། ཆུ་མཛོད་བཅས་ཀྱི་ཆུ་རྒྱུགས་ཚུལ་ལོགས་སུ་སྔོན་དཔག་བྱེད་དགོས་པ་མ་ཟད། དུས་ཚོད་འཚམ་ངེས་སྐབས་ས་ཁུལ་དེ་གའི་མི་དམངས་སྲིད་གཞུང་གི་ཞོད་ཐན་འགོག་ཟོན་བཀོད་འདོམས་ལས་ཁུངས་ལ་འབྲེལ་ཡོད་ཀྱི་གནམ་དཔྱད་ཆ་འཕྲིན་དང་ཆུ་དཔྱད་ཆ་འཕྲིན་མཁོ་འདོན་བྱེད་དགོས། ས་གཤིས་རྩད་ཞིབ་ལས་ཁུངས་ཀྱིས་ངེས་པར་དུ་ཐན་སྐྱོན་ཐོན་སླ་བའི་ས་ཁུལ་ལ་ཐན་འགོག་གི་ཁྲོན་པ་འདྲུ་རྒྱུར་ས་འོག་ཆུ་རྩའི་ཆ་འཕྲིན་མཁོ་འདོན་བྱེད་དགོས།

དོན་ཚན་བཅུ་དྲུག་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ཞིང་ནང་ཆུ་བེད་ཀྱི་རྨང་གཞིའི་སྒྲིག་བཀོད་དང་། ཞིང་འབྲོག་ཁུལ་གྱི་འཐུང་ཆུའི་ལས་གཞི། གྲོང་ཁྱེར་གྲོང་གསེབ་ཀྱི་ཆུ་འདོན་ལས་གཞི། ཐན་འགོག་གི་འཕྲལ་མཁོའི་ཆུ་རྩ་དང་དེའི་ལེ་ལག་སྒྲིག་བཀོད་བཅས་ཀྱི་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་དགོས་པ་དང་། གེགས་འགོག་གི་འཕྲལ་མཁོའི་ལས་གྲྭ་དང་དེའི་ལེ་ལག་སྒྲིག་བཀོད་འཛུགས་སྐྲུན་དང་། ཆུ་བསྲིའི་བསྒྱུར་བཟོའི་ལས་དོན་ཡག་པོ་བསྒྲུབ་རྒྱུ་སྒྲིག་འཛུགས་བྱས་ཏེ་ཐན་འགོག་ཆུ་འདོན་གྱི་ནུས་པ་དང་ཆུའི་ཐོན་ཁུངས་བེད་སྤྱོད་བྱེད་པའི་ནུས་ཕྱོད་ཆེ་རུ་གཏོང་དགོས། བཅའ་ཁྲིམས་དང་། སྲིད་འཛིན་ཁྲིམས་སྲོལ། རྒྱལ་སྲིད་སྤྱི་ཁྱབ་ཁང་བཅས་ཀྱིས་དོ་དམ་བྱེད་ཕྱོགས་ཁ་གསལ་བཟོས་པའི་ཆུའི་ལས་གྲྭ་ཕུད། རང་སྐྱོང་ལྗོངས་ཀྱི་སྲིད་འཛིན་ས་ཁོངས་ནང་གི་ཆུའི་ལས་གྲྭའི་དོ་བདག་དང་ལས་གཉེར་དོ་དམ་པས་ངེས་པར་དུ་ཆུའི་ལས་གྲྭའི་བདེ་འཇགས་དོ་དམ་གྱི་འགན་འཁྲིའི་ལམ་ལུགས་འཛུགས་དགོས་པ་དང་། ཆུའི་ལས་གྲྭར་འཆར་ཅན་གྱི་ཉམས་གསོ་དང་། བདག་སྐྱོང་། དོ་དམ་བཅས་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་རྒྱུན་གཏན་བཞིན་འཁོར་སྐྱོད་ཐུབ་པའི་འགན་ལེན་བྱེད་དགོས། ཆུའི་སྲིད་འཛིན་གཙོ་འགན་སྡེ་ཚན་གྱིས་ངེས་པར་དུ་ཆུའི་ལས་གྲྭའི་བདེ་འཇགས་ལ་ལྟ་སྐུལ་ཞིབ་བཤེར་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས།

དོན་ཚན་བཅུ་བདུན་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ཐན་འགོག་ལས་དོན་གྱི་དགོས་མཁོར་གཞིགས་ཏེ། ཐན་འགོག་གི་ཞབས་ཞུ་སྒྲུབ་མཁན་རྩ་འཛུགས་འཛུགས་ཤུགས་དང་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། སྤྱི་ཚོགས་རྩ་འཛུགས་དང་མི་སྒེར་ནས་ཐན་འགོག་གི་ཞབས་ཞུ་སྒྲུབ་མཁན་རྩ་འཛུགས་གསར་གཉེར་བྱེད་རྒྱུ་དང་། ཐན་འགོག་གི་སྒྲིག་བཀོད་འཛུགས་སྐྲུན་དང་ལས་གཉེར་བྱེད་རྒྱུ། ཐན་འགོག་གེགས་སེལ་གྱི་ལས་ཀའི་ནང་ཞུགས་རྒྱུ་བཅས་ལ་སྐུལ་མ་དང་། ཁྲིད་སྟོན། འདེགས་སྐྱོར་བྱེད་རྒྱུ། ཐན་སྐྱོན་བྱུང་སའི་རྫོང་རིམ་མི་དམངས་སྲིད་གཞུང་གི་ཞོད་ཐན་འགོག་ཟོན་བཀོད་འདོམས་ལས་ཁུངས་ཀྱིས་སྲིད་གཞུང་ནས་ཉོ་སྒྲུབ་བྱེད་པ་དང་། དམིགས་འཛུགས་མངགས་བཅོལ་བྱེད་པ། བྱ་དགའ་དང་ཁ་གསབ་སྤྲོད་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ་སྤྱི་ཚོགས་ཀྱི་ཞབས་ཞུ་སྒྲུབ་མཁན་རྩ་འཛུགས་ཀྱི་ས་ནས་ཐན་འགོག་གི་ཞབས་ཞུ་ཉོ་སྒྲུབ་བྱེད་རྒྱུ།

དོན་ཚན་བཅོ་བརྒྱད་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ཞོད་ཐན་འགོག་ཟོན་བཀོད་འདོམས་ལས་ཁུངས་ཀྱིས་ངེས་པར་དུ་ཐན་འགོག་གི་འགན་འཁྲིའི་ལམ་ལུགས་དང་། ཐན་འགོག་གི་སྔོན་ཇུས། ཐན་འགོག་གི་སྒྲིག་བཀོད། ཐན་འགོག་གི་དངོས་ཟོག་གྲབས་གསོག་སོགས་ཀྱི་ལས་དོན་ལ་དུས་བཀག་ལྟར་ཞིབ་བཤེར་བྱེད་དགོས་པ་དང་། ཤེས་རྟོགས་བྱུང་བའི་གནད་དོན་རིགས་ངེས་པར་དུ་འཕྲལ་མར་ཡོ་བསྲང་བྱེད་དགོས་པའམ་ཡང་ན་འབྲེལ་ཡོད་སྡེ་ཚན་དང་ཚན་པར་དུས་བཅད་ནང་ཐག་གཅོད་བྱེད་དུ་འཇུག་དགོས།

དོན་ཚན་བཅུ་དགུ་པ། ཁྲིམས་དང་འགལ་ནས་ཆུ་འདྲེན་པ་དང་། ཆུ་བཀག་པ། དེ་བཞིན་ཆུ་རྩ་ཧམ་བཟུང་བྱེད་པ་དང་། གཏོར་སྐྱོན་གཏོང་བ། སྦགས་བཙོག་བཟོ་བ་བཅས་ཀྱི་རིགས་བཀག་འགོག་བྱེད་རྒྱུ། ཐན་འགོག་གི་སྒྲིག་བཀོད་ལ་གཏོར་སྐྱོན་གཏོང་བ་དང་། ཧམ་བཟུང་བྱེད་པ། གཏོར་བརླག་གཏོང་བ་བཅས་ཀྱི་རིགས་བཀག་འགོག་བྱེད་རྒྱུ།

ལེའུ་གསུམ་པ། ཐན་འགོག་གེཌ་སེལ།

དོན་ཚན་ཉི་ཤུ་པ། ཐན་སྐྱོན་བྱུང་ཚེ། རིམ་ཁག་ཞོད་ཐན་འགོག་ཟོན་བཀོད་འདོམས་ལས་ཁུངས་ཀྱིས་ངེས་པར་དུ་ཆུའི་གནས་ཚུལ་དང་། ཆར་པའི་གནས་ཚུལ། བཞའ་ཚན་གྱི་གནས་ཚུལ། ཐན་པའི་གནས་ཚུལ། གནོད་འཚེ་ཕོག་ཚུལ་སོགས་ཀྱི་ཆ་འཕྲིན་གཞིར་བཟུང་དང་། ཐན་འགོག་སྔོན་ཇུས་ཀྱི་གཏན་འབེབས་ལ་གཞིགས་ནས་བབ་མཚུངས་རིམ་པའི་འཕྲལ་མྱུར་གྱི་ཁ་གཏད་གཅོག་ཐབས་དུས་ཐོག་ཏུ་སྤེལ་འགོ་འཛུགས་པ་དང་ཐན་སྐྱོན་གྱི་ཉེན་བརྡ་གཏོང་དགོས། ཐན་འགོག་གེགས་སེལ་གྱི་ལས་དོན་སྤེལ་རྒྱུ་སྒྲིག་འཛུགས་བྱེད་དགོས་པ་མ་ཟད། རིམ་པ་གཅིག་མཚུངས་ཀྱི་མི་དམངས་སྲིད་གཞུང་དང་རང་ལས་རིམ་པ་གཅིག་གིས་མཐོ་བའི་མི་དམངས་སྲིད་གཞུང་གི་ཞོད་ཐན་འགོག་ཟོན་བཀོད་འདོམས་ལས་ཁུངས་ལའང་སྙན་སེང་ཞུ་དགོས། ཐན་སྐྱོན་གྱི་གནས་ཚུལ་ཞི་ལྷོད་དུ་སོང་བའམ་ཡང་ན་སེལ་རྗེས་ངེས་པར་དུ་འགོག་ཟོན་གྱི་ཉེན་བརྡའི་རིམ་པ་དམའ་རུ་གཏོང་བའམ་ཡང་ན་ཉེན་བརྡ་ཕྱིར་འཐེན་བྱེད་པའི་ཆ་འཕྲིན་དུས་ཐོག་ཏུ་འགྲེམས་བསྒྲགས་བྱེད་དགོས།

དོན་ཚན་ཉེར་གཅིག་པ། ཁུལ་ཁོངས་ཀྱི་རྨོ་ཞིང་དང་རྩྭ་ར་སོགས་ལ་ཐན་སྐྱོན་བྱུང་བའི་རྒྱ་ཁྱོན་དང་ཚད་གཞི། དེ་བཞིན་ཐན་སྐྱོན་གྱི་རྐྱེན་པས་འཐུང་ཆུ་དཀོན་པོ་ཆགས་པའི་མིའི་ཁ་གྲངས་གཞིར་བཟུང་ནས་ཐན་སྐྱོན་དེ་ཐན་སྐྱོན་ཆུང་བ་དང་། ཐན་སྐྱོན་འབྲིང་བ། ཐན་སྐྱོན་ཚབས་ཆེ་བ། ཐན་སྐྱོན་ཤིན་ཏུ་ཆེ་བ་བཅས་རིམ་པ་བཞིར་དབྱེ་ཡོད།

དོན་ཚན་ཉེར་གཉིས་པ། ཐན་སྐྱོན་ཆུང་བ་དང་འབྲིང་བ་བྱུང་ཚེ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ཞོད་ཐན་འགོག་ཟོན་བཀོད་འདོམས་ལས་ཁུངས་ནས་གཤམ་གསལ་བྱ་ཐབས་སྤྱོད་ཆོག་པ་སྟེ། (གཅིག)མངའ་ཁོངས་ནང་གི་ཆུ་མཛོད་དང་། ཆུ་ཤུགས་གློག་ཁང་། ཆུ་རགས་སོགས་སུ་བསགས་པའི་ཆུ་བཀོད་གཏོང་བྱེད་པ་དང་། (གཉིས)སྐབས་ཐོག་གི་ཆུ་འཐེན་ས་ཚུགས་འཛུགས་པ་དང་། འཕྲལ་མཁོའི་ཁྲོན་པ་འདྲུ་བ། ཆུ་འདྲེན་ཡུར་བུ་བཟོ་བའམ་ཡང་ན་གཙང་པོ་རྒྱུག་ཤུལ་དུ་ཆུ་འགོག་པ། (གསུམ)དུས་འཚམ་ངེས་སུ་འཕྲལ་མཁོའི་སྤྱོད་དམིགས་ཀྱི་ཆུ་རྩ་སྤྱོད་པའམ་ཡང་ན་འཕྲལ་མཁོའི་ཆུ་རྩའི་ལས་གྲྭ་སྐྲུན་པ། (བཞི)མི་ཕྱུགས་ཀྱི་འཐུང་ཆུ་དཀོན་པའི་ས་ཁུལ་ལ་ཆུ་སྐྱེལ་རྒྱུ་སྒྲིག་འཛུགས་བྱེད་པ། (ལྔ)མི་ཐབས་ལ་བརྟེན་ནས་ཆར་པ་འབེབས་རྒྱུ་སྒྲིག་འཛུགས་བྱེད་པ། (དྲུག)ཐན་འགོག་གི་འཕྲལ་སྡོམ་བྱ་ཐབས་གཞན་དག་བཅས་སོ། གོང་འཁོད་གཏན་འབེབས་ནང་གི་བྱ་ཐབས་སྤྱོད་སྐབས། སྲིད་འཛིན་ས་ཁོངས་གཞན་དག་དང་འབྲེལ་བ་ཡོད་ཚེ། ངེས་པར་དུ་རང་ལས་རིམ་པ་གཅིག་གིས་མཐོ་བའི་ཐུན་མོང་གི་མི་དམངས་སྲིད་གཞུང་ལ་ཆོག་མཆན་ཞུ་དགོས་པ་དང་། དུས་མཚུངས་རང་ལས་རིམ་པ་གཅིག་གིས་མཐོ་བའི་ཞོད་ཐན་འགོག་ཟོན་བཀོད་འདོམས་ལས་ཁུངས་ལ་སྙན་ཐོ་དཔོད་དགོས། འབྲེལ་ཡོད་སྡེ་ཚན་གཞན་དག་དང་འབྲེལ་བ་ཡོད་ཚེ། ངེས་པར་དུ་སྔོན་ཚུད་ནས་འབྲེལ་ཡོད་སྡེ་ཚན་ལ་བརྡ་ཐོ་གཏོང་དགོས། ཐན་སྐྱོན་སེལ་རྗེས། ངེས་པར་དུ་འབྲེལ་ཡོད་འཕྲལ་སྡོམ་བྱ་ཐབས་སྤྱོད་རྒྱུ་དུས་ཐོག་ཏུ་མཚམས་འཇོག་བྱས་ཁར། འཕྲལ་མར་འབྲེལ་ཡོད་སྡེ་ཚན་ལ་བརྡ་ཁྱབ་གཏོང་དགོས།

དོན་ཚན་ཉེར་གསུམ་པ། ཐན་སྐྱོན་ཚབས་ཆེ་བ་དང་ཐན་སྐྱོན་ཤིན་ཏུ་ཆེ་བ་བྱུང་ཚེ། སྲོལ་ཡིག་འདིའི་དོན་ཚན་ཉེར་གཉིས་པའི་གཏན་འབེབས་ནང་འཁོད་ཀྱི་བྱ་ཐབས་སྤྱོད་པ་ཕུད། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་ད་དུང་གཤམ་གསལ་བྱ་ཐབས་ཁག་སྤྱོད་ཆོག་པ་སྟེ། (གཅིག)ཆུ་མཁོ་འདོན་བྱེད་ཚད་ཉུང་དུ་གཏོང་བ་དང་། (གཉིས)ཆུ་བེད་སྤྱོད་ཆེ་བའི་ལས་རིགས་ཀྱི་སྤྱོད་ཆུ་ཚད་བཀག་བཟོ་བའམ་ཡང་ན་གནས་སྐབས་རིང་སྤྱོད་མཚམས་འཇོག་པ། (གསུམ)ཞིང་ལས་ཐད་ཀྱི་ཆུ་མཁོ་འདོན་བྱེད་ཁོངས་ཆུང་དུ་གཏོང་བའམ་ཡང་ན་ཞིང་ལས་ཐད་ཆུ་མཁོ་འདོན་བྱེད་ཚད་ཉུང་དུ་གཏོང་བ། (བཞི)གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིར་འཚོ་བའི་སྤྱོད་ཆུ་མཁོ་འདོན་བྱེད་རྒྱུ་དུས་བཀག་གམ་ཡང་ན་ཚད་བཀག་བཟོ་བ། (ལྔ)ཆུ་རྩ་གསར་པ་བཟོ་བ་དང་། སྲིད་འཛིན་ས་ཁོངས་གྲོལ་བ་དང་འབབ་རྒྱུད་བརྒལ་ནས་ཆུ་ཁ་སྒྱུར་བ། (དྲུག)ཐན་འགོག་གི་འཕྲལ་སྡོམ་བྱ་ཐབས་གཞན་དག་བཅས་སོ།

དོན་ཚན་ཉེར་བཞི་པ། ཐན་སྐྱོན་ཤིན་ཏུ་ཆེ་བ་བྱུང་ནས་གྲོང་ཁྱེར་གྲོང་གསེབ་ཀྱི་ཡུལ་མིའི་འཚོ་བ་དང་ཐོན་སྐྱེད་ཐད་ཀྱི་སྤྱོད་ཆུ་འགན་ལེན་ལ་ཉེན་ཁ་ཚབས་ཆེ་བཟོས་ཏེ་སྤྱི་ཚོགས་བརྟན་ལྷིང་ལ་ཤུགས་རྐྱེན་ཐེབས་བཟོ་ཡོད་རིགས་ལ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཞོད་ཐན་འགོག་ཟོན་བཀོད་འདོམས་ལས་ཁུངས་ཀྱིས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཆོག་མཆན་ཐོབ་པ་བརྒྱུད། ཡོངས་བསྒྲགས་ཀྱི་རྣམ་པའི་ཐོག་ནས་འབྲེལ་ཡོད་སྲིད་འཛིན་ས་ཁོངས་ལ་ཛ་དྲག་ཆེ་བའི་ཐན་འགོག་དུས་སུ་སླེབས་པ་བརྡ་ཐོ་གཏོང་དགོས་པ་དང་འབྲེལ། རྒྱལ་ཁབ་ཞོད་ཐན་འགོག་ཟོན་སྤྱི་ཁྱབ་བཀོད་འདོམས་པུའུ་ལ་དུས་ཐོག་ཏུ་སྙན་སེང་ཞུ་དགོས། ཐན་སྐྱོན་ཤིན་ཏུ་ཆེ་བའི་གནས་ཚུལ་ཞི་ལྷོད་དུ་སོང་རྗེས། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཞོད་ཐན་འགོག་ཟོན་བཀོད་འདོམས་ལས་ཁུངས་ཀྱིས་ངེས་པར་དུ་ཡོངས་བསྒྲགས་ཀྱི་རྣམ་པའི་ཐོག་ནས་ཛ་དྲག་ཆེ་བའི་ཐན་འགོག་དུས་མཇུག་སྒྲིལ་བ་ཁྱབ་བསྒྲགས་བྱེད་དགོས་པ་དང་འབྲེལ་རྒྱལ་ཁབ་ཞོད་ཐན་འགོག་ཟོན་སྤྱི་ཁྱབ་བཀོད་འདོམས་པུའུ་ལ་དུས་ཐོག་ཏུ་སྙན་སེང་ཞུ་དགོས།

དོན་ཚན་ཉེར་ལྔ་པ། ཛ་དྲག་ཆེ་བའི་ཐན་འགོག་དུས་སུ། འབྲེལ་ཡོད་མི་དམངས་སྲིད་གཞུང་གི་ཞོད་ཐན་འགོག་ཟོན་བཀོད་འདོམས་ལས་ཁུངས་ཀྱིས་ཐན་འགོག་ལས་ཀའི་དགོས་མཁོར་གཞིགས་ནས་དེ་གའི་དོ་དམ་བྱེད་ཁོངས་ནང་དུ་ཐན་འགོག་དང་འབྲེལ་བ་ཡོད་པའི་དངོས་ཟོག་དང་། སྒྲིག་ཆས། འགྲིམ་འགྲུལ་སྐྱེལ་འདྲེན་ཡོ་བྱད་སོགས་ཁྲིམས་བཞིན་བསྡུ་སྤྱོད་བྱེད་དབང་ཡོད། ཐན་སྐྱོན་གྱི་གནས་ཚུལ་ཞི་ལྷོད་དུ་སོང་རྗེས། འབྲེལ་ཡོད་མི་དམངས་སྲིད་གཞུང་གི་ཞོད་ཐན་འགོག་ཟོན་བཀོད་འདོམས་ལས་ཁུངས་ཀྱིས་ཛ་དྲག་ཆེ་བའི་ཐན་འགོག་དུས་སུ་བསྡུ་སྤྱོད་བྱས་པའི་དངོས་ཟོག་དང་། སྒྲིག་ཆས། འགྲིམ་འགྲུལ་སྐྱེལ་འདྲེན་ཡོ་བྱད་སོགས་ངེས་པར་དུ་ཕྱིར་སློག་བྱེད་དགོས་པ་མ་ཟད། འབྲེལ་ཡོད་བཅའ་ཁྲིམས་ནང་འཁོད་ཀྱི་གཏན་འབེབས་གཞིར་བཟུང་གུན་གསབ་སྤྲོད་དགོས།

དོན་ཚན་ཉེར་དྲུག་པ། ཐན་སྐྱོན་བྱུང་ཚེ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་འཕྲོད་བསྟེན་གཙོ་འགན་སྡེ་ཚན་གྱིས་ངེས་པར་དུ་ཐན་སྐྱོན་བྱུང་སའི་ནད་ཡམས་སྔོན་འགོག་ཚོད་འཛིན་བྱེད་པའི་ལས་དོན་དང་། སྨན་བཅོས་རོགས་སྐྱོབ་དང་འཕྲོད་བསྟེན་ཐད་ཀྱི་ལྟ་སྐུལ་ཁྲིམས་སྒྱུར་བྱེད་པའི་ལས་དོན་ཡག་པོ་སྒྲུབ་དགོས་པ་དང་། འཐུང་ཆུའི་ཆུ་འགོའི་གཙང་སྦྲ་ཡག་ཉེས་ཀྱི་གནས་ཚུལ་ལ་ལྟ་སྐུལ་དང་ཞིབ་དཔྱད་ཚད་ལེན་བྱས་ཏེ་འཐུང་ཆུ་གཙང་མ་དང་བདེ་འཇགས་ཡོང་རྒྱུ་འགན་ལེན་བྱས་ཐོག ཐན་སྐྱོན་ལས་བྱུང་བའི་ཚབས་ཆེའི་འགོས་ནད་རིགས་སྔོན་འགོག་བྱེད་དགོས།

དོན་ཚན་ཉེར་བདུན་པ། ཐན་སྐྱོན་གནས་ཚུལ་སྐོར་གྱི་ཆ་འཕྲིན་གཅིག་གྱུར་ཐོག་འགྲེམས་བསྒྲགས་བྱེད་པའི་ལམ་ལུགས་ལག་བསྟར་བྱེད་རྒྱུ། ཐན་སྐྱོན་གྱི་གནས་ཚུལ་དེ་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ཞོད་ཐན་འགོག་ཟོན་བཀོད་འདོམས་ལས་ཁུངས་ཀྱིས་གཅིག་གྱུར་ཐོག་ཞིབ་བཤེར་གཏན་འབེབས་དང་འགྲེམས་བསྒྲགས་བྱེད་རྒྱུ། ཐན་སྐྱོན་རིགས་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ཆུའི་སྲིད་འཛིན་གཙོ་འགན་སྡེ་ཚན་གྱིས་རིམ་པ་གཅིག་མཚུངས་ཀྱི་དམངས་སྲིད་སྡེ་ཚན་དང་མཉམ་དུ་ཞིབ་བཤེར་གཏན་འབེབས་དང་འགྲེམས་བསྒྲགས་བྱེད་རྒྱུ། ཐན་སྐྱོན་གྱིས་ཞིང་འབྲོག་ཐད་བཟོས་པའི་གནོད་འཚེའི་རིགས་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ཞིང་འབྲོག་གཙོ་འགན་སྡེ་ཚན་ནས་འགྲེམས་བསྒྲགས་བྱེད་རྒྱུ། ཐན་འགོག་དང་འབྲེལ་བ་ཡོད་པའི་གནམ་གཤིས་ཀྱི་ཆ་འཕྲིན་གནམ་དཔྱད་གཙོ་འགན་ལས་ཁུངས་ནས་འགྲེམས་བསྒྲགས་བྱེད་རྒྱུ། ཐན་འགོག་དང་འབྲེལ་བ་ཡོད་པའི་ཆུ་དཔྱད་ཐད་ཀྱི་ཆ་འཕྲིན་ཆུ་དཔྱད་ལས་ཁུངས་ནས་འགྲེམས་བསྒྲགས་བྱེད་རྒྱུ། ལས་ཁུངས་དང་མི་སྒེར་གང་ཞིག་ཡིན་རུང་ཐན་སྐྱོན་གནས་ཚུལ་སྐོར་གྱི་ཆ་འཕྲིན་སྤྱི་ཚོགས་ཐོག་འགྲེམས་བསྒྲགས་བྱེད་མི་ཆོག་པ་དང་། ཐན་སྐྱོན་གནས་ཚུལ་སྐོར་གྱི་ཆ་འཕྲིན་རྫུས་མ་སྤྱི་ཚོགས་ཐོག་འགྲེམས་སྤེལ་བྱེད་མི་ཆོག ཚགས་པར་དུས་དེབ་དང་། རླུང་འཕྲིན། བརྙན་འཕྲིན། མཉམ་འབྲེལ་དྲ་རྒྱ་སོགས་སྨྱན་སྦྱོར་གྱིས་ངེས་པར་དུ་ཐན་སྐྱོན་གནས་ཚུལ་སྐོར་གྱི་ཆ་འཕྲིན་དུས་ཐོག་ཏུ་འགོད་དགོས་པ་མ་ཟད། འགྲེམས་བསྒྲགས་བྱེད་མཁན་ལས་ཁུངས་ཀྱི་མིང་དང་འགྲེམས་བསྒྲགས་བྱེད་པའི་དུས་ཚོད་གསལ་པོ་འགོད་དགོས།

དོན་ཚན་ཉེར་བརྒྱད་པ། ཐན་སྐྱོན་གྱི་གནས་ཚུལ་ཞི་ལྷོད་དུ་སོང་རྗེས། རིམ་ཁག་མི་དམངས་སྲིད་གཞུང་དང་འབྲེལ་ཡོད་གཙོ་འགན་སྡེ་ཚན་གྱིས་ངེས་པར་དུ་གནོད་འཚེ་ཕོག་པའི་མང་ཚོགས་ཚོར་ཐོན་སྐྱེད་སླར་གསོ་བྱེད་རྒྱུ་དང་གནོད་འཚེ་ཕོག་རྗེས་ཀྱི་རང་སྐྱོབ་བྱེད་རྒྱུའི་ཐད་རོགས་རམ་བྱེད་དགོས་པའི་ཁར། དུས་ཐོག་ཏུ་བྱ་ཐབས་སྤྱད་དེ་འབྲེལ་ཡོད་མཇུག་སྐྱོང་ལས་ཀ་ཡག་པོ་བསྒྲུབས་ནས་ཞོར་ཐོན་གནོད་འཚེ་དང་སྐྱེད་ཐོན་གནོད་འཚེ་སྔོན་འགོག་བྱེད་དགོས།

དོན་ཚན་ཉེར་དགུ་པ། ཐན་སྐྱོན་གྱི་གནས་ཚུལ་ཞི་ལྷོད་དུ་སོང་རྗེས། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ཆུའི་སྲིད་འཛིན་གཙོ་འགན་སྡེ་ཚན་གྱིས་ངེས་པར་དུ་ཆུ་བེད་ལས་གྲྭར་ཞིབ་བཤེར་ཚོད་སྐོར་བྱེད་དགོས་པ་མ་ཟད། ཐན་སྐྱོན་ལས་གཏོར་སྐྱོན་ཕོག་པའི་ཆུ་བེད་ལས་གྲྭར་དུས་ཐོག་ཏུ་ཉམས་གསོ་བྱེད་དུ་འཇུག་དགོས། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་གཙོ་འགན་སྡེ་ཚན་ནས་ཐན་སྐྱོན་ལས་གཏོར་སྐྱོན་ཕོག་པའི་ཆུ་བེད་ལས་གྲྭ་དེ་ལོ་འཁོར་གྱི་ཉམས་གསོའི་འཛུགས་སྐྲུན་རྣམ་གྲངས་ནང་སྔོན་ལ་འཇུག་དགོས།

དོན་ཚན་སུམ་ཅུ་པ། ཐན་སྐྱོན་སེལ་རྗེས། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ཞོད་ཐན་འགོག་ཟོན་བཀོད་འདོམས་ལས་ཁུངས་ཀྱིས་ངེས་པར་དུ་འཕྲལ་མར་འབྲེལ་ཡོད་སྡེ་ཚན་སྒྲིག་འཛུགས་བྱེད་དགོས་པའམ་ཡང་ན་གནོད་འཚེར་ཚོད་སྐོར་བྱེད་མཁན་གྱི་ཆེད་ལས་འོས་ཐོབ་ཡོད་པའི་ཚན་པར་མངགས་བཅོལ་བྱས་ནས་ཐན་སྐྱོན་གྱི་ཤུགས་རྐྱེན་དང་། གྱོང་གུན་ཕོག་ཚུལ། དེ་བཞིན་ཐན་འགོག་ལས་དོན་གྱི་ཕན་འབྲས་བཅས་ལ་དབྱེ་ཞིབ་དང་ཚོད་སྐོར་བྱེད་དགོས་ཤིང་། དབྱེ་ཞིབ་དང་ཚོད་སྐོར་བྱེད་པའི་བརྒྱུད་རིམ་ཁྲོད་འབྲེལ་ཡོད་སྡེ་ཚན་དང་ཚན་པས་ངེས་པར་དུ་གཞོགས་འདེགས་བྱས་ནས་རང་འགུལ་ངང་རིམ་པ་དེ་གའི་མི་དམངས་སྲིད་གཞུང་གི་ཞོད་ཐན་འགོག་ཟོན་བཀོད་འདོམས་ལས་ཁུངས་ལ་འབྲེལ་ཡོད་གནས་ཚུལ་སྙན་སེང་ཞུ་དགོས་པ་ལས་རྫུན་ཞུ་དང་སྦས་གསང་བྱེད་མི་ཆོག

ལེའུ་བཞི་པ། འགན་སྲུང་བྱ་ཐབས།

དོན་ཚན་སོ་གཅིག་པ། རྫོང་རིམ་པའི་མི་དམངས་སྲིད་གཞུང་དང་ཤང་གྲོང་རྡལ་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ཐན་འགོག་ལས་དོན་གྱི་དགོས་མཁོར་གཞིགས་ཏེ་སྲིད་འཛིན་ས་ཁོངས་དེའི་ནང་གི་ཞིང་ཆུ་གཏོང་ཁུལ་གྱི་དོ་དམ་ཚན་པ་དང་། དེ་བཞིན་གཞི་རིམ་གྱི་ཐན་འགོག་ཞབས་ཞུ་རུ་ཁག ཤང་དང་གྲོང་རྡལ་གྱི་ཞིང་འབྲོག་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས། ཡུལ་མིའི(གྲོང་མི)ཆུ་སྤྱོད་དུད་ཚང་མཐུན་ཚོགས་སོགས་ཀྱི་ཐན་འགོག་ཞབས་ཞུའི་རྩ་འཛུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས་ཤིང་། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་མ་དངུལ་དང་། སྦྱོང་བརྡར། སྒྲིག་བཀོད་སྒྲིག་ཆས་སོགས་ཀྱི་ཐད་ནས་ཐན་འགོག་ཞབས་ཞུ་རྩ་འཛུགས་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། 

དོན་ཚན་སོ་གཉིས་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ཐན་སྐྱོན་འགོག་ཟོན་དང་ཐན་འགོག་གེགས་སེལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ། ཆུ་གསོག་པ་དང་། ཆུ་འདྲེན་པ། ཆུ་ལེན་པ། ཆུ་ཁ་སྒྱུར་བ་སོགས་ཐད་ཀྱི་བང་རིམ་མང་བའི་ཐན་འགོག་ལས་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་མ་ལག་ཅིག་ཆགས་པ་བྱས་ནས་ཐན་འགོག་གེགས་སེལ་གྱི་ནུས་པ་ཆེ་རུ་གཏོང་དགོས། རིམ་ཁག་མི་དམངས་སྲིད་གཞུང་དང་འབྲེལ་ཡོད་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་ཀྱིས་ངེས་པར་དུ་ཆུ་མཁོ་འདོན་ཐུབ་ཚད་དམའ་བའམ་ཡང་ན་ཆུ་མཁོ་འདོན་གྱི་སྒྲིག་བཀོད་མེད་པའི་ཁུལ་ཁོངས་སུ་ཡུལ་བབ་དང་བསྟུན་ཏེ་ཆུ་རྫིང་ཆུང་ངུ་དང་། ཆུ་འཐེན་འཕྲུལ་ཚུགས་ཆུང་ངུ་། ཆུ་ཡུར་ཆུང་ངུ་སོགས་གྲོང་གསེབ་ཀྱི་ཐན་འགོག་ཆུ་བེད་ལས་གྲྭ་སྐྲུན་དགོས། ཡུལ་མི(གྲོང་མི)ཨུ་ཡོན་ལྷན་ཁང་དང་། གྲོང་གསེབ་ཀྱི་ཆུ་སྤྱོད་མཉམ་ལས་རྩ་འཛུགས། ཐན་འགོག་ཞབས་ཞུ་རྩ་འཛུགས། དེ་བཞིན་ཁེ་ལས་དང་བྱ་གཞག་ཚན་པ་གཞན་དག་བཅས་ཀྱིས་ངེས་པར་དུ་ས་ཁུལ་དེ་གའི་མི་དམངས་སྲིད་གཞུང་ལ་གཞོགས་འདེགས་བྱས་ནས་ཐན་འགོག་བྱ་ཐབས་ཁག་དོན་འཁྱོལ་བྱེད་རྒྱུའི་ལས་དོན་ཡག་པོ་སྒྲུབ་རོགས་བྱེད་དགོས།

དོན་ཚན་སོ་གསུམ་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ཐན་འགོག་གི་དགོས་མཁོར་གཞིགས་ཏེ་ཐན་འགོག་དངོས་ཟོག་གྲབས་གསོག་བྱེད་དགོས་པ་དང་། ཐན་འགོག་དངོས་ཟོག་གྲབས་གསོག་བྱེད་པའི་དོ་དམ་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས།

དོན་ཚན་སོ་བཞི་པ། རྡོ་སྣུམ་དང་གློག་ཤུགས་སོགས་ཁེ་ལས་ཀྱིས་ངེས་པར་དུ་ཐན་འགོག་གེགས་སེལ་ཐད་མཁོ་བའི་ནུས་རྒྱུའི་རིགས་མཁོ་སྤྲོད་འགན་སྲུང་བྱེད་དགོས།

དོན་ཚན་སོ་ལྔ་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་སྤྱི་བདེ་ལས་ཁུངས་དང་འགྲིམ་འགྲུལ་སྐྱེལ་འདྲེན་གཙོ་འགན་སྡེ་ཚན་གྱིས་ཐན་འགོག་གི་གནས་ཚུལ་ཛ་དྲག་པའི་འོག་ངེས་པར་དུ་ཐན་འགོག་གེགས་སེལ་གྱི་དངོས་ཟོག་དང་མི་སྣ་སྐྱེལ་འདྲེན་བྱེད་པའི་འགྲིམ་འགྲུལ་ཡོ་བྱད་རིགས་སྔོན་ལ་འགྲོ་སྐྱོད་བྱེད་དུ་འཇུག་རྒྱུ་འགན་སྲུང་བྱེད་དགོས།

དོན་ཚན་སོ་དྲུག་པ། སྲིད་གཞུང་གིས་ཁྲིད་སྟོན་དང་། སྲིད་ཇུས་ཐོག་ནས་རྒྱབ་སྐྱོར། ཁྲོམ་རའི་ཐོག་འཁོར་སྐྱོད་བཅས་བྱེད་པའི་རྩ་དོན་གཞིར་བཟུང་། ཐན་སྐྱོན་བྱུང་སླ་བའི་ས་ཁུལ་གྱིས་ཐན་སྐྱོན་ཐད་ཀྱི་འགན་བཅོལ་ལམ་ལུགས་འཚོལ་ཞིབ་ཧུར་ཐག་དང་རིམ་པས་འཛུགས་པ་དང་ཚགས་ཚུད་དུ་གཏོང་རྒྱུར་སྐུལ་མ་གཏོང་རྒྱུ། ཚོང་ལས་རང་བཞིན་གྱི་འགན་བཅོལ་ཀུང་སིས་ཐན་སྐྱོན་ཐད་ཀྱི་འགན་བཅོལ་ལས་སྒོ་སྤེལ་རྒྱུར་སྐུལ་མ་གཏོང་རྒྱུ། ཞིང་འབྲོག་མང་ཚོགས་དང་། གསོ་འདེབས་ཆེད་ལས་དུད་ཚང་། དེ་བཞིན་རྩ་འཛུགས་གཞན་དག་དང་མི་སྒེར་བཅས་ཀྱིས་ཐན་སྐྱོན་ཐད་ཀྱི་འགན་བཅོལ་ནང་ཞུགས་རྒྱུར་སྐུལ་མ་གཏོང་རྒྱུ།

དོན་ཚན་སོ་བདུན་པ། ཐན་འགོག་ཐད་ཀྱི་གྲོན་དངུལ་དང་ཐན་འགོག་གི་དངོས་ཟོག་རིགས་ངེས་པར་དུ་ཆེད་དམིགས་བེད་སྤྱོད་བྱེད་དགོས་པ་ལས་ཚན་པ་དང་མི་སྒེར་གང་ཞིག་གིས་ཀྱང་དེ་དག་བཀག་ཉར་དང་། བར་བཟུང་། གཞན་སྤྱོད། ལྐོག་བགོས་བཅས་བྱེད་མི་ཆོག རིམ་ཁག་ནོར་སྲིད་དང་རྩིས་བཤེར་སྡེ་ཚན་གྱིས་ངེས་པར་དུ་ཐན་འགོག་ཐད་ཀྱི་གྲོན་དངུལ་དང་ཐན་འགོག་གི་དངོས་ཟོག་རིགས་ལ་དོ་དམ་བྱེད་རྒྱུར་ལྟ་སྐུལ་དང་། ཞིབ་བཤེར། རྩིས་བཤེར་བཅས་བྱེད་ཤུགས་ཆེ་རུ་གཏོང་དགོས།

ལེའུ་ལྔ་པ། བཅའ་ཁྲིམས་ཀྱི་འགན་འཁྲི།

དོན་ཚན་སོ་བརྒྱད་པ། གཤམ་གསལ་གྱི་གནས་ཚུལ་གང་རུང་ཞིག་ཡོད་ཚེ། གནས་སའི་ཚན་པའམ་ཡང་ན་གོང་རིམ་གཙོ་འགན་ལས་ཁུངས་དང་ལྟ་ཞིབ་ལས་ཁུངས་ཀྱིས་ཡོ་བསྲང་བྱེད་དུ་འཇུག་རྒྱུ་དང་། ཐད་ཀའི་གཙོ་འགན་མི་སྣ་དང་ཐད་ཀའི་འགན་འཁྲི་ཡོད་མཁན་གཞན་དག་ལ་ཁྲིམས་ལྟར་ཆད་པ་གཅོད་རྒྱུ། ཉེས་གསོག་གི་དོགས་པ་ཡོད་ཚེ་ཁྲིམས་འཛིན་ལས་ཁུངས་ནས་ཐག་གཅོད་བྱེད་རྒྱུར་རྩིས་སྤྲོད་རྒྱུ་སྟེ། 

(གཅིག)ཐན་འགོག་གེགས་སེལ་གྱི་འོས་འགན་མ་བསྒྲུབས་པའི་རིགས་དང་། 

(གཉིས)རང་འཚམ་གྱིས་སྤྱི་ཚོགས་ཐོག་ཐན་སྐྱོན་གནས་ཚུལ་སྐོར་གྱི་ཆ་འཕྲིན་འགྲེམས་བསྒྲགས་བྱས་པའམ་ཡང་ན་སྤྱི་ཚོགས་ཐོག་ཐན་སྐྱོན་གནས་ཚུལ་སྐོར་གྱི་ཆ་འཕྲིན་རྫུས་མ་འགྲེམས་སྤེལ་བྱས་པའི་རིགས། 

(གསུམ)ཐན་སྐྱོན་གནས་ཚུལ་དང་གནོད་འཚེ་བྱུང་ཚུལ་རྫུན་ཞུ་དང་སྦས་གསང་བྱས་རིགས། 

(བཞི)ཐན་འགོག་གི་སྔོན་ཇུས་སམ་ཡང་ན་ཐན་སྐྱོན་གྱི་གནས་ཚུལ་ཛ་དྲག་པའི་འོག་ཆུ་བཀོད་གཏོང་གི་སྔོན་ཇུས་དང་དེ་བཞིན་འཕྲལ་མཁོའི་ཆུ་བཀོད་གཏོང་གི་ཇུས་གཞི་ལག་བསྟར་མ་བྱས་པའི་རིགས། 

(ལྔ)ཐན་སྐྱོན་གནས་ཚུལ་སྐོར་གྱི་ཆ་འཕྲིན་དང་ཐན་འགོག་ལས་དོན་སྤེལ་ཚུལ་གཏན་འབེབས་ལྟར་འགྲེམས་བསྒྲགས་མ་བྱས་པའི་རིགས། 

(དྲུག)དགོས་ངེས་ཀྱི་འགོག་ཟོན་བྱ་ཐབས་དུས་ཐོག་ཏུ་མ་སྤེལ་བས་ཚབས་ཆེའི་ཞོར་ཐོན་དང་སྐྱེད་ཐོན་གནོད་འཚེ་བྱུང་བའི་རིགས། 

(བདུན)ཐན་སྐྱོན་ཇི་བྱུང་གི་ཚོད་སྐོར་ལས་དོན་ལ་གཏན་འབེབས་ལྟར་གཞོགས་འདེགས་མ་བྱས་པའི་རིགས། 

(བརྒྱད)ཐན་འགོག་ཐད་ཀྱི་གྲོན་དངུལ་དང་། དངོས་ཟོག དེ་བཞིན་ཞལ་འདེབས་དངུལ་དངོས་བཅས་བཀག་ཉར་དང་། གཞན་སྤྱོད། ལྐོག་བགོས་བཅས་བྱས་པའི་རིགས། 

(དགུ)ཐན་སྐྱོན་སེལ་རྗེས། གནས་སྐབས་ཀྱི་ཆུ་འཐེན་དང་ཆུ་བཀག་གི་སྒྲིག་བཀོད་མ་བཤིག་པའི་རིགས། 

(བཅུ)འགན་དབང་གང་བྱུང་དུ་སྤྱོད་པ་དང་། ཉེར་ཕྱོགས་གཡོ་ཟོལ་བྱེད་པ། རང་འགན་སྣང་མེད་དུ་འཇོག་པ་སོགས་བྱས་པའི་རིགས། 

(བཅུ་གཅིག)ཐན་འགོག་གེགས་སེལ་གྱི་སྒྲིག་ཁྲིམས་ཚབས་ཆེ་དཀྲུགས་ནས་ཤུགས་རྐྱེན་ངན་པ་བཟོས་པའམ་ཡང་ན་གྱོང་གུན་ཚབས་ཆེ་བཟོས་པའི་རིགས་བཅས་སོ།

དོན་ཚན་སོ་དགུ་པ། སྲོལ་ཡིག་འདིའི་གཏན་འབེབས་ལས་འགལ་བའི་བྱེད་སྤྱོད་རིགས་ལ་བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་ཆད་གཅོད་ཀྱི་གཏན་འབེབས་ཡོད་ཚེ་གཏན་འབེབས་དེ་བཞིན་ལག་བསྟར་བྱེད་རྒྱུ།

ལེའུ་དྲུག་པ། ཞར་བྱུང་།

དོན་ཚན་བཞི་བཅུ་པ། སྲོལ་ཡིག་འདི་2017ལོའི་ཟླ་8ཚེས་1ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ།

(བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་དྲུང་ཡིག་ཁྲུའུ་ནས་མཁོ་འདོན་བྱས་པ་གཞིར་བཟུང)

རྩོམ་སྒྲིག་པ། : ཀླུ་མོ་མཚོ།