ཀྲུང་གོ་བོད་ཀྱི་དྲ་བ།

ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རང་སྐྱོང་སྲོལ་ཡིག

ཡོང་ཁུངས། : མདོ་ལྷོ་དྲ་བ།     སྤེལ་དུས། : 2016-09-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

(1989ལོའི་ཟླ8པའི7ཉིན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་སྐབས་བཅུ་བའི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གཉིས་པའི་ཐོག་གྲོས་འཆམ་བྱུང་བ་དང་།1989ལོའི་ཟླ9པའི་ཚེས27ཉིན་ཀན་སུའུ་ཞིང་ཆེན་སྐབས་བདུན་པའི་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་བའི་ཐོག་ཆོག་མཆན་གནང་སྟེ།2008ལོའི1པའི་ཚེས15ཉིན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་སྐབས་བཅུ་བཞི་བའི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གསུམ་པའི་ཐོག་བཟོ་བཅོས་བྱས་ཏེ།2010ལོའི་ཟླ3པའི་ཚེས31ཉིན་ཀན་སུའུ་ཞིང་ཆེན་སྐབས་བཅུ་གཅིག་པའི་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་བཞི་བའི་ཐོག་ཆོག་མཆན་ཐོབ།)

ལེའུ་དང་པོ། སྤྱིའི་རྩ་དོན།

དོན་ཚན་དང་པོ།<<ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་གྱི་རྩ་ཁྲིམས>>དང<<ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་གྱི་མི་རིགས་ས་ཁོངས་རང་སྐྱོང་གི་བཅའ་ཁྲིམས་<<ཀན་སུའུ་ཞིང་ཆེན་གྱི<ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་གྱི་མི་རིགས་ས་ཁོངས་རང་སྐྱོང་གི་བཅའ་ཁྲིམས་ལག་ལེན་དུ་བསྟར་བའི>གཏན་འབེབས་འགའ>>དང་འབྲེལ་ཡོད་ཁྲིམས་ལུགས་དང་ཁྲིམས་སྲོལ་བཅས་གཞིར་བཟུང་ཞིང་།རང་ཁུལ་གྱི་དཔལ་འབྱོར་དང་ཆབ་སྲིད།རིག་གནས་དང་སྤྱི་ཚོགས་ཀྱི་ཁྱད་ཆོས་བཅས་དང་ཟུང་དུ་སྦྲེལ་ནས་སྲོལ་ཡིག་འདི་གཏན་ལ་ཕབ་པ་ཡིན།

དོན་ཚན་གཉིས་པ། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ(གཤམ་དུ་བསྡུས་མིང་ལ་རང་སྐྱོང་ཁུལ་ཟེར)ནི་ཀན་སུའུ་ཞིང་ཆེན་གྱི་མངའ་ཁོངས་ནང་དུ་ཀན་ལྷོའི་བོད་རིགས་མི་དམངས་ལ་ས་ཁོངས་རང་སྐྱོང་ལག་ལེན་དུ་བསྟར་བའི་ས་གནས་ཤིག་ཡིན། རང་སྐྱོང་ཁུལ་གྱི་མངའ་ཁོངས་སུ་གཙོས་གྲོང་ཁྱེར་དང་།བསང་ཆུ་རྫོང་།ལིན་ཐན་རྫོང་།ཅོ་ནེ་རྫོང་།ཐེ་བོ་རྫོང་།འབྲུག་ཆུ་རྫོང་།རྨ་ཆུ་རྫོང་།ཀླུ་ཆུ་རྫོང་བཅས་གཏོགས། རང་སྐྱོང་ཁུལ་གྱི་མངའ་ཁུལ་དང་མངའ་ཁོངས་ཀྱི་ས་མ ཚམས་ལ་བཅའ་ཁྲིམས་ཀྱི་སྲུང་སྐྱོང་ཐོབ་ཅིང་དེ་ལ་སྒྱུར་བཅོས་བྱེད་ན་གོང་རིམ་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་དང་རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་གྲོས་མོལ་གཏན་འབེབས་བྱས་ཏེ།ཁྲིམས་བཀོད་ཀྱི་གོ་རིམ་ལྟར་ཞུས་ནས་ཆོག་མཆན་གནང་རྒྱུ།རང་སྐྱོང་ཁུལ་གྱི་ལྟེ་གནས་དེ་གཙོས་གྲོང་ཁྱེར་དུ་བཙུགས་ཡོད།

དོན་ཚན་གསུམ་པ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ནི་རང་སྐྱོང་ཁུལ་མི་དམངས་འཐུས་མིའི་ཚོགས་ཆེན་དང་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་ཡིན།དེ་ནི་རྒྱལ་ཁབ་ཀྱི་ས་གནས་སྲིད་དབང་ལས་ཁུངས་ཀྱི་རིམ་པ་ཞིག་ཡིན། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་མངའ་འོག་ཏུ་ཆུས་དང་རྫོང་དང་གྲོང་ཁྱེར་བཅས་བཙུགས་ཡོད་པའི་ས་གནས་རྒྱལ་ཁབ་ལས་ཁུངས་ཀྱི་འགན་དབང་སྤྱོད་པ་དང་ཆབས་ཅིག་ཏུ་རང་སྐྱོང་དབང་ཆ་སྤྱོད་རྒྱུ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་དམངས་གཙོ་གཅིག་སྡུད་ལམ་ལུགས་ཀྱི་རྩ་དོན་ལག་ལེན་དུ་བསྟར་རྒྱུ།

དོན་ཚན་བཞི་བ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་རྒྱལ་ཁབ་ཀྱི་བདེ་འཇགས་དང་མེས་རྒྱལ་གྱི་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་ཁག་གི་མཐུན་སྒྲིལ་སྲུང་སྐྱོང་བྱ་རྒྱུ་དང་། རང་ཁུལ་དུ་རྩ་ཁྲིམས་དང་བཅའ་ཁྲིམས་བརྩི་སྲུང་དང་ལག་ལེན་བྱེད་པར་ཁག་ཐེག་བྱ་རྒྱུ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་རྒྱལ་ཁབ་ཀྱི་ཁྱོན་ཡོང་ཀྱི་ཁེ་ཕན་ཆེས་གཙོ་བོར་བཞག་སྟེ། གོང་རིམ་རྒྱལ་ཁབ་ལས་ཁུངས་ཀྱིས་སྤྲད་པའི་ལས་འགན་ཁག་རྣམས་ཧུར་ཐག་གིས་ཡོངས་འགྲུབ་བྱ་རྒྱུ།

དོན་ཚན་ལྔ་བ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་ཁུལ་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་སྣེ་ཁྲིད་དེ། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་མར་ཁེ་སི་རིང་ལུགས་དང་མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིན་གྱི་རིགས་པའི་གཞུང་ལུགས་དང་།མཚོན་བྱེད་གསུམ་གྱི་དགོངས་དོན་གལ་ཆེན་གྱིས་མཛུབ་སྟོན་བྱེད་པ་དང་།ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་ལེན་གཏིང་ཟབ་ཏུ་སྤེལ་ཏེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་བསྒྲེངས་ནས།མུ་མཐུད་དུ་བསམ་བློ་བཅིངས་འགྲོལ་དང་། བཅོས་བསྒྱུར་སྒོ་འབྱེད་རྒྱུན་འཁྱོངས་སྒོས་ཚན་རིག་འཕེལ་རྒྱས་ལ་སྐུལ་འདེད་དང་། འཆམ་མཐུན་སྤྱི་ཚོགས་འཛུགས་སྐྱོང་། སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་འཛུགས་སྐྲུན་དང་། ཆབ་སྲིད་འཛུགས་སྐྲུན།རིག་གནས་འཛུགས་སྐྲུན་དང་སྤྱི་ཚོགས་འཛུགས་སྐྲུན་བཅས་མཐུན་སྦྱོར་ངང་གོང་དུ་སྤེལ་བ་དང་།ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པ་དང་། རྒྱུན་ཆད་མེད་པར་རིགས་སོ་སོའི་མི་དམངས་ཀྱི་དངོས་པོ་དང་རིག་གནས་འཚོ་བའི་ཆུ་ཚད་མཐོར་འདེགས་བཏང་ནས།འབྱོར་ཕྱུག་དང་དམངས་གཙོ། མཐུན་སྒྲིལ། དཔལ་ཡོན་དང་འཆམ་མཐུན་བཅས་ཡིན་པའི་རང་སྐྱོང་ཁུལ་འཛུགས་སྐྲུན་བྱ་དགོས།

དོན་ཚན་དྲུག་པ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་རང་ཁུལ་གྱི་དོན་དངོས་གཞིར་བཟུང་ནས།དཔལ་འབྱོར་དང་སྤྱི་ཚོགས་ལས་དོན་གྱི་གོང་འཕེལ་ཇེ་མགྱོགས་སུ་བཏང་ནས། ཕྱོགས་ཀུན་ནས་གོང་རིམ་རྒྱལ་ཁབ་ལས་ཁུངས་ཀྱིས་མི་རིགས་ས་ཁུལ་ལ་གཏན་འབེབས་བྱས་པའི་གཟིགས་སྐྱོང་སྲིད་ཇུས་དང་དམིགས་བསལ་གྱི་ཐབས་ཇུས་ལག་བསྟར་དངོས་འབབ་བྱ་རྒྱུ། རང་སྐྱོང་ཁུལ་གྱི་ལས་ཁུངས་ཀྱིས་གོང་རིམ་རྒྱལ་ཁབ་ལས་ཁུངས་ཀྱི་ཆོད་དོན་དང་གཏན་འབེབས།བཀའ་ཁྱབ། མཛུབ་སྟོན་བཅས་ལག་ལེན་བྱེད་པའི་སྐབས་སུ་རང་ཁུལ་གྱི་གནས་ཚུལ་དངོས་དང་མི་མཐུན་པ་ཡོད་ན།གོང་རིམ་རྒྱལ་ཁབ་ལས་ཁུངས་ལ་ཞུས་ནས་ཆོག་མཆན་བཀོད་རྗེས།བབ་བསྟུན་གྱིས་ལག་ལེན་བྱེད་པའམ་ཡང་ན་ལག་ལེན་བྱེད་མཚམས་འཇོག་རྒྱུ།

དོན་ཚན་བདུན་པ། རང་སྐྱོང་ཁུལ་ནང་ཁོངས་ཀྱི་མི་རིགས་སོ་སོ་ཚང་མ་འདྲ་མཉམ་ཡིན་པས།མི་རིགས་གང་ལའང་མཐོང་ཆུང་དང་གཉའ་གནོན་བྱེད་པ་གཏན་འགོག་དང་། མི་རིགས་མཐུན་སྒྲིལ་ལ་གཏོར་བརླག་དང་མི་རིགས་ཁ་བྲལ་དུ་གཏོང་བའི་བྱ་སྤྱོད་གཏན་འགོག་བྱ་རྒྱུ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་མི་རིགས་སོ་སོའི་ཁྲིམས་མཐུན་དབང་ཆ་དང་ཁེ་དབང་ཁག་ཐེག་བྱེད་པ་དང་། མི་རིགས་སོ་སོར་རང་གི་སྐད་ཡིག་བེད་སྤྱོད་དང་འཕེལ་རྒྱས་སུ་གཏོང་བའི་རང་དབང་ཁག་ཐེག་བྱེད་པ། མི་རིགས་རང་གི་གོམས་སྲོལ་སྲུང་འཛིན་དང་བཅོས་སྒྱུར་བྱེད་པའི་རང་དབང་ཡོད།

དོན་ཚན་བརྒྱད་པ། རང་སྐྱོང་གྱི་རང་སྐྱོང་ལས་ཁུངས་ཀྱིས་ཁུལ་ནང་ཁོངས་ཀྱི་མི་རིགས་སོ་སོའི་སྤྱི་དམངས་ལ་ཆོས་ལུགས་དད་མོས་རང་དབང་ཡོད་པ་ཁག་ཐེག་བྱ་རྒྱུ།རྒྱལ་ཁབ་ལས་ཁུངས་དང་སྤྱི་ཚོགས་ཚོགས་པ།མི་སྒེར་བཅས་གང་ཞིག་གིས་ཀྱང་བཙན་ཤེད་ཀྱིས་སྤྱི་དམངས་ལ་ཆོས་ལུགས་ལ་དད་པའམ་ཡང་ན་ཆོས་ལུགས་ལ་དད་པ་མི་བྱེད་པ་བྱེད་དུ་འཇུག་མི་ཆོག་ལ། ཆོས་ལུགས་ལ་དད་མོས་བྱེད་པའི་སྤྱི་དམངས་དང་ཆོས་ལུགས་ལ་དད་པ་མི་བྱེད་པའི་སྤྱི་དམངས་གང་ལའང་མཐོང་ཆུང་བྱ་མི་ཆོག མི་སུ་ཞིག་གིས་ཀྱང་ཆོས་ལུགས་བེད་སྤྱོད་དེ་སྤྱི་ཚོགས་ཀྱི་སྒྲིག་ལམ་ལ་གཏོར་བརླག་དང་། སྤྱི་དམངས་ཀྱི་ལུས་ཁམས་བདེ་ཐང་ལ་གནོད་འཚེ་གཏོང་བ། རྒྱལ་ཁབ་ཀྱི་སློབ་གསོའི་ལམ་ལུགས་ལ་བར་ཆད་བྱེད་པ་བཅས་ཀྱི་བྱ་འགུལ་སྤེལ་མི་ཆོག རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་བྱས་ཏེ་རྒྱུན་ལྡན་གྱི་ཆོས་ལུགས་བྱ་འགུལ་སྲུང་སྐྱོང་བྱེད་པ་དང་། ཁུལ་ནང་ཁོངས་ཀྱི་ཆོས་ལུགས་ཚོགས་པ་དང་ཆོས་ལུགས་ལས་དོན་ཐད་རྒྱལ་ཁབ་ཕྱི་ནས་འོངས་པའི་སྟོབས་ཤུགས་ཀྱིས་ཁ་ལོ་སྒྱུར་མི་ཐུབ་པ་བྱ་རྒྱུ།

དོན་ཚན་དགུ་བ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་ཁྲིམས་ལྟར་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་བའི་ནོར་རྫས་སྲུང་སྐྱོབ་བྱ་རྒྱུ། རྩ་འཛུགས་དང་མི་སྒེར་གང་རུང་གིས་ལག་ཐབས་གང་རུང་སྤྱད་ནས་རྒྱལ་ཁབ་དང་ཐུན་མོང་གི་རྒྱུ་ནོར་བཙན་འཛིན་དང་ཡང་ན་དེར་གཏོར་བརླག་བྱེད་པ་གཏན་འགོག་བྱ་རྒྱུ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་རྒྱལ་ཁབ་ཀྱིས་རྒྱལ་ཁབ་ཀྱི་ཁྲིམས་ལུགས་གཏན་འབེབས་གཞིར་བཟུང་ནས། སྤྱི་དམངས་ཀྱི་སྒེར་ལ་དབང་བའི་རྒྱུ་ནོར་ཁེ་དབང་དང་ཤུལ་འཛིན་དབང་ཆ་སྲུང་སྐྱོབ་བྱ་རྒྱུ། སྤྱི་བའི་ཁེ་ཕན་གྱི་དགོས་མཁོ་ཡི་ཆེད་དུ། ཁྲིམས་ལུགས་ཀྱི་གཏན་འབེབས་ལྟར། སྤྱི་དམངས་ཀྱི་སྒེར་ལ་དབང་བའི་རྒྱུ་ནོར་བསྡུ་ཉོ་དང་བསྡུ་སྤྱོད་བྱེད་ཆོག་ལ་སྐྱིན་ཚབ་གསབ་དགོས།

དོན་ཚན་བཅུ་བ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་བོད་རིགས་དང་གྲངས་ཉུང་མི་རིགས་གཞན་དག་གི་གཞུང་ལས་མི་སྣ་དང་རིགས་སྣ་ཚོགས་ཀྱི་ཆེད་ལས་ལག་རྩལ་མི་སྣ་སྐྱེད་སྲིང་བྱེད་པར་མཐོང་ཆེན་བྱ་རྒྱུ་དང་། བོད་རིགས་དང་གྲངས་ཉུང་མི་རིགས་གཞན་དག་གི་བུད་མེད་ནང་ནས་རིམ་པ་ཁག་གི་གཞུང་ལས་མི་སྣ་དང་རིགས་སྣ་ཚོགས་ཀྱི་ཆེད་ལས་ལག་རྩལ་མི་སྣ་སྐྱེད་སྲིང་དང་གདམ་གསེས་བྱེད་པར་མཐོང་ཆེན་བྱ་རྒྱུ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་གཟིགས་སྐྱོང་སྲིད་ཇུས་གཏན་ལ་ཕབ་སྟེ། རིགས་སྣ་ཚོགས་ཀྱི་ཡོན་ཏན་ཅན་ནང་འདྲེན་བྱས་ནས་རང་སྐྱོང་ཁུལ་གྱི་འཛུགས་སྐྲུན་ལས་དོན་ནང་གཞུག་ཏུ་འཇུག་རྒྱུ།

དོན་ཚན་བཅུ་གཅིག་པ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་སྐྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ། མི་རིགས་སོ་སོའི་སྤྱི་དམངས་ལ་སྤྱི་ཚོགས་རིང་ལུགས་ཀྱི་རིན་ཐང་མ་ལག་དང་མི་རིགས་སྲིད་ཇུས་ཀྱི་སློབ་གསོ་བཏང་ནས་མི་རིགས་སོ་སོའི་སྤྱི་དམངས་ཀྱི་བསམ་བློ་དང་ཀུན་སྤྱོད། ཚན་རིག་རིག་གནས་ཀྱི་བྱང་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་བཏང་ནས། མིའི་སྤྱི་ཡོངས་གོང་འཕེལ་ལ་སྐུལ་འདེད་ཀྱིས་ཕུགས་བསམ་ཡོད་པ་དང་ཀུན་སྤྱོད་བཟང་བ། རིག་གནས་ལྡན་པ། སྒྲིག་ཁྲིམས་བརྩི་བ་བཅས་ཀྱི་སྤྱི་དམངས་གསོ་སྐྱོང་བྱ་རྒྱུ།

དོན་ཚན་བཅུ་གཉིས་པ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་གུང་ཁྲན་ཏང་གིས་འགོ་ཁྲིད་བྱེད་པའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་། མི་རིགས་སོ་སོའི་ལས་རིགས་ཁག་གི་རྒྱལ་གཅེས་མི་སྣ་ལ་མཐུན་སྒྲིལ་བྱེད་པ་དང་། དམངས་གཙོའི་གྲོལ་མོལ་དང་མཉམ་ལས་མཉམ་སྒྲུབ། སེམས་ཤུགས་གཅིག་སྒྲིལ་གྱིས་རང་སྐྱོང་ཁུལ་འཛུགས་སྐྲུན་བྱ་རྒྱུ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་གཞི་རིམ་སྡེ་(སྡོད)དམངས་རང་སྐྱོང་རྩ་འཛུགས་འཛུགས་སྐྲུན་བྱེད་པར་ཤུགས་བསྣན་ཏེ། གཞི་རིམ་གྱི་དམངས་གཙོ་རྒྱ་བསྐྱེད་དང་གཞི་རིམ་གྱི་འདེམ་བསྐོའི་ལམ་ལུགས་འཐུས་ཚང་དུ་གཏོང་རྒྱུ།

དོན་ཚན་བཅུ་གསུམ་པ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་ཁྲིམས་ལ་བརྟེན་ནས་རྒྱལ་ཁབ་སྐྱོང་བའི་ཐབས་ཇུས་ལག་བསྟར་དང་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་དང་ཁྲིམས་ལུགས་ཀྱི་སློབ་གསོ་བཏང་སྟེ། རིགས་སོ་སོའི་སྤྱི་དམངས་ཀྱིས་ཁྲིམས་ལུགས་སློབ་སྦྱོང་དང་ཁྲིམས་ལུགས་ཤེས་པ། ཁྲིམས་ལུགས་སྤྱོད་པ་ཁྲིམས་ལུགས་བརྩི་བ་བཅས་བྱེད་དུ་འཇུག་རྒྱུ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་བདེ་འཇགས་འཛུགས་སྐྲུན་ལ་མཐོང་ཆེན་བྱས་ཏེ། སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་བྱ་བ་ལ་ཤུགས་བསྣན་ནས། ཁུལ་ཡོངས་ཀྱི་སྤྱི་ཚོགས་ཆབ་སྲིད་གཏན་འཇགས་དང་མི་དམངས་བདེ་སྡོད་ལས་བརྩོན་ཡོང་བ་འགན་ལེན་བྱ་རྒྱུ།

དོན་ཚན་བཅུ་བཞི་བ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་ཁྲིམས་ལྟར་ཕྱིར་སྡོད་སྤུན་ཟླ་དང་། རྒྱལ་ནང་དུ་ལོག་པའི་ཕྱིར་སྡོད་རང་མི། ཕྱིར་སྡོད་རང་མིའི་ཁྱིམ་མི་བཅས་ཀྱི་རང་སྐྱོང་ཁུལ་གྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱ་རྒྱུ།

དོན་ཚན་བཅོ་ལྔ་བ། རང་སྐྱོང་ཁུལ་གྱི་རྒྱལ་ཁབ་ལས་ཁུངས་ཀྱི་ལས་བྱེད་མི་སྣས་ངེས་པར་དུ་ལས་རྐང་བརྩི་བ་དང་། གཞུང་དྲངས་སྤྱོད་གཙང་། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བ། མང་ཚོགས་དང་འབྲེལ་བ་དམ་པོ། མི་དམངས་ཀྱི་རྒྱབ་སྐྱོར་ལ་བརྟེན་པ། མི་དམངས་ཀྱི་བསམ་འཆར་ཉན་པ་དང་མི་དམངས་ཀྱི་ལྟ་སྐུལ་དང་ལེན་བྱེད་པ་བཅས་བྱ་རྒྱུ།

དོན་ཚན་བཅུ་དྲུག་པ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་སྤྱི་དམངས་ཀྱི་རྒྱལ་སྲུང་སློབ་གསོ་ལ་ཤུགས་སྣོན་པ་དང་། རྒྱལ་སྲུང་སྐུལ་སློང་མ་ལག་འཛུགས་པ་དང་འཐུས་སྒོ་ཇེ་ཚང་དུ་གཏོང་བ་དང་། དམངས་དམག་གི་གྲ་སྒྲིག་དམག་ཞབས་དམག་དཔུང་གི་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱུ།

དོན་ཚན་བཅུ་བདུན་པ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་རང་སྐྱོང་ཁུལ་གྱི་འཛུགས་སྐྲུན་ལས་དོན་ནང་དུ་འབུར་ཐོན་གྱི་བྱས་རྗེས་བཞག་པའི་ལས་ཁུངས་དང་མི་སྒེར་ལ་གཟེངས་བསྟོད་དང་བྱ་དགའ་གནང་རྒྱུ།

ལེའུ་གཉིས་པ། རང་སྐྱོང་ལས་ཁུངས།

དོན་ཚན་བཅོ་བརྒྱད་པ། རང་སྐྱོང་ཁུལ་མི་དམངས་འཐུས་མིའི་ཚོགས་ཆེན་ནི་རང་སྐྱོང་ཁུལ་གྱི་ས་གནས་ཀྱི་རྒྱལ་ཁབ་དང་དབང་འཛིན་ལས་ཁུངས་ཡིན། རང་སྐྱོང་ཁུལ་མི་དམངས་འཐུས་མིའི་ཚོགས་ཆེན་གྱིས་རྒྱུན་ལས་ཨུ་ཡོན་ལྷན་ཁང་འཛུགས་རྒྱུ། རང་སྐྱོང་ཁུལ་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་འཐུས་མི་ནི་ཁྲིམས་ལྟར་བདམས་ནས་ཐོན་དགོས། བོད་རིགས་དང་གྲངས་ཉུང་མི་རིགས་གཞན་དག་གི་འཐུས་མིའི་མི་གྲངས་དང་བསྡུར་ཚད་དེ། ཀན་སུའུ་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གཏན་ཁེལ་བྱ་རྒྱུ། བོད་རིགས་འཐུས་མིས་ཟིན་པའི་བསྡུར་ཚད་དེ་བོད་མི་རིགས་ཀྱིས་ཁུལ་ཡོངས་ཀྱི་སྤྱིའི་མི་གྲངས་ནང་ཟིན་པའི་བསྡུར་ཚད་ལས་ཅུང་ཟད་མཐོ་དགོས། རང་སྐྱོང་ཁུལ་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་འཐུས་མིའི་འདེམས་བསྐོ་དེ། རང་སྐྱོང་ཁུལ་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གཙོ་འགན་འཁུར་རྒྱུ། རང་སྐྱོང་ཁུལ་གྱི་རིམ་པ་སོ་སོའི་མི་དམངས་འཐུས་མིའི་ཚོགས་ཆེན་དང་མི་དམངས་སྲིད་གཞུང་གི་སྐབས་རེའི་འགན་ཡུན་ལོ་ལྔ་ཡིན།

དོན་ཚན་བཅུ་དགུ་བ། རང་སྐྱོང་ཁུལ་མི་དམངས་འཐུས་མིའི་ཚོགས་ཆེན་གྱིས་རང་སྐྱོང་ཁུལ་གྱི་དཔལ་འབྱོར་དང་ཆབ་སྲིད། རིག་གནས་དང་སྤྱི་ཚོགས་ཀྱི་ཁྱད་ཆོས་བཅས་ལ་གཞིགས་ནས་རང་སྐྱོང་སྲོལ་ཡིག་དང་ཁེར་སྤྱོད་སྲོལ་ཡིག་གཏན་ལ་ཕབ་ནས། ཀན་སུའུ་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་ཞུས་ནས་ཆོག་མཆན་བཀོད་རྗེས་ལག་ལེན་དུ་བསྟར་རྒྱུ།

དོན་ཚན་ཉི་ཤུ་བ། རང་སྐྱོང་ཁུལ་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ནི་རང་སྐྱོང་ཁུལ་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་བཙུགས་ལས་ཁུངས་ཡིན་ལ། རང་སྐྱོང་ཁུལ་མི་དམངས་འཐུས་མིའི་ཚོགས་ཆེན་ལ་འགན་ཁུར་རྒྱུ་མ་ཟད་བྱ་བའི་སྙན་ཞུ་འབུལ་དགོས། རང་སྐྱོང་ཁུལ་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ནི་རང་སྐྱོང་ཁུལ་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་འཐུས་མིའི་ཁྲོད་ནས་ཀྲུའུ་རེན་དང་ཀྲུའུ་རེན་གཞན་པ་ཁ་ཤས། དྲུང་ཡིག་ཆེན་མོ། ཨུ་ཡོན་ཁ་ཤས་བཅས་འདེམས་བསྐོ་བྱས་ནས་འཛུགས་གྲུབ་བྱ་རྒྱུ། རང་སྐྱོང་ཁུལ་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་ཁྲོད་ཀྱི་བོད་རིགས་མི་སྣས་ཟིན་པའི་མི་གྲངས་ཀྱི་བསྡུར་ཚད་དེ་ཁུལ་ཡོངས་ཀྱི་སྤྱིའི་མི་གྲངས་ནང་དུ་བོད་རིགས་ཀྱིས་ཟིན་པའི་བསྡུར་ཚད་ལས་ཅུང་མཐོ་དགོས་ལ། གྲངས་ཉུང་མི་རིགས་གཞན་དག་གི་མི་སྣའི་བསྡུར་ཚད་ཀྱང་འོས་འཚམ་ཞིག་ཡོད་དགོས། རང་སྐྱོང་ཁུལ་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ནང་བོད་རིགས་སྤྱི་དམངས་ཀྱིས་ཀྲུའུ་རེན་ནམ་ཡང་ན་ཀྲུའུ་རེན་གཞོན་པའི་འགན་འཁུར་དགོས། རང་སྐྱོང་ཁུལ་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་བྱ་བའི་དགོས་མཁོ་ལྟར། ཆེད་དོན་ཨུ་ཡོན་ལྷན་ཁང་དང་། བྱ་བའི་ཨུ་ཡོན་ལྷན་ཁང་དང་དོན་གཅོད་ལས་ཁུངས་བཅས་འཛུགས་རྒྱུ།

དོན་ཚན་ཉེར་གཅིག་པ། རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་ནི་རང་སྐྱོང་ཁུལ་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལག་བསྟར་ལས་ཁུངས་ཡིན་ལ། རང་སྐྱོང་ཁུལ་གྱི་ས་གནས་ཀྱི་རྒྱལ་ཁབ་སྲིད་འཛིན་ལས་ཁུངས་ཀྱང་ཡིན། རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གིས་རང་སྐྱོང་ཁུལ་མི་དམངས་འཐུས་མིའི་ཚོགས་ཆེན་དང་ཀན་སུའུ་ཞིང་ཆེན་མི་དམངས་སྲིད་གཞུང་ལ་འགན་འཁུར་རྒྱུ་མ་ཟད། བྱ་བའི་སྙན་ཞུ་འབུལ་དགོས་པ་དང་རང་སྐྱོང་ཁུལ་མི་དམངས་འཐུས་མིའི་ཚོགས་ཆེན་གྲོལ་བའི་སྐབས་སུ་རང་སྐྱོང་ཁུལ་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་འགན་འཁུར་རྒྱུ་མ་ཟད། བྱ་བའི་སྙན་ཞུ་འབུལ་དགོས། རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་ནི་ཁུལ་དཔོན་དང་ཁུལ་དཔོན་གཞོན་པ། དྲུང་ཡིག་ཆེན་མོ། ཅུས་ཀྲང་། ཀྲུའུ་རེན་བཅས་ཀྱིས་འཛུགས་གྲུབ་བྱ་རྒྱུ། རང་སྐྱོང་ཁུལ་གྱི་ཁུལ་དཔོན་གྱི་འགན་བོད་རིགས་སྤྱི་དམངས་ཀྱིས་འཁུར་རྒྱུ། རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གི་བྱ་བའི་ལས་ཁུངས་ཁག་གི་མི་སྣའི་ཁྲོད་དུ་བོད་རིགས་མི་སྣས་ཟིན་པའི་བསྡུར་ཚད་དེ་ཁུལ་ཡོངས་ཀྱི་སྤྱིའི་མི་གྲངས་ནང་དུ་བོད་རིགས་ཀྱིས་ཟིན་པའི་བསྡུར་ཚད་ལས་ཅུང་མཐོ་དགོས་ལ། གྲངས་ཉུང་མི་རིགས་གཞན་དག་གི་མི་སྣའི་བསྡུར་ཚད་ཀྱང་འོས་འཚམ་ཞིག་ཡོད་དགོས། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱི་ཁོངས་སུ་གཏོགས་པའི་བྱ་བའི་སྡེ་ཁག་ཁྲོད་དུ། བོད་རིགས་དང་གྲངས་ཉུང་མི་རིགས་གཞན་དག་གི་མི་སྣ་འོས་འཚམ་ཞིག་བཀོད་སྒྲིག་བྱ་རྒྱུ།

དོན་ཚན་ཉེར་གཉིས་པ། རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་དང་ཁུལ་དཔོན་གཞོན་པ་རང་སྐྱོང་ཁུལ་མི་དམངས་འཐུས་མིའི་ཚོགས་ཆེན་སྟེང་གདམ་ཐོན་བྱ་རྒྱུ། རང་སྐྱོང་ཁུལ་མི་དམངས་འཐུས་མིའི་ཚོགས་ཆེན་གྲོལ་བའི་སྐབས་སུ། རང་སྐྱོང་ཁུལ་གྱི་ཁུལ་དཔོན་རྐྱེན་གཞན་དག་གི་དབང་གིས་ལས་འགན་ཁུར་མི་ཐུབ་པ་བྱུང་ན། རང་སྐྱོང་ཁུལ་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པའི་ནང་ནས་ཚབ་བྱེད་མི་སྣ་ཐག་གཅོད་བྱ་རྒྱུ། རང་སྐྱོང་ཁུལ་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཁུལ་དཔོན་གཞོན་པ་འགའ་རེ་བསྐོ་འཐེན་ཐག་གཅོད་བྱེད་ཆོག རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་དང་བྱ་བའི་ལས་ཁུངས་སོ་སོའི་ཅུས་ཀྲང་། ཀྲུའུ་རེན་དེ་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་ཞུས་ནས་བསྐོ་འཐེན་ཐག་གཅོད་བྱ་རྒྱུ། རང་སྐྱོང་ཁུལ་གྱི་སྐབས་གསར་བའི་མི་དམངས་སྲིད་གཞུང་གི་འགོ་ཁྲིད་མི་སྣ་ཁྲིམས་ལྟར་བདམས་ནས་ཐོན་རྗེས། ཟླ་གཉིས་ནང་ཚུན་དུ་རང་སྐྱོང་ཁུལ་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་དང་། ཅུས་ཀྲང་། ཀྲུའུ་རེན་བསྐོ་འཇོག་གི་ཐག་གཅོད་བྱ་རྒྱུ། རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གྱིས་འགན་ཁུར་བའི་ལམ་ལུགས་ལག་བསྟར་དང་། བྱ་བའི་ལས་ཁུངས་སོ་སོའི་ཅུས་ཀྲང་དང་ཀྲུའུ་རེན་གྱིས་འགན་ཁུར་བའི་ལམ་ལུགས་ལག་བསྟར་བྱ་རྒྱུ།

དོན་ཚན་ཉེར་གསུམ་པ། རང་སྐྱོང་ཁུལ་ནང་ཁོངས་སུ་སྡོད་པའི་ཁེ་ལས་དང་དོན་ལས་ལས་ཁུངས་ཀྱིས་རང་སྐྱོང་ཁུལ་གྱི་རང་སྐྱོང་དབང་ཆ་ལ་བརྩི་བཀུར་བྱ་དགོས། རང་སྐྱོང་སྲོལ་ཡིག་དང་ཁེར་སྤྱོད་སྲོལ་ཡིག་ལ་བརྩི་སྲུང་བྱ་དགོས་པ་དང་། རང་སྐྱོང་ལས་ཁུངས་ཀྱི་ལྟ་སྐུལ་དང་ལེན་བྱ་དགོས།

དོན་ཚན་ཉེར་བཞི་བ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་འགན་དབང་སྤྱོད་པའི་སྐབས་སུ། ངེས་པར་དུ་བོད་དང་རྒྱ་ཡི་སྐད་ཡིག་གཉིས་བེད་སྤྱོད་བྱ་རྒྱུ། རང་སྐྱོང་ཁུལ་གྱི་རྒྱལ་ཁབ་ལས་ཁུངས་དང་དོན་ལས་ཁེ་ལས་བཅས་ཀྱི་སྡེ་ཁག་གི་རྩ་ཚིག་དང་གཞུང་ཐེལ། ཚོང་རྟགས། འཛིན་ཡིག དཔང་ཡིག མཚོན་རྟགས་སོགས་ལ་ངེས་པར་དུ་བོད་ཡིག་དང་རྒྱ་ཡིག་ཡིག་རིགས་གཉིས་ཀ་བེད་སྤྱོད་བྱ་རྒྱུ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་བོད་ཀྱི་སྐད་ཡིག་བྱ་བའི་ལས་ཁུངས་བཙུགས་ཏེ། བོད་ཀྱི་སྐད་ཡིག་ཚད་ལྡན་དུ་བཀོད་སྤྱོད་བྱེད་པ་དང་། བོད་ཀྱི་སྐད་ཡིག་སྐྱོན་བྲལ་ངང་གོང་དུ་འཕེལ་བར་སྐུལ་འདེད་བྱ་རྒྱུ། རང་སྐྱོང་ཁུལ་གྱི་ཆེད་ལས་ལག་རྩལ་མི་སྣ་དང་བཟོ་བ་རྣམས་ལ་ལས་གནས་ཐོབ་ཐང་གཏན་ཁེལ་དང་ལག་རྩལ་རིམ་པ་སྤར་བའི་རྒྱུགས་སྤྲོད་དཔྱད་ཞིབ་བྱེད་སྐབས་སུ། རང་གིས་བོད་རྒྱ་ཡིག་རིགས་གཉིས་ལས་གང་འདོད་གཅིག་གདམ་ཆོག

དོན་ཚན་ཉེར་ལྔ་བ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་དང་དོན་ལས་སྡེ་ཁག་གིས་བཟོ་འགོད་སྡོམ་གྲངས་དང་སྒྲིག་གཞི་གསར་འཛུགས། འགོ་ཁྲིད་ཀྱི་གྲངས་ཀ་བཅས་གོང་རིམ་རྒྱལ་ཁབ་ལས་ཁུངས་ཀྱིས་མི་རིགས་ས་ཁུལ་གྱི་དོན་དངོས་ལ་བསམ་གཞིགས་བྱས་ནས་ལྷོད་ཡངས་གཏོང་བར་ཞིབ་བཤེར་གཏན་འབེབས་བྱ་རྒྱུ་ཡར་ཞུ་བྱ་དགོས། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་རྒྱལ་ཁབ་ཀྱི་གཞུང་ལས་པའི་བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར། ལས་འགན་ཁུར་སྐབས་རིམ་པ་གཏན་ཁེལ་གྱི་ཆ་རྐྱེན་ལ་སླེབས་རྗེས། དཔྱད་ཞིབ་བྱས་ནས་ཚད་མཐུན་གཞུང་ལས་པས་རིམ་པ་གོང་མའི་གོ་གནས་རིམ་པའི་འགོ་ཁྲིད་མིན་པའི་གོ་གནས་ཀྱི་འབྲེལ་ཡོད་ཐོབ་ཐང་ལོངས་སྤྱོད་བྱེད་ཆོག རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་སུ་གཞུང་ལས་པ་བསྡུ་ལེན་བྱེད་སྐབས། ཞིང་ཆེན་རིམ་པའི་གཞུང་ལས་པའི་གཙོ་གཉེར་སྡེ་ཁག་གིས་དབང་ཆ་གནང་སྟེ། རང་སྐྱོང་ཁུལ་གྱིས་རྩ་འཛུགས་ལག་བསྟར་བྱ་དགོས། རང་སྐྱོང་ཁུལ་གྱི་ཁེ་ལས་དང་དོན་ལས་སྡེ་ཁག་གིས་བྱ་བྱེད་མི་སྣ་གདན་ཞུ་བཀོལ་སྤྱོད་བྱེད་སྐབས་སུ། ཐོག་མར་བོད་རིགས་དང་གྲངས་ཉུང་མི་རིགས་གཞན་པའི་མི་སྣ་བསྡུ་ལེན་དང་གདན་ཞུ་བཀོལ་སྤྱོད་བྱ་དགོས། རང་སྐྱོང་ཁུལ་གྱི་ནང་ཁོངས་སུ་ཡོད་པའི་ཀྲུང་དབྱང་དང་ཞིང་ཆེན་ལ་གཏོགས་པའི་ཁེ་ལས་དང་དོན་ལས་སྡེ་ཁག་གིས་བྱ་བྱེད་མི་སྣ་ཁ་སྣོན་བྱེད་སྐབས་སུ། ཐོག་མར་ས་གནས་ཀྱི་མི་སྣ་བསྡུ་ལེན་དང་གདན་ཞུ་བཀོལ་སྤྱོད་བྱ་དགོས། བོད་རིགས་དང་གྲངས་ཉུང་མི་རིགས་གཞན་དག་གི་མི་སྣ་ལ་འོས་འཚམ་གྱི་ཆ་རྐྱེན་ལྷོད་ཡངས་སུ་གཏོང་དགོས།

དོན་ཚན་ཉེར་དྲུག་པ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་དུས་ཡུན་རིང་བོར་ནང་ཁོངས་སུ་བྱ་བ་སྒྲུབ་པའི་གཞུང་ལས་པ་དང་ལས་བཟོ་བ། ལས་འཁྱུར་་དང་ལས་བྲལ་ངལ་གསོ་མི་སྣའི་འཚོ་བའི་ཕན་བདེ་དང་བུ་ཕྲུག་གི་སློབ་རིམ་འཕར་བ་དང་ལས་ཞུགས་བྱེད་པ་བཅས་ཀྱི་ཐད་གཟིགས་སྐྱོང་བྱ་དགོས། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་ལས་བཟོ་བར་ལོའི་ནང་ཟླ་ཕོགས་ཡོད་པའི་ངལ་གསོའི་ལམ་ལུགས་ལག་བསྟར་བྱ་དགོས། ངལ་གསོ་བྱེད་པའི་ཉིན་གྲངས་དེ་གོང་རིམ་རྒྱལ་ཁབ་ལས་ཁུངས་ཀྱིས་གཏན་ཁེལ་བྱས་པའི་རྨང་གཞིའི་སྟེང་དུ་ལྷོད་ཡངས་འོས་འཚམ་གཏོང་དགོས། ལེའུ་གསུམ་པ། མི་དམངས་ཁྲིམས་ཁང་དང་མི་དམངས་ཞིབ་དཔྱོད་ཁང་།

དོན་ཚན་ཉེར་བདུན་པ། རང་སྐྱོང་ཁུལ་གྱི་འབྲིང་རིམ་མི་དམངས་ཁྲིམས་ཁང་ནི་རང་སྐྱོང་ཁུལ་གྱི་འདྲི་གཅོད་ལས་ཁུངས་ཡིན་པ་དང་། རང་སྐྱོང་ཁུལ་གྱི་མི་དམངས་ཞིབ་དཔྱོད་ཁང་ནི་རང་སྐྱོང་ཁུལ་གྱི་བཅའ་ཁྲིམས་ལྟ་སྐུལ་ལས་ཁུངས་ཡིན། རང་སྐྱོང་ཁུལ་གྱི་འབྲིང་རིམ་མི་དམངས་ཁྲིམས་ཁང་དང་རང་སྐྱོང་ཁུལ་གྱི་མི་དམངས་ཞིབ་དཔྱོད་ཁང་གིས་རང་སྐྱོང་ཁུལ་མི་དམངས་འཐུས་མིའི་ཚོགས་ཆེན་དང་དེ་མིན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་འགན་ཁུར་བ་མ་ཟད་ད་དུང་བྱ་བའི་སྙན་ཞུ་འབུལ་དགོས། རང་སྐྱོང་ཁུལ་གྱི་མི་དམངས་ཞིབ་དཔྱོད་ཁང་གིས་ཀན་སུའུ་ཞིང་ཆེན་གྱི་མི་དམངས་ཞིབ་དཔྱོད་ཁང་ལ་འགན་འཁུར་དགོས། རང་སྐྱོང་ཁུལ་གྱི་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་འགོ་འཛིན་པ་དང་མི་དམངས་ཞིབ་དཔྱོད་ཁང་གི་འགོ་འཛིན་པ་རང་སྐྱོང་ཁུལ་གྱི་མི་དམངས་འཐུས་མིའི་ཚོགས་ཆེན་གྱིས་གདམ་དགོས། བདམས་ཐོན་བྱུང་བའི་མི་དམངས་ཞིབ་དཔྱོད་ཁང་གི་འགོ་འཛིན་པ་དེ་ངེས་པར་དུ་ཀན་སུའུ་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་འགོ་འཛིན་པར་སྙན་ཞུ་ཕུལ་ཏེ་ཀན་སུའུ་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་ཞུས་ནས་མཆོག་མཆན་གནང་དགོས། རང་སྐྱོང་ཁུལ་གྱི་མི་དམངས་འཐུས་མིའི་ཚོགས་ཆེན་གྲོལ་བའི་སྐབས་སུ། མི་དམངས་ཁྲིམས་ཁང་གི་འགོ་འཛིན་པ་དང་མི་དམངས་ཞིབ་དཔྱོད་ཁང་གི་འགོ་འཛིན་པས་རྐྱེན་གཞན་དག་གི་དབང་གིས་ལས་འགན་མི་ཐུབ་པ་བྱུང་ན། རང་སྐྱོང་ཁུལ་གྱི་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་འགོ་འཛིན་པ་གཞོན་པའི་ཁྲོད་ནས་ཚབ་བྱེད་འདེམ་མི་ཐག་གཅོད་བྱ་དགོས། ཞིབ་དཔྱོད་ཁང་གི་ཚབ་བྱེད་འགོ་འཛིན་པ་དེ་ངེས་པར་དུ་ཀན་སུའུ་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་འགོ་འཛིན་པ་བརྒྱུད་དེ་ཀན་སུའུ་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་ཞུས་ནས་ཐོ་འགོད་བྱ་དགོས། རང་སྐྱོང་ཁུལ་གྱི་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་འགོ་འཛིན་གཞོན་པ་དང་འདྲི་གཅོད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། ཁྲིམས་རའི་འགོ་འཛིན་པ་དང་འགོ་འཛིན་གཞོན་པ། འདྲི་གཅོད་པ་བཅས་དེ་གའི་ཁྲིམས་ཁང་གི་འགོ་འཛིན་པས་རང་སྐྱོང་ཁུལ་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་ཞུས་ནས་བསྐོ་འཐེན་གནང་དགོས། རང་སྐྱོང་ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་འགོ་འཛིན་གཞོན་པ་དང་ཞིབ་དཔྱོད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན།ཞིབ་དཔྱོད་པ་བཅས་དེ་གའི་ཞིབ་དཔྱོད་ཁང་གི་འགོ་འཛིན་པས་རང་སྐྱོང་ཁུལ་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་ཞུས་ནས་བསྐོ་འཐེན་གནང་དགོས། རང་སྐྱོང་ཁུལ་གྱི་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་འདྲི་གཅོད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་འདྲི་གཅོད་པ་དང་། རང་སྐྱོང་ཁུལ་གྱི་མི་དམངས་ཞིབ་དཔྱོད་ཨུ་ཡོན་་ལྷན་ཁང་གི་ཨུ་ཡོན་དང་། ཞིབ་དཔྱོད་པར་བོད་རིགས་མི་སྣའི་གྲངས་ཀ་ངེས་ཅན་ཞིག་བཀོད་སྒྲིག་བྱ་རྒྱུ།

དོན་ཚན་ཉེར་བརྒྱད་པ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་མི་རིགས་སོ་སོའི་སྤྱི་དམངས་ཀྱིས་མི་རིགས་རང་གི་སྐད་ཡིག་བཀོལ་ནས་གཏུག་བཤེར་བྱེད་པའི་དབང་ཆ་འགན་སྲུང་བྱ་དགོས། མི་དམངས་ཁྲིམས་ཁང་དང་མི་དམངས་ཞིབ་དཔྱོད་ཁང་གིས་གྱོད་གཞི་ལ་ཞིབ་གཅོད་བྱེད་སྐབས་སུ། བོད་རྒྱའི་སྐད་གཉིས་འདྲ་མཉམ་ཡིན་པའི་བཅའ་ཁྲིམས་ཀྱི་ནུས་པ་ཡོད་པ་བྱ་དགོས། རྒྱའི་སྐད་ཡིག་མི་ཤེས་པའི་གཏུག་བཤེར་ལ་ཞུགས་པའི་མིར་ལོ་ཙྭ་བ་འདོན་སྤྲོད་བྱ་རྒྱུ། རང་སྐྱོང་ཁུལ་གྱི་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་བོད་རིགས་དོ་བདག་པར་འབྲེལ་བ་ཡོད་པའི་གྱོད་གཞི་ཞིབ་གཅོད་བྱེད་སྐབས་སུ། མཉམ་གྲོས་ཁྲིམས་སའི་ཁོངས་མིའི་ནང་དུ་བོད་རིགས་འདྲི་གཅོད་པ་ཡོད་དགོས།

ལེའི་བཞི་བ། དཔལ་འབྱོར་འཛུགས་སྐྲུན་དང་ཐོན་ཁུངས་གསར་སྤེལ།

དོན་ཚན་ཉེར་དགུ་བ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་རྒྱལ་ཁབ་ཀྱི་སྐྱི་ཁོག་གི་སྲིད་ཇུས་ལྟར། རང་སྐྱོང་ཁུལ་གྱི་དོན་དངོས་གཞིར་བཟུང་སྟེ། དཔལ་འབྱོར་འཛུགས་སྐྲུན་གྱི་བྱེད་ཕྱོགས་དང་སྲིད་ཇུས། འཆར་འགོད་བཅས་གཏན་ཁེལ་བྱས་རྗེས། རང་བདག་གིས་རང་སྐྱོང་ཁུལ་གྱི་དཔལ་འབྱོར་འཛུགས་སྐྲུན་གྱི་ལས་དོན་བཀོད་སྒྲིག་དང་དོན་དམ་བྱ་རྒྱུ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་ལུགས་མཐུན་གྱིས་ཐོན་ལས་དང་། དབང་བའི་ལམ་ལུགས་ཀྱི་སྒྲིག་གཞི་ལེགས་སྒྲིག་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་སྒྲིག་སྲོལ་འཐུས་ཚང་དུ་བཏང་སྟེ། རང་སྐྱོང་ཁུལ་གྱི་དཔལ་འབྱོར་བཟང་ཞིང་མགྱོགས་པའི་ངང་གོང་དུ་འཕེལ་བར་སྐུལ་སྤེལ་བྱ་རྒྱུ།

དོན་ཚན་སུམ་ཅུ་བ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་སྤྱི་དབང་ལམ་ལུགས་གཙོ་བོ་ཡིན་པ་དང་དབང་བའི་ལམ་ལུགས་སྣ་ཚོགས་ཀྱི་དཔལ་འབྱོར་མཉམ་དུ་གོང་སྤེལ་གཏོང་བའི་གཞི་རྩའི་དཔལ་འབྱོར་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་རྒྱུ། རྒྱལ་དབང་རྒྱུ་ནོར་གྱི་དོ་དམ་སྒྲིག་སྲོལ་བསྒྱུར་བཅོས་བྱས་ནས། སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་གོང་འཕེལ་ལ་བསྟོད་སྐུལ་དང་རྒྱབ་སྐྱོར་དང་ཁྲིད་སྟོན་བཅས་བྱ་རྒྱུ།

དོན་ཚན་སོ་གཅིག་པ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་གོང་རིམ་རྒྱལ་ཁབ་ལས་ཁུངས་ནས་རང་ཁུལ་དུ་ལུགས་མཐུན་གྱིས་ཐོན་ཁུངས་གསར་སྤེལ་གྱི་ལས་གཞི་དང་རྨང་གཞིའི་སྒྲིག་བཀོད་དང་རྨང་གཞིའི་ཐོན་ལས། སྤྱི་ཚོགས་སྤྱི་ཕན་རང་བཞིན་གྱི་ལས་གཞི་བཀོད་སྒྲིག་བྱས་ནས། ཁ་གསབ་རོགས་དངུལ་གྱི་བསྡུར་ཚད་ཇེ་མཐོར་གཏོང་བ་དང་། མ་དངུལ་གཏོང་བའི་བསྡུར་ཚད་དང་སྲིད་ཇུས་རང་བཞིན་གྱི་དངུལ་ཁང་གི་སྐྱི་དངུལ་བསྡུར་ཚད་ཁ་སྣོན་འོས་འཚམ་བྱེད་པར་བརྩོན་ལེན་བྱ་རྒྱུ། རྒྱལ་ཁབ་ཀྱིས་བཀོད་སྒྲིག་བྱེད་པའི་རྨང་གཞིའི་སྒྲིག་བཀོད་ལས་གཞི་དང་སྤྱི་ཚོགས་སྤྱི་ཕན་རང་བཞིན་གྱི་ལས་གཞི་ལ་རང་སྐྱོང་ཁུལ་གྱི་ཆ་སྒྲིག་མ་དངུལ་དགོས་པ་དང་། རང་སྐྱོང་ཁུལ་ལ་དེའི་འགན་ཁུར་བའི་སྟོབས་ཤུགས་མེད་ན། གོང་རིམ་གྱི་འབྲེལ་ཡོད་སྡེ་ཁག་གིས་རྒྱབ་སྐྱོར་གནང་བར་རེ་ཞུ་བྱ་དགོས། ཞིང་ཆེན་མི་དམངས་སྲིད་གཞུང་གིས་བཀོད་སྒྲིག་བྱེད་པའི་རྨང་གཞིའི་སྒྲིག་བཀོད་ཀྱི་ལས་གཞི་དང་སྤྱི་ཚོགས་སྤྱི་ཕན་རང་བཞིན་གྱི་ལས་གཞི་ལ། རང་སྐྱོང་ཁུལ་གྱིས་ཆ་སྒྲིག་མ་དངུལ་མེད་པར་བཟོ་བའི་གཟིགས་སྐྱོང་སྲིད་ཇུས་ལོངས་སུ་སྤྱོད་རྒྱུ།

དོན་ཚན་སོ་གཉིས་པ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་ཁྲིམས་ལུགས་ཀྱི་གཏན་འབེབས་ལྟར་རང་སའི་མངའ་ཁོངས་ཀྱི་ས་ཞིང་དང་རྩྭ་ཐང་། ནགས་ཚལ། གཏེར་ཁ། གཞུང་ཆུ། བརླན་ས་སོགས་རང་བྱུང་ཐོན་ཁུངས་སྲུང་སྐྱོང་དང་དོ་དམ་བྱ་རྒྱུ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་ཁྲིམས་ལུགས་ཀྱི་གཏན་འབེབས་དང་རྒྱལ་ཁབ་ཀྱི་གཅིག་གྱུར་འཆར་འགོད་གཞིར་བཟུང་སྟེ། རང་སྐྱོང་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་ལྟར། རང་ས་གནས་གསར་སྤེལ་བྱེད་པའི་རང་བྱུང་ཐོན་ཁུངས་ཐོག་མར་ལུགས་མཐུན་གྱིས་གསར་སྤེལ་བྱས་ནས་བེད་སྤྱོད་བྱེད་ཆོག

དོན་ཚན་སོ་གསུམ་པ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་རྒྱུན་མཐུད་ངང་གོང་འཕེལ་བའི་འཐབ་ཇུས་ལག་ལེན་དུ་བསྟར་ནས། ཁོར་ཡུག་སྲུང་སྐྱོང་དང་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང། འཚོ་བའི་ཁོར་ཡུག་དང་སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་སུ་གཏོང་བ། སྦགས་བཙོག་འགོག་བཅོས་བྱེད་པ་དང་ས་ཆུ་ཤོར་བ་དང་སྤྱི་གནོད་གཞན་དག་འགོག་བཅོས་བྱས་ཏེ། མི་གྲངས་དང་ཐོན་ཁུངས། ཁོར་ཡུག་བཅས་མཐུན་སྦྱོར་གྱིས་གོང་དུ་འཕེལ་བ་མངོན་འགྱུར་བྱ་རྒྱུ།

དོན་ཚན་སོ་བཞི་བ། རང་སྐྱོང་ཁུལ་གྱི་ལས་ཁུངས་ཀྱིས་ཁྲིམས་ལྟར་ཁུལ་ནང་ཁོངས་ཀྱི་རྒྱལ་ཁབ་མངའ་ཁོངས་ཀྱི་ཐོན་ཁུངས་དོ་དམ་བྱས་ནས། ས་ཞིང་སྤྱོད་ཡུལ་གྱི་དོ་དམ་ལམ་ལུགས་དང་རིམ་ཕྱེ་ཐོ་འགོད་དོ་དམ་ལམ་ལུགས་ལག་ལེན་དུ་བསྟར་ཏེ། ཁྲིམས་ལྟར་བགོ་བའི་རྒྱལ་དབང་ས་ཞིང་མ་གཏོགས། ས་ཞིང་ལ་སྐྱིན་ཚབ་ཡོད་པའི་བཀོལ་སྤྱོད་ལམ་ལུགས་ལག་བསྟར་བྱས་ནས། ཚད་ལྡན་གཅིག་གྱུར་གྱི་ས་ཞིང་གི་ཚོང་ར་འཛུགས་དགོས། རྒྱལ་དབང་འཛུགས་སྐྲུན་ལ་ས་ཞིང་བཀོད་སྤྱོད་བྱེད་པར་བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར་རིམ་པ་སོ་སོའི་མི་དམངས་སྲིད་གཞུང་གི་ཆོག་མཆན་གནང་དགོས། རང་སྐྱོང་ཁུལ་ནང་ཁོངས་ཀྱི་ས་ཞིང་དེ་སྡེ་ཁག་དང་མི་སྒེར་གང་ཞིག་གིས་ཁྲིམས་དང་འགལ་ནས་བཀོལ་སྤྱོད་བྱེད་པ་དང་ཚོང་རྒྱག་པ། རང་འདོད་ཀྱིས་ས་ཞིང་གི་སྤྱོད་ཡུལ་བསྒྱུར་བ་བཅས་བྱེད་མི་ཆོག རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་ཁྲིམས་ལྟར་ཐུན་མོང་ལ་དབང་བའི་ས་ཞིང་གི་བདག་གཉེར་དབང་ཆ་སྲུང་སྐྱོབ་བྱ་དགོས། ཐུན་མོང་ལ་དབང་བའི་ས་ཞིང་བསྡུས་སྤྱོད་བྱས་ནས་ཁྲིམས་ལྟར་ལུགས་མཐུན་གྱི་སྐྱིན་ཚབ་སྤྲོད་རྒྱུ།

དོན་ཚན་སོ་ལྔ་བ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་རོང་འབྲོག་སྡེའི་ས་ཞིང་ཁྱིམ་ཚང་གིས་འགན་ལེན་བདག་གཉེར་བྱེད་པའི་འགན་ཁུར་ལམ་ལུགས་གཏན་འཇགས་ཡིན་པ་བྱ་དགོས། ས་ཞིང་འགན་ལེན་གྱི་བདག་གཉེར་དབང་ཆ་ཁྲིམས་ལྟར་རང་འདོད་དང་སྐྱིན་ཚབ་ཡོད་པའི་སྒོས་འཁོར་རྒྱུག་བྱེད་ཆོག རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་ཁྲིམས་ལྟར་རྨོ་ཞིང་སྲུང་སྐྱོང་བྱས་ནས།རྩ་བའི་ས་ཞིང་སྲུང་སྐྱོང་ལམ་ལུགས་ལག་བསྟར་བྱ་དགོས། རྫོང(གྲོང་ཁྱེར)སོ་སོས་ཡུལ་བབ་དང་བསྟུན་ཏེ་འཆར་གཞི་ཡོད་པའི་སྒོ་ནས་རྨོ་བསྐྱུར་ནགས་སྐྱོང་དང་རྩྭ་འདེབས་བྱ་རྒྱུ།

དོན་ཚན་སོ་དྲུག་པ། རང་སྐོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་ཞིང་ལས་མ་དངུལ་གཏོང་ཚད་ཇེ་ཆེར་བཏང་ནས། ཞིང་ལས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱུ། ཞིང་ལས་ཀྱི་སྣ་འཛོམས་ཞབས་ཞུ་མ་ལག་འཛུགས་པ་དང་འཐུས་ཚང་དུ་བཏང་ནས། ཞིང་ལས་ཀྱི་སྤྱོད་གོ་ཆོད་པའི་ལག་རྩལ་ཁྱབ་གདལ་གཏོང་བ་དང་། ཁྱད་ཆོས་ཐོན་ལས་གོང་འཕེལ་གཏོང་བ། སྣ་མང་བདག་གཉེར་སྤེལ་བ། ཞིང་བའི་ཡོང་སྒོ་མང་དུ་བཏང་ནས། ཞིང་ལས་ཐོན་ལས་ཅན་གྱི་འཕེལ་ཚད་ལ་སྐུལ་འདེད་གཏོང་རྒྱུ། རང་སྐྱོང་ཁུལ་གྱིས་གསར་སྣོན་འཛུགས་སྐྲུན་དུ་བཀོལ་བའི་ས་ཞིང་སྐྱིན་ཚབ་ཡོད་པའི་བཀོལ་སྤྱོད་གྱི་གྲོན་དངུལ་ཞིང་ཆེན་ལ་ཁག་ཅིག་སྤྲོད་དགོས་པ་ཚང་མ་ཕྱིར་རང་སྐྱོང་ཁུལ་ལ་སློག་རྗེས། ས་ཞིང་གསར་སྤེལ་ལེགས་སྒྲིག་དང་ཐོན་འབབ་དམའ་འབྲིང་གི་ཞིང་ཁ་བསྒྱུར་བཀོད་དུ་ཆེད་སྤྱོད་བྱ་རྒྱུ།

དོན་ཚན་སོ་བདུན་པ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་རྩྭ་ཐང་དོ་དམ་དང་སྲུང་སྐྱོང་། འཛུགས་སྐྲུན་བཅས་ལ་ཤུགས་སྣོན་རྒྱུ། ཞན་འགྱུར་དང་བྱེ་འགྱུར། བ་ཚྭར་འགྱུར་བ། ཨ་བྲ་དང་འབུས་གནོད་འཚེ་གཏོང་བ། ས་ཆུ་ཤོར་བའི་རྩྭ་ཐང་བཅས་ལ་ཕྱོགས་བསྡུས་བཅོས་སྐྱོང་བྱས་ནས་རྩྭ་ཐང་གི་སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་སུ་གཏོང་རྒྱུ། རང་སྐྱོང་ཁུལ་ནང་ཁོངས་ཀྱི་རྩྭ་ཐང་ཁྱིམ་ཚང་གིས་འགན་ལེན་བྱེད་པའི་བདག་གཉེར་འགན་ཁུར་ལམ་ལུགས་ལག་ལེན་དུ་བསྟར་རྒྱུ། རྩྭ་ཐང་འགན་ལེན་བྱེད་པའི་བདག་གཉེར་དབང་ཆ་ཁྲིམས་ལྟར་རང་འདོད་དང་སྐྱིད་ཚབ་ཡོད་པའི་སྒོས་འཁོར་རྒྱུག་བྱེད་ཆོག ལུགས་མཐུན་གྱིས་རྩྭ་ཐང་བཀོལ་སྤྱོད་བྱེད་པ་དང་། རྩྭ་ལྟར་ཕྱུགས་ཟོག་གཏན་ཁེལ་བྱ་དགོས་པ་ལས། ཚད་བརྒལ་གྱིས་ཕྱུགས་ཟོག་སྐྱོང་བ་གཏན་འགོག་བྱས་ཏེ་རྩ་ཕྱུགས་དོ་སྙོམས་ཡོང་བ་རྒྱུན་སྲུང་བྱ་རྒྱུ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་འབྲོག་ཁུལ་འབྲོག་དམངས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་བཅོས་བྱེད་པར་མཐོང་ཆེན་བྱ་རྒྱུ་དང་། འབྲོག་དམངས་ཀྱིས་རྩྭ་ཐང་དྲ་བས་སྐོར་བ་དང་། གཟན་རྩྭ་དང་གཟན་ཆས་གསོག་འཇོག་བྱེད་པ། ཕྱུགས་ཟོག་ལ་ལྷས་ར་སྐྲུན་པ། མི་ཕྱུགས་ཀྱི་འཐུང་ཆུ་དང་འབྲོག་དམངས་ཀྱི་གཏན་སྡོད་བྱེད་ས་སོགས་ཐོན་སྐྱེད་འཚོ་བའི་སྒྲིག་བཀོད་འཛུགས་སྐྲུན་ལ་བསྟོད་སྐུལ་དང་རྒྱབ་སྐྱོར། སྣེ་ཁྲིད་བཅས་བྱ་རྒྱུ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་ཁྲིམས་ལྟར་རྩྭ་ཐང་ལ་ལྟ་སྐུལ་དོ་དམ་བྱེད་པ་ལག་བསྟར་བྱེད་ཅིང་། ཕན་འབྲས་ལྡན་པས་རྩྭ་སའི་རྩོད་གླེང་འབྱུང་བ་སྔོན་འགོག་དང་ཐག་གཅོད་ལེགས་པོ་བྱ་དགོས། རྩྭ་ཐང་གི་མེ་འགོག་ལེགས་པོར་བསྒྲུབ་རྒྱུ་དང་། རྩྭ་འཛུགས་སམ་ཡང་ན་མི་སྒེར་སུ་དང་གང་གིས་ཀྱང་རྩྭ་ཐང་གི་སྤང་ཤུན་ལ་གཏོར་བརླག་བྱེད་པ་བཀག་འགོག་བྱ་རྒྱུ། རང་སྐྱོང་ཁུལ་གྱི་མངའ་ཁོངས་སུ་ཕྱུགས་ལས་མིན་པས་རྩྭ་ཐང་བེད་སྤྱོད་བྱས་པའི་སྡེ་ཁག་དང་མི་སྒེར་གྱིས་འབྲེལ་ཡོད་གཏན་འབེབས་ལྟར་རྩྭ་ཐང་གི་སྤང་ཤུན་སླར་གསོའི་གྲོན་དངུལ་སྤྲོད་འོས། ཞིང་ཆེན་རིམ་པར་སྤྲོད་རྒྱུའི་སྐོར་དེའི་དངུལ་ཚང་མ་ཕྱིར་རང་སྐྱོང་ཁུལ་ལ་སློག་སྟེ་རྩྭ་ཐང་སྲུང་སྐྱོབ་དང་འཛུགས་སྐྲུན་གྱི་ཕྱོགས་སུ་ཆེད་སྤྱོད་བྱ་རྒྱུ།

དོན་ཚན་སོ་བརྒྱད་པ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་སྟོབས་ཤུགས་ཆེན་པོས་དེང་རབས་ཀྱི་ཕྱུགས་ལས་གོང་སྤེལ་དུ་གཏོང་དགོས་ཤིང་། ཕྱུགས་ལས་ཐད་བེད་སྤྱོད་ཐུབ་པའི་ལག་རྩལ་ཁྱབ་གདལ་དུ་གཏོང་རྒྱུ་དང་། ཚན་རིག་ལྟར་ཕྱུགས་སྐྱོང་བ་རྒྱུན་འཁྱོངས་བྱེད་ཅིང་། ཕྱུགས་ཁྱུའི་གྲུབ་ཚུལ་ལེགས་སྒྱུར་བྱས་ཏེ། ཕྱུགས་ལས་ཀྱི་དཔལ་འབྱོར་ཕན་འབྲས་ཇེ་མཐོར་གཏོང་རྒྱུ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་ཕྱུགས་ཟོག་ལ་རིམས་འགོག་རྣ་རྟགས་རྒྱག་པའི་དོ་དམ་ལམ་ལུགས་ལག་བསྟར་བྱེད་ཅིང་། སྲོག་ཆགས་ཀྱི་རིམས་འགོག་མ་ལག་འཛུགས་པ་དང་འཐུས་ཚང་དུ་བཏང་སྟེ། ཕྱུགས་ལས་ཐོན་རྫས་བདེ་འཇགས་ཡིན་པ་ཁག་ཐེག་བྱ་རྒྱུ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་ཚན་རིག་ལ་བརྟེན་ཕྱུགས་གསོ་སྐྱོང་བྱེད་པ་ཁྱབ་གདལ་དུ་གཏོང་རྒྱུ་དང་། ཕྱུགས་རྒྱུད་ལེགས་སྒྱུར་བྱེད་ཅིང་། འགོ་ནད་འགོག་བཅོས་བྱེད་པར་ཤུགས་བསྣན་ཏེ། ཕྱུགས་ལས་ཀྱི་ཞབས་ཞུའི་མ་ལག་འཐུས་ཚང་དུ་བཏང་ནས། ཕྱུགས་ལས་ཐོན་སྐྱེད་རྒྱུན་མཐུད་བདེ་འཇགས་ངང་གོང་འཕེལ་འབྱུང་བར་སྐུལ་སྤེལ་བྱ་རྒྱུ།

དོན་ཚན་སོ་དགུ་བ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་ཁྲིམས་ལྟར་མངའ་ཁོངས་ཀྱི་ནགས་ཚལ་གྱི་བདག་དབང་དང་བཀོལ་སྤྱོད་དབང་ཆ་གཏན་ཁེལ་བྱེད་ཅིང་། རང་སྐྱོང་ཁུལ་གྱིས་དོ་དམ་བྱས་པའི་ནགས་ཚལ་དང་ནགས་ཤིང་། ནགས་ས་བཅས་ཀྱི་ཐོན་ཁུངས་ཁྲིམས་ལྟར་ནགས་སྲིད་དོ་དམ་དབང་ཆ་ལག་བསྟར་བྱ་རྒྱུ། རང་བྱུང་ནགས་ཚལ་གྱི་སྲུང་སྐྱོབ་ལས་གྲྭ་ལག་བསྟར་བྱས་ཏེ། རི་བཀག་ནགས་གསོ་དང་ནགས་སྲུང་མེ་འགོག གནོད་འབུས་གནོད་འཚེ་གཏོང་བ་འགོག་བཅོས་བྱ་བར་ཤུགས་བསྣན་ཏེ། ནགས་ཚལ་གྱི་ཐོན་ཁུངས་དོ་དམ་དང་བདག་སྐྱོང་བྱ་རྒྱུ། སྡེ་ཁག་དང་མི་སྒེར་སུ་དང་གང་གིས་རང་སྐྱོང་ཁུལ་གྱིས་དོ་དམ་བྱེད་པའི་མངའ་ཁོངས་ཀྱི་ནགས་ཁུལ་དུ་རྩད་ཞིབ་ཇུས་འགོད་དང་། གཏེར་ཁ་སྔོག་འདོན་དང་དེ་མིན་ལས་གྲྭའི་འཛུགས་སྐྲུན་གཞན་དག་བསྡུ་ལེན་དང་བསྡུས་སྤྱོད་བྱེད་པར་ནགས་ཁུལ་གྱི་ས་ཆ་འཛིན་སྤྱོད་དང་ཡང་ན་གནས་སྐབས་སུ་ནགས་ཁུལ་གྱི་ས་ཆ་བེད་སྤྱོད་བྱ་དགོས་ན། ཞིབ་མཆན་དབང་ཚད་ལྟར་རྫོང་རིམ་པ་ཡན་གྱི་ནགས་ལས་སྲིད་འཛིན་གཙོ་གཉེར་ལས་ཁུངས་ཀྱིས་ཞིབ་བཤེར་ཆོག་མཆན་བཀོད་པ་བརྒྱུད་ནས། ཁྲིམས་ལྟར་ནགས་ཁུལ་ས་ཆ་བེད་སྤྱོད་ཆོག་པའི་འཛིན་ཡིག་སྤྲད་རྗེས་སུ། ས་ཞིང་དོ་དམ་ཐད་ཀྱི་འབྲེལ་ཡོད་ཁྲིམས་ལུགས་དང་ཁྲིམས་སྲོལ་ལྟར་ས་ཞིང་ལ་ཞིབ་མཆན་འགོད་པའི་འགྲོ་ལུགས་བསྒྲུབ་རྒྱུ་མ་ཟད། ད་དུང་རྫོང་རིམ་པ་ཡན་གྱི་ནགས་ལས་སྲིད་འཛིན་གཙོ་གཉེར་སྡེ་ཁག་ལ་ནགས་ཚལ་རྩི་ཤིང་སླར་གསོའོ་གྲོན་དངུལ་སྤྲོད་རྒྱུ་དང་། ཆེད་སྤྱོད་མ་དངུལ་དེ་ནགས་ཚལ་རྩི་ཤིང་སླར་གསོའི་ཕྱོགས་སུ་བཀོལ་དགོས། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་ཞིང་ཆེན་མི་དམངས་སྲིད་གཞུང་གི་རང་སྐྱོང་ཁུལ་དང་རྫོང(གྲོང་ཁྱེར)ཐུན་མོང་དང(མི་སྒེར)གྱི་ལོ་དེའི་ཤིང་ཆ་གཅོད་པའི་ཚད་གྲངས་གཞིར་བཟུང་སྟེ། འཆར་གཞི་ཡོད་པའི་སྒོ་ནས་རོང་འབྲོག་པའི་ཐོན་སྐྱེད་འཚོ་བར་ཤིང་ཆ་བཀོད་སྒྲིག་བྱ་རྒྱུ། རང་སྐྱོང་ཁུལ་གྱི་ཁོངས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་ནགས་ལས་འཛུགས་སྐྲུན་གྱི་གཏོང་དངུལ་ཇེ་མང་དུ་གཏོང་རྒྱུ་དང་། ཨར་ལས་ནགས་བཟོ་ལག་བསྟར་བྱས་ནས་ནགས་ཚལ་གྱི་ཁེབས་ཚད་ཇེ་ཆེར་བཏང་སྟེ། གཙང་བོའི་མགོ་ཁུངས་ཀྱི་སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་བྱ་རྒྱུ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་ཁྲིམས་ལྟར་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་དཀོན་པོའི་རིགས་དོ་དམ་དང་སྲུང་སྐྱོབ་བྱས་ཏེ། ཁྲིམས་འགལ་གྱིས་རྔོན་རྒྱག་པ་དང་གཅོད་བསྡུ་བྱེད་པ་བཀག་འགོག་བྱ་དགོས། རང་སྐྱོང་ཁུལ་གྱི་མངའ་ཁོངས་ཀྱི་རྫོང་དང(གྲོང་ཁྱེར)སོ་སོས་རང་བྱུང་སྲུང་སྐྱོབ་ས་ཁུལ་འཛུགས་པར་རང་བྱུང་སྲུང་སྐྱོབ་ས་ཁུལ་ཡོད་སའི་རྫོང་དང(གྲོང་ཁྱེར)མི་དམངས་སྲིད་གཞུང་གིས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་ལ་རེ་ཞུ་བྱས་ནས་ཡིད་འཐད་བྱུང་རྗེས། རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གིས་ཞིང་ཆེན་མི་དམངས་སྲིད་གཞུང་ལ་ཞུས་ནས་ཆོག་མཆན་འཐོབ་དགོས། རང་སྐྱོང་ཁུལ་གྱི་མངའ་ཁོངས་ནང་གི་ཞིང་ཆེན་ཁོངས་གཏོགས་ནགས་ལས་སྡེ་ཁག་གིས་རང་བྱུང་སྲུང་སྐྱོབ་ས་ཁུལ་འཛུགས་པར། ཞིང་ཆེན་ནགས་ལས་གཙོ་གཉེར་ལས་ཁུངས་ཀྱིས་ཞིང་ཆེན་མི་དམངས་སྲིད་གཞུང་ལ་ཞུས་ནས་ཆོག་མཆན་འཐོབ་དགོས།

དོན་ཚན་བཞི་བཅུ་བ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་ཁྲིམས་ལྟར་ཆུའི་ཐོན་ཁུངས་སྲུང་སྐྱོབ་དང་དོ་དམ། ལུགས་མཐུན་སྒོས་གསར་སྤེལ་དང་བཀོལ་སྤྱོད་བྱ་དགོས། ས་ཆུ་སྲུང་སྐྱོབ་བྱ་བར་མཐོང་ཆེན་བྱས་ཏེ་ས་ཆུ་ཤོར་བ་དང་ཆུ་འབག་བཙོག་བཟོ་བ་འགོག་བཅོས་བྱ་རྒྱུ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་རིགས་སྣ་ཚོགས་ཀྱི་དཔལ་འབྱོར་རྩ་འཛུགས་དང་མི་སྒེར་གྱིས་ཁྲིམས་ལྟར་ཆུ་ནུས་ཐོན་ཁུངས་གསར་སྤེལ་དང་བེད་སྤྱོད་བྱེད་པར་བསྟོད་སྐུལ་བྱས་ཏེ། ཆུ་བེད་གློག་ཤུགས་ཀྱི་གོང་འཕེལ་ཇེ་མགྱོགས་སུ་གཏོང་རྒྱུ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་ཆུ་བེད་ལས་གྲྭའི་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ། ཆུ་ལེན་པར་ཆོག་མཆན་འགོད་པའི་ལམ་ལུགས་ལག་བསྟར་བྱ་རྒྱུ། འཆར་གཞི་ཡོད་པའི་སྒོ་ནས་ཐོན་སྐྱེད་ཀྱི་སྤྱོད་ཆུ་དང་། མི་ཕྱུགས་ཀྱི་འཐུང་ཆུའི་གནད་དོན་ཐག་གཅོད་བྱས་ཏེ། བདེ་འཇགས་ཀྱི་ཆུ་དང་སྐྱེ་ཁམས་ཀྱི་ཆུ་སྤྱོད་པ་འགན་ལེན་བྱ་རྒྱུ། རང་སྐྱོང་ཁུལ་གྱིས་བསྡུ་ལེན་བྱས་པའི་ཆུའི་ཐོན་ཁུངས་ཀྱི་གྲོནདངུལ་དེ། ཞིང་ཆེན་རིམ་པར་སྤྱོད་རྒྱུའི་སྐོར་དེའི་དངུལ་ཚང་མ་ཕྱིར་རང་སྐྱོང་ཁུལ་ལ་སློག་སྟེ། ཆེད་དམིགས་སུ་ཆུའི་ཐོན་ཁུངས་ཀྱི་སྲུང་སྐྱོབ་དང་གསར་སྤེལ་ཐད་དུ་བཀོལ་དགོས།

དོན་ཚན་ཞེ་གཅིག་པ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་བཟོ་ལས་དར་རྒྱས་ཁུལ་དང་ཚན་རྩལ་ཡར་རྒྱས་ཁུལ་གྱི་འཐབ་ཇུས་ལག་བསྟར་བྱེད་ཅིང་། ཚོང་རས་ཕྱོགས་སྟོན་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། མ་རྩ་གཏོང་བའི་གྲུབ་ཆ་གཙོ་བོ་སྣ་མང་ཅན་དུ་འགྱུར་བར་བྱ་དགོས། ཚན་རྩལ་གསར་གཏོད་དང་ལག་རྩལ་སྒྱུར་བཅོས་ཇེ་མགྱོགས་སུ་བཏང་ནས། སྲོལ་རྒྱུན་ཐོན་ལས་ཀྱི་སྒྱུར་བཅོས་གོ་གནས་ཇེ་མཐོར་གཏོང་རྒྱུ་དང་། ཞིང་ཕྱུགས་དང་ཆུ་གློག ཡུལ་སྐོར། གཏར་ཐོན་སོགས་རྐང་འཛིན་ཐོན་ལས་གཙོ་གནད་དུ་གསོ་སྐྱོང་བྱེད་ཅིང་། ཞིང་ཕྱུགས་ཐོན་རྫས་ཀྱི་ལས་སྣོན་དང་། ཀྲུང་སྨན་དང་བོད་སྨན་གྱི་སྨན་རྫས། རི་སྐྱེས་ཐོན་རྫས་རྩ་ཆེན་གསར་སྤེལ་དང་ལས་སྣོན་སོགས་བབ་བཟང་ཐོན་ལས་ཀྱི་གོང་འཕེལ་མགྱོགས་སུ་གཏོང་རྒྱུ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་གྲངས་ཉུང་མི་རིགས་ཀྱི་ཁྱད་མཁོ་སྤྱོད་རྫས་ཀྱི་ཐོན་སྐྱེད་གོང་འཕེལ་གཏོང་བར་མཐོང་ཆེན་བྱ་རྒྱུ་དང་། མ་དངུལ་དང་དཔྱ་ཁྲལ་ཐད་ནས་གཟིགས་སྐྱོང་དང་རོགས་སྐྱོར་བྱ་རྒྱུ།

དོན་ཚན་ཞེ་གཉིས་པ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་གཅིག་གྱུར་གྱི་འཆར་འགོད་དང་། རྒྱལ་ཁབ་ཀྱི་རོགས་སྐྱོར། ཐབས་ལམ་མང་བོ་ནས་མ་དངུལ་གྲབས་འཚོལ་བྱེད་པའི་རྩ་དོན་ལྟར། འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་ནས། འགྲིམ་འགྲུལ་སྐྱེལ་འདྲེན་ལས་རིགས་གོང་འཕེལ་དུ་གཏོང་རྒྱུ་དང་། ལམ་སྲིད་དང་སྐྱེལ་སྲིད། གྲུ་སྲིད་ཀྱི་བདེ་འཇགས་དང་འགྲིམ་འགྲུལ་སྐྱེལ་འདྲེན་ཚོང་རའི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་དགོས། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་བརྡ་འཕྲིན་ཐིན་ལས་གོང་འཕེལ་དུ་བཏང་སྟེ། གྲོང་ཁྱེར་དང་གྲོང་གསེབ་དང་མཐའ་ཁུལ་རྒྱང་རིང་ས་ཁུལ་གྱི་སྦྲགས་སྲིད་འཕྲིན་གཏོང་དྲ་བའི་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་རྒྱུ།

དོན་ཚན་ཞེ་གསུམ་པ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་ཁྲིམས་ལྟར་གཏེར་ཁའི་ཐོན་ཁུངས་སྲུང་སྐྱོབ་དང་དོ་དམ། དམིགས་བསལ་གྱིས་སྔོན་ལ་གསར་སྤེལ་དང་བེད་སྤྱོད་བྱ་དགོས། གཏེར་ཁའི་ཐོན་ཁུངས་རྩད་ཞིབ་དང་གསར་སྤེལ་བྱ་རྒྱུར་གཅིག་གྱུར་གྱིས་འཆར་འགོད་བྱེད་ཅིང་། ཆོག་འཐུས་འཛིན་ཡིག་ལམ་ལུགས་དང་རིན་ཡོད་བེད་སྤྱོད་ལམ་ལུགས་ལག་བསྟར་བྱ་དགོས། ཞིང་ཆེན་རྒྱལ་དབང་ས་ཁུངས་དོ་དམ་སྡེ་ཁག་གིས་རང་སྐྱོང་ཁུལ་ནང་ཁོངས་སུ་གཏེར་ཁའི་ཐོན་ཁུངས་ཀྱི་གཏེར་འཚོལ་དབང་ཆ་དང་། གཏེར་ཁ་རྐོ་དབང་ཞིབ་བཤེར་ཆོག་འཐུས་འགོད་དུས་སུ། ཐོག་མར་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གི་བསམ་འཆར་ལ་ཉན་པ་དང་བསྡུ་ལེན་བྱེད་འོས། གཏེར་ཁའི་ཐོན་ཁུངས་ཆུང་གྲས་ཀྱི་གཏེར་འཚོལ་དབང་ཆ་དང་། གཏེར་ཁ་རྐོ་དབང་དེ་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གིས་སྒྲུབ་འགན་རིན་འགྲན་གྱི་རྣམ་པ་སྤྱད་དེ་རིན་ཡོད་སྒྱུར་སྤྲོད་བྱ་རྒྱུ། རང་སྐྱོང་ཁུལ་གྱིས་བསྡུ་ལེན་བྱས་པའི་གཏེར་ཁའི་ཐོན་ཁུངས་ཀྱི་ཁ་གསབ་གྲོན་དངུལ་དང་གཏེར་ལས་དབང་ཆའི་རིན་འབབ་དེ། ཞིང་ཆེན་གྱིས་རང་སྐྱོང་ཁུལ་ལ་དངུལ་ཚང་མ་ཕྱིར་སྤྲོད་པའི་གཟིགས་སྐྱོང་ལོངས་སུ་སྤྱོད་རྒྱུ་དང་། ཆེད་དུ་གཏེར་ཁའི་ཐོན་ཁུངས་སྐྱེ་ཁམས་ཁོར་ཡུག་གི་སྲུང་སྐྱོབ་ཐད་དུ་བཀོལ་དགོས། རང་སྐྱོང་ཁུལ་ནང་ཁོངས་ཀྱི་གཏེར་རིའི་ཁེ་ལས་ཀྱིས་ཁྲིམས་ལྟར་ཐོན་སྐྱེད་བདག་གཉེར་བྱེད་འོས་ཤིང་། གཏེར་ཁའི་ས་ཁུལ་དང་དེ་མིན་མཐའ་མཚམས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུ་དང་། འཛིན་སྤྱོད་བྱེད་པའི་ས་ཞིང་དང་། རྩྭ་ཐང་། ནགས་ཁུལ་ས་ཆའི་བདག་པོའམ་ཡང་ན་འགན་ལེན་བདག་གཉེར་མཁན་ལ་འོས་འཚམ་གྱིས་ཁ་གསབ་སྟེར་དགོས།

དོན་ཚན་ཞེ་བཞི་བ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་ཡུལ་སྐོར་ཐོན་ལས་ཀྱི་འཆར་འགོད་གཏན་ཁེལ་དང་འཐུས་ཚང་དུ་བཏང་སྟེ། རང་བྱུང་མཛེས་ལྗོངས་དང་མི་རིགས་རིག་གནས་དང་། དམངས་སྲོལ་གོམས་འདྲིས། ལོ་རྒྱུས་ཤུལ་རྫས་སོགས་ཡུལ་སྐོར་ཐོན་ཁུངས་ཀྱི་བབ་བཟང་ལ་བརྟེན་ནས། རང་ཉིད་ཀྱི་ཁྱད་ཆོས་ལྡན་པའི་གནས་སྐོར་ལས་གཞི་དང་ཡུལ་སྐོར་ཐོན་རྫས་གསར་སྤེལ་བྱེད་ཅིང་། ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་རྒྱུ་དང་། ཡུལ་སྐོར་མཛེས་ལྗོངས་ཁུལ་དང་། མཛེས་ལྗོངས་ས་ཆའི་གོ་གནས་ཇེ་མཐོར་གཏོང་བ་དང་སྒྱུར་བཀོད་ལ་ཤུགས་བསྣན་ཏེ། ཡུལ་སྐོར་ཞབས་ཞུའི་སྤུས་ཚད་ཇེ་མཐོར་བཏང་ནས་ཡུལ་སྐོར་ཚོང་ར་གསར་སྤེལ་བྱས་ཏེ། ཀན་ལྷོའི་ཁྱད་ཆོས་ལྡན་པའི་ཡུལ་སྐོར་ཐོན་རྫས་གསར་སྤེལ་བྱ་རྒྱུ། རང་སྐྱོང་ཁུལ་ནང་ཁོངས་ཀྱི་ཞིང་ཆེན་ལ་གཏོགས་པའི་ནགས་ཚལ་སྡེ་ཁག་གིས་ནགས་ཚལ་གྱི་སྐྱེ་ཁམས་ཡུལ་སྐོར་གསར་སྤེལ་བྱེད་པར། དེ་ཡོད་སའི་རྫོང(གྲོང་ཁྱེར)མི་དམངས་སྲིད་གཞུང་གི་ཡུལ་སྐོར་འཆར་འགོད་དང་ཕན་ཚུན་མཐུད་དགོས། ཡུལ་སྐོར་འཛུགས་སྐྲུན་གྱི་ལས་གཞི་དེས་ས་གནས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྣེ་ཁྲིད་དང་སྐུལ་འདེད་བྱེད་པར་བསམ་གཞིགས་གང་ལེགས་བཏང་སྟེ། ས་གནས་ཀྱི་རོང་འབྲོག་དམངས་ཡུལ་སྐོར་ཞབས་ཞུའི་ལས་རིགས་སུ་ཞུགས་པར་རོགས་རམ་བྱས་ཏེ། མི་རིགས་ཀྱི་ཡུལ་སྲོལ་གོམས་འདྲིས་ཀྱི་ཡུལ་སྐོར་གོང་འཕེལ་དུ་གཏོང་དགོས།

དོན་ཚན་ཞེ་ལྔ་བ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་བསྟོད་སྐུལ་དང་རྒྱབ་སྐྱོར། ཁྲིད་སྟོན་བཅས་བྱ་དགོས། སྤྱི་དབང་མིན་པའི་ལམ་ལུགས་ཀྱི་ཁེ་ལས་ཀྱིས་མ་རྩ་གཏོང་བ་དང་། དངུལ་རྩ་མཉམ་སྡེབ། ཁྲལ་བསྡུ། ས་ཞིང་བཀོལ་སྤྱོད་དང་ཕྱི་ཕྱོགས་ཉོ་ཚོང་སོགས་ཀྱི་ཕྱོགས་སུ་རྒྱལ་ཁབ་ཀྱི་གཟིགས་སྐྱོང་སྲིད་ཇུས་ལོངས་སུ་སྤྱོད་རྒྱུ། སྤྱི་ཚོགས་ཀྱི་མ་རྩ་དེ་རྒྱལ་དབང་དང་ཐུན་མོང་ཁེ་ལས་ཀྱི་ལུགས་སྒྱུར་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། སྤྱི་སྤྱོད་ལས་དོན་གྱི་འཛུགས་སྐྲུན་དུ་ཞུགས་པར་བསྟོད་སྐུལ་བྱ་རྒྱུ།

དོན་ཚན་ཞེ་དྲུག་པ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་བྱེད་ཐབས་གཏན་འབེབས་བྱས་ཏེ། མ་རྩ་གཏོང་བ་དང་བདག་གཉེར་ཁོར་ཡུག་ལེགས་སྒྱུར་བྱེད་ཅིང་། རྣམ་པ་སྣ་མང་སྤྱད་དེ་ཚོང་འགུག་དངུལ་འདྲེན་དང་། དཔལ་འབྱོར་ལག་རྩལ་མཉམ་འབྲེལ་སྤེལ་རྒྱུ་དང་། མ་དངུལ་དང་ལག་རྩལ། ཤེས་ལྡན་མི་སྣ་ཚུར་འགུག་བཅས་བྱས་ཏེ། རང་སྐྱོང་ཁུལ་གྱི་གསར་སྤེལ་དང་འཛུགས་སྐྲུན་དུ་ཞུགས་སུ་འཇུག་དགོས། རང་སྐྱོང་ཁུལ་གྱི་ནང་ཁོངས་སུ་ཐོན་ཁུངས་རང་བཞིན་གྱི་ཁེ་ལས་ཁྲིམས་མི་གསར་སྤེལ་བྱས་ཏེ། ས་གནས་དེ་གར་ཁྲིམས་ལྟར་ཁྲལ་དངུལ་སྤྲོད་དགོས།

དོན་ཚན་ཞེ་བདུན་པ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཚོང་རྫས་བརྗེ་རེས་ཚོང་ར་དང་རིགས་སྣ་ཚོགས་ཀྱི་ཆེད་ལས་ཚོང་ར་གོང་འཕེལ་དུ་བཏང་ནས། མཚམས་སྦྱོར་ཞབས་ཞུའི་སྡེ་ཁག་འཛུགས་པ་དང་འཐུས་ཚང་དུ་གཏོང་རྒྱུ་དང་། ལས་རིགས་སྣ་ཚོགས་ཀྱི་མཐུན་ཚོགས་དང་ཚོང་གཉེར་ཚོགས་པ་སོགས་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ། འཁོར་རྒྱུག་ལས་རིགས་ཀྱི་གོང་འཕེལ་ལ་སྐུལ་སྤེལ་གཏོང་དགོས། ཡིད་རྟོན་ཞབས་ཞུའི་མ་ལག་འཛུགས་པ་དང་འཐུས་ཚང་དུ་བཏང་སྟེ། ཡིད་རྟོན་ལྟ་སྐུལ་དང་ཚིག་ཐོག་ཏུ་མི་གནས་པར་ཆད་པ་གཅོད་པའི་ལམ་ལུགས་ཚད་ལྡན་དུ་གཏོང་དགོས།

དོན་ཚན་ཞེ་བརྒྱད་པ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་རྒྱལ་ཁབ་ཀྱི་མི་རིགས་ཉོ་ཚོང་ཕྱོགས་ཀྱི་སྲིད་ཇུས་གཏན་འབེབས་དང་དོན་དངོས་ཀྱི་དགོས་མཁོ་གཞིར་བཟུང་སྟེ། ཧུར་བརྩོན་གྱིས་གོང་རིམ་རྒྱལ་ཁབ་ལས་ཁུངས་ཀྱིས་མི་རིགས་ཉོ་ཚོང་གི་ཕྱོགས་སུ་མ་དངུལ་གཏོང་བ་དང་། དངུལ་རྩ་འཇོག་པ། ཁྲལ་བསྡུ་བ་སོགས་ཀྱི་ཕྱོགས་སུ་རོགས་སྐྱོར་གནང་བ་བརྩོན་ལེན་བྱ་རྒྱུ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་ཕྱི་ཕྱོགས་དཔལ་འབྱོར་ཉོ་ཚོང་དང་ལག་རྩལ་མཉམ་འབྲེལ་སྤེལ་ཏེ། བབ་བཟང་ཐོན་རྫས་ཕྱི་ལ་འདྲེན་པར་སྐུལ་སྤེལ་གཏོང་རྒྱུ། ཕྱི་ཕྱོགས་དཔལ་འབྱོར་ཉོ་ཚོང་གི་བྱ་འགུལ་ཁྲོད་རྒྱལ་ཁབ་ཀྱི་གཟིགས་སྐྱོང་སྲིད་ཇུས་ལོངས་སུ་སྤྱོད་རྒྱུ།

དོན་ཚན་ཞེ་དགུ་བ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཛུགས་སྐྲུན་འཆར་འགོད་གཏན་འབེབས་བྱས་ཏེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཛུགས་སྐྲུན་གཏོང་དངུལ་ཇེ་མང་དུ་གཏོང་རྒྱུ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་བའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་སྟེ། གྲོང་རྡལ་སྡོད་དམངས་དང་རོང་འབྲོག་དམངས་ཀྱི་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་ལེགས་བཅོས་བྱེད་ཅིང་། ས་གནས་ཀྱི་ཁྱད་ཆོས་ལྡན་པ་དང་མི་རིགས་ཀྱི་རྣམ་པ་ལྡན་པའི་གྲོང་རྡལ་ཆུང་བ་འཛུགས་སྐྲུན་བྱས་ཏེ། རོང་འབྲོག་སྡེ་བའི་དཔལ་འབྱོར་དང་། རིག་གནས། སྤྱི་ཚོགས་ཀྱི་ལས་དོན་སོ་སོ་གོང་འཕེལ་དུ་གཏོང་བར་སྐུལ་ཁྲིད་བྱ་རྒྱུ།

དོན་ཚན་ལྔ་བཅུ་བ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་གོང་རིམ་རྒྱལ་ཁབ་ལས་ཁུངས་ཀྱི་རོགས་སྐྱོར་འོག་ཏུ། གཅིག་གྱུར་གྱིས་འཆར་འགོད་དང་རིམ་བགོས་དོ་དམ་བྱེད་པ་ལག་བསྟར་བྱས་ཏེ། ཤུགས་ཆེན་པོས་དབུལ་སྐྱོར་གསར་སྤེལ་བྱེད་ཅིང་། དབུལ་ཕོངས་མང་ཚོགས་དབུལ་ཐར་ཕྱུག་འགྱུར་བྱེད་པར་རོགས་སྐྱོར་བྱ་རྒྱུ།

ལེའུ་ལྔ་བ། ནོར་སྲིད་དངུལ་རྩའི་དོ་དམ།

དོན་ཚན་ང་གཅིག་པ། རང་སྐྱོང་ཁུལ་གྱི་ནོར་སྲིད་ནི་རྒྱལ་ཁབ་ཀྱི་རིམ་པ་དང་བོའི་ས་གནས་ཀྱི་ནོར་སྲིད་ཡིན། རང་སྐྱོང་ལས་ཁུངས་ཀྱིས་རྒྱལ་ཁབ་ཀྱི་འབྲེལ་ཡོད་ཁྲིམས་ལུགས་དང་ཁྲིམས་སྲོལ་གཞིར་བཟུང་སྟེ། རང་ཐག་རང་གཅོད་ཀྱིས་རང་སྐྱོང་ཁུལ་གྱི་ས་གནས་་ནོར་སྲིད་དོ་དམ་བྱེད་ཅིང་།རང་ཐག་རང་གཅོད་ཀྱིས་རང་སྐྱོང་ཁུལ་ལ་གཏོགས་པའི་ནོར་སྲིད་ཡོང་སྒོ་བཀོད་སྒྲིག་དང་བེད་སྤྱོད་བྱ་རྒྱུ་དང་། རང་འདོད་ཀྱིས་ཡོང་སྒོའི་ཚད་བརྒལ་བསྡུ་ལེན་དང་འགྲོ་སྒོའི་ལྷག་གྲངས་མ་དངུལ་བཀོད་སྒྲིག་བྱ་རྒྱུ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་ལོ་འཁོར་གྱི་སྔོན་རྩིས་རྒྱག་དུས་སུ། སྔོན་རྩིས་ལས་གཞི་ཁ་ཤས་སྒྱུར་བཅོས་བྱ་དགོས་བ་བྱུང་ན། ངེས་པར་དུ་རང་སྐྱོང་ཁུལ་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞིབ་བཤེར་དང་ཆོག་མཆན་འགོད་པར་ཡར་ཞུ་བྱ་རྒྱུ། རང་སྐྱོང་ཁུལ་གྱི་ནོར་སྲིད་ཀྱིས་འགྲོ་སྒོ་སྔོན་རྩིས་རྒྱག་པ་བཀོད་སྒྲིག་བྱེད་དུས་སུ། རྒྱལ་ཁབ་ཀྱི་གཏན་འབེབས་ལྟར། མི་རིགས་ཀྱི་སྐབས་བསྟུན་མ་དངུལ་དང་གྲ་སྒྲིག་མ་དངུལ་འཛུགས་དགོས།

དོན་ཚན་ང་གཉིས་པ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་ཁྲིམས་ལྟར་རྒྱལ་ཁབ་ཀྱི་ནོར་སྲིད་ཕྱོགས་ཀྱི་མི་རིགས་རང་སྐྱོང་ས་གནས་ཀྱི་གཟིགས་སྐྱོང་སྲིད་ཇུས་ལོངས་སུ་སྤྱོད་རྒྱུ། རང་སྐྱོང་ཁུལ་གྱི་ནོར་སྲིད་ཡོང་སྒོས་འགྲོ་སྒོ་སུབ་མི་ཐུབ་པའི་སྐབས་སུ། གོང་རིམ་ནོར་སྲིད་ལས་ཁུངས་ལ་ཞུས་ནས་སྒྱུར་སྤོ་གཏོང་སྤྲོད་ཀྱི་ཤུགས་ཚད་ཇེ་ཆེར་བཏང་སྟེ་སྐབས་ཐོག་ནོར་སྲིད་ཀྱི་ཁ་གསབ་རོགས་སྐྱོར་གནང་རྒྱུ།

དོན་ཚན་ང་གསུམ་པ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་འགྲོ་སྒོ་སྣ་ཚོགས་གཏོང་བའི་ཚད་གཞི་དང་གཏན་ཁེལ་མི་གྲངས། གཏན་ཁེལ་དངུལ་གྲངས་དེ་རང་སྐྱོང་ས་གནས་ཀྱི་དོན་དངོས་གནས་ཚུལ་དང་རྒྱལ་ཁབ་ཀྱི་གཏན་འབེབས་དང་མཐུན་ཚེ། རང་སྐྱོང་ལས་ཁུངས་ཀྱིས་རྒྱལ་ཁབ་ཀྱིས་གཏན་འབེབས་བྱེད་པའི་རྩ་དོན་ལྟར། དོནདངོས་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ་ལུགས་མཐུན་གྱི་ཁ་གསབ་གཏན་འབེབས་དང་ཞིབ་ཕྲའི་བྱེད་ཐབས་གཏན་ཁེལ་བྱས་ཏེ། ཀན་སུའུ་ཞིང་ཆེན་མི་དམངས་སྲིད་གཞུང་ལ་ཡར་ཞུ་བྱས་ནས་ཆོག་མཆན་ཐོབ་རྗེས་ལག་བསྟར་བྱེད་ཆོག

དོན་ཚན་ང་བཞི་བ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་གོང་རིམ་རྒྱལ་ཁབ་ལས་ཁུངས་ནས་སྤྲད་པའི་རང་སྐྱོང་ཁུལ་གྱི་ཆེད་སྤྱོད་མ་དངུལ་དང་། མི་རིགས་ཀྱི་ཁ་གསབ་མ་དངུལ། རྣམ་པ་སྣ་ཚོགས་ཀྱི་སྒྱུར་སྤོ་གཏོང་སྤྲོད་ཀྱི་མ་དངུལ་ཚང་མ་ཆེད་དངུལ་ཆེད་སྤྱོད་བྱ་དགོས། སྡེ་ཁག་དང་མི་སྒེར་སུ་དང་གང་གིས་ཀྱང་ཉུང་འཐེན་དང་ཉར་འཇོག བཀོལ་སྤྱོད་བཅས་བྱེད་མི་ཆོག

དོན་ཚན་ང་ལྔ་བ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་སློབ་གསོའི་ལས་དོན་ལ་གཏོང་བའི་མ་དངུལ་རིམ་གྱིས་ཇེ་མཐོར་གཏོང་རྒྱུ་དང་། དེའི་འཕར་གྲངས་ཀྱི་བསྡུར་ཚད་དེ་ལོ་དེའི་ནོར་སྲིད་ཀྱི་རྒྱུན་ལྡན་ཡོང་སྒོའི་འཕར་གྲངས་བསྡུར་ཚད་ལས་མཐོ་དགོས། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་ཚན་རིག་ཞིབ་འཇུག་དང་ཚན་རྩལ་ཁྱབ་གདལ་དང་ཁྱབ་སྤེལ་གཏོང་བའི་གྲོན་དངུལ་ཇེ་མཐོར་གཏོང་རྒྱུ་དང་། དེའི་འཕར་གྲངས་ལོ་དེའི་ནོར་སྲིད་ཀྱི་རྒྱུན་ལྡན་ཡོང་སྒོའི་འཕར་གྲངས་ཀྱི་བསྡུར་ཚད་ལས་མཐོ་དགོས།

དོན་ཚན་ང་དྲུག་པ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་རྒྱལ་ཁབ་དང་ཀན་སུའུ་ཞིང་ཆེན་གྱི་དཔྱ་ཁྲལ་གཅོག་པའི་གཟིགས་སྐྱོང་སྲིད་ཇུས་གཞིར་བཟུང་ནས། ཁེ་ལས་དང་ཡང་ན་བདག་གཉེར་ལས་གཞི་ལ་ཁྲལ་བསྡུའི་ཐད་ནས་དམིགས་བསལ་སྟེར་དགོས་ན། ཀན་སུའུ་ཞིང་ཆེན་མི་དམངས་སྲིད་གཞུང་ལ་ཡར་ཞུ་བྱས་ཏེ་ཆོག་མཆན་ཐོབ་པ་བརྒྱུད་དེ་ཁྲལ་ཉུང་བསྡུ་དང་ཁྲལ་གཅོག་ཆོག

དོན་ཚན་ང་བདུན་པ། རང་སྐྱོང་ཁུལ་ནང་ཁོངས་ཀྱི་དངུལ་རྩའི་སྡེ་ཁག་གིས་ས་གནས་དེའི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ལས་རིགས་སྣ་ཚོགས་གོང་འཕེལ་གྱི་རོགས་སྐྱོར་ཤུགས་ཚད་ཇེ་ཆེར་གཏོང་རྒྱུ། གཏན་འཇགས་མ་རྩའི་དངུལ་གཏོང་ལས་གཞི་དང་། དབུལ་སྐྱོར་ལས་གཞིའམ། རྒྱལ་ཁབ་གྱི་ཐོན་ལས་སྲིད་ཇུས་དང་མཐུན་པའི་ཁེ་ལས་ལ། ཡིད་རྟོན་དངུལ་བུན་གཏོང་བའི་ཐད་ནས་གནད་ཆེའི་རོགས་སྐྱོར་བྱ་རྒྱུ།

 དོན་ཚན་ང་བརྒྱད་པ། རང་སྐྱོང་ཁུལ་གྱི་ཞིབ་བཤེར་ལས་ཁུངས་ཀྱི་ཁྲིམས་ལུགས་ཀྱི་གཏན་འབེབས་གཞིར་བཟུང་སྟེ། རང་ཚུགས་ཀྱིས་ཞིབ་བཤེར་ལྟ་སྐུལ་དབང་ཆ་སྤྱད་ནས་རིམ་པ་དེ་གའི་མི་དམངས་སྲིད་གཞུང་དང་རིམ་པ་གོང་མའི་ཞིབ་བཤེར་སྡེ་ཁག་ལ་འགན་འཁུར་དགོས།

ལེའུ་དྲུག་པ། སྤྱི་ཚོགས་ཀྱི་ལས་དོན།

དོན་ཚན་ང་དགུ་བ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་དམིགས་བསལ་སྒོས་སློབ་གསོའི་ལས་དོན་གོང་འཕེལ་དུ་གཏོང་རྒྱུ། རྒྱལ་ཁབ་ཀྱི་སློབ་གསོའི་བྱེད་ཕྱོགས་དང་འབྲེལ་ཡོད་ཁྲིམས་ལུགས་དང་ཁྲིམས་སྲོལ་གཞིར་བཟུང་སྟེ། སློབ་གསོ་གོང་འཕེལ་གྱི་འཆར་འགོད་གཏན་ཁེལ་བྱ་དགོས་ཤིང་། རིམ་པ་ཁག་དང་རིགས་སྣ་ཚོགས་ཀྱི་སློབ་གྲྭའི་སྒྲིག་འཛུགས་དང་སློབ་ཡུན། སློབ་སྒྲུབ་རྣམ་པ། སློབ་ཁྲིད་ཀྱི་ནང་དོན། སློབ་ཁྲིད་ཀྱི་བཀོལ་སྤྱོད་སྐད་ཆ་དང་སློབ་མ་བསྡུ་ཐབས་བཅས་གཏན་འབེབས་བྱ་རྒྱུ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་ལོ་དགུའི་འོས་འགན་སློབ་གསོ་ཁྱབ་གདལ་དང་གཏན་འཇགས་སུ་བཏང་སྟེ། ཡིག་རྨོངས་སེལ་བའི་བྱ་བ་ལེགས་པོར་བསྒྲུབ་དགོས། མཐོ་འབྲིང་སློབ་གསོའི་གོང་འཕེལ་ཇེ་མགྱོགས་སུ་གཏོང་རྒྱུ་དང་། སློབ་ཞུགས་སྔོན་གྱི་སློབ་གསོ་དང་ལས་རིགས་ལག་རྩལ་སློབ་གསོ་ལེགས་པར་སྒྲུབ་ཅིང་། དར་མའི་སློབ་གསོ་དང་དམིགས་བསལ་སློབ་གསོར་མཐོང་ཆེན་བྱས་ཏེ། མཐོ་རིམ་སློབ་གསོ་རིམ་གྱིས་གོང་འཕེལ་གཏོང་རྒྱུ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་རིགས་སྣ་ཚོགས་ཀྱི་སློབ་གྲྭའི་བསམ་བློ་ཀུན་སྤྱོད་ཀྱི་སློབ་གསོའི་བྱ་བ་དང་སློབ་གྲྭའི་བདེ་འཇགས་བྱ་བར་ཤུགས་སྣོན་དགོས། སློབ་སྒྲུབ་ཆ་རྐྱེན་ལེགས་བཅོས་བྱས་ཏེ། སློབ་གསོའི་བརྡ་འཕྲིན་ཅན་གྱི་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། རྒྱང་ཁྲིད་སློབ་གསོ་གོང་འཕེལ་དུ་གཏོང་དགོས་ཤིང་། སློབ་གསོའི་སློབ་ཁྲིད་ཀྱི་ཞིབ་འཇུག་ལ་མཐོང་ཆེན་བྱ་རྒྱུ་དང་། ཕྱོགས་ཡོངས་ནས་བྱང་ཚད་སློབ་གསོ་ལག་བསྟར་བྱས་ཏེ། སློབ་གསོའི་སློབ་ཁྲིད་ཀྱི་སྤུས་ཚད་དང་དོ་དམ་ཆུ་ཚད་ཇེ་མཐོར་གཏོང་དགོས།

དོན་ཚན་དྲུག་ཅུ་བ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་མི་རིགས་སློབ་གསོ་གོང་འཕེལ་དུ་བཏང་སྟེ། ཞག་འདུག་ལམ་ལུགས་ཀྱི་སློབ་གྲྭ་འབྲིང་ཆུང་ལེགས་པོར་བསྒྲུབ་རྒྱུ། སློབ་མའི་འཚོ་བའི་ཁ་གསབ་མ་དངུལ་དང་སློབ་ཞུགས་རོགས་སྐྱོར་མ་དངུལ་དེ་རང་སྐྱོང་ཁུལ་དང་རྫོང(གྲོང་ཁྱེར)གི་ནོར་སྲིད་སྔོན་རྩིས་སུ་འགོད་རྒྱུ་དང་། སློབ་མས་འོས་འགན་སློབ་གསོའི་དུས་རིམ་གྱི་སློབ་སྦྱོང་ལས་འགན་འགྲུབ་རྒྱུ་ཁག་ཐེག་བྱ་རྒྱུ། རང་སྐྱོང་ཁུལ་ནང་ཁོངས་སུ་བོད་རིགས་སློབ་མ་གཙོ་བྱས་ཏེ་བསྡུ་བའི་སློབ་ཆུང་དང་སློབ་འབྲིང་ཁག་གིས་བོད་ཀྱི་སྐད་ཡིག་དང་རྒྱའི་སྐད་ཡིག་སྟེ། “སྐད་གཉིས”སློབ་ཁྲིད་ལག་བསྟར་བྱེད་ཅིང་། ཕྱི་རྒྱལ་སྐད་ཡིག་གི་སློབ་ཁྲིད་འཛུགས་རྒྱུ། རང་སྐྱོང་ཁུལ་གྱི་འོས་འགན་སློབ་གསོའི་དུས་རིམ་གྱི་སློབ་མར་སློབ་ཡོན་དང་སློབ་དེབ་ཀྱི་རིན་པ་གཅོག་པའི་གཟིགས་སྐྱོང་གནང་བ་ལོངས་སུ་སྤྱོད་རྒྱུ།

དོན་ཚན་རེ་གཅིག་པ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་དགེ་རྒན་གྱི་རྒྱུན་མཐུད་སློབ་གསོའི་བྱ་བར་ཤུགས་བསྣན་ཏེ། དགེ་རྒན་གྱི་ལས་རིགས་ཀུན་སྤྱོད་ཀྱི་བྱང་ཚད་དང་ལས་སྒོའི་ཆུ་ཚད་ཇེ་མཐོར་གཏོང་རྒྱུ་དང་། དགེ་རྒན་གྱི་ཚད་ལེན་ལམ་ལུགས་ལག་བསྟར་བྱས་ཏེ། སློབ་ཁྲིད་ཀྱི་སྤུས་ཚད་ཁག་ཐེག་བྱ་རྒྱུ། དགེ་རྒན་ལ་བརྩི་བཀུར་དང་སློབ་གསོར་ཐོང་ཆེན་བྱེད་པར་ཡར་སྐུལ་བྱས་ཏེ། དགེ་རྒན་གྱི་བྱ་བ་དང་འཚོ་བའི་ཆ་རྐྱེན་ལེགས་བཅོས་བྱ་དགོས།

དོན་ཚན་རེ་གཉིས་པ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་ཚན་རིག་ལག་རྩལ་གོང་འཕེལ་གཏོང་བའི་འཆར་འགོད་གཏན་འབེབས་བྱས་ཏེ། རིགས་སྣ་ཚོགས་ཀྱི་ཚན་རིག་ལག་རྩལ་ཞིབ་འཇུག་དང་ཁྱབ་སྤེལ་སྡེ་ཁག་འཛུགས་རྒྱུ་དང་། ཚན་ལག་རྩལ་ཤེས་བྱ་ཁྱབ་གདལ་དུ་བཏང་སྟེ། བེད་སྤྱོད་ཆོག་པའི་ལག་རྩལ་ཁྱབ་སྤེལ་བཀོལ་སྤྱོད་བྱེད་པར་ཤུགས་སྣོན་དགོས། ཚན་རྩལ་རོགས་ལས་སྤེལ་བ་དང་། ཚན་རྩལ་གྲུབ་འབྲས་བརྗེ་རེས་བྱེད་ཅིང་། ཤེས་ཡོན་ཐོན་དབང་སྲུང་སྐྱོབ་བྱས་ཏེ། གསར་གཏོད་དང་གསར་སྐྲུན་བྱེད་པར་བསྟོད་སྐུལ་བྱ་རྒྱུ།

དོན་ཚན་རེ་གསུམ་པ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་བོད་ཀྱི་སྲོལ་རྒྱུན་གྱི་ཕུལ་བྱུང་རིག་གནས་རྒྱུད་འཛིན་དང་དར་སྤེལ་དུ་གཏོང་རྒྱུ་དང་། བོད་ཀྱི་ཁྱད་ཆོས་ལྡན་པའི་རྩོམ་རིག་སྒྱུ་རྩལ་དང་། གསར་འགྱུར་པར་སྐྲུན། རྒྱང་བསྒྲགས་གློག་བརྙན་བརྙན་འཕྲིན། བརྡ་འཕྲིན་དྲ་བ་སོགས་མི་རིགས་ཀྱི་རིག་གནས་ལས་དོན་གོང་འཕེལ་དུ་གཏོང་དགོས། མི་རིགས་རིག་གནས་ཀྱི་ཐོན་ཁུངས་སྲུང་སྐྱོབ་དང་སྔོག་འདོན་བྱས་ཏེ། མི་རིགས་རིག་གནས་ཀྱི་ཐོན་ལས་གསོ་སྐྱོང་དང་གོང་འཕེལ་གཏོང་དགོས།

དོན་ཚན་རེ་བཞི་བ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་བོད་ཀྱི་རིག་གནས་ཞིབ་འཇུག་སྡེ་ཁག་འཛུགས་རྒྱུ་དང་། བོད་ཀྱི་ལོ་རྒྱུས་རིག་གནས་ཀྱི་ཤུལ་རྫས་སྔོག་འདོན་དང་། ལེགས་སྒྲིག་ཞིབ་འཇུག་བྱེད་ཅིང་། གནའ་ཤུལ་གྲགས་ཅན་དང་རྩ་ཆེན་རིག་དངོས་སྲུང་སྐྱོབ་བྱ་རྒྱུ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་བོད་ཀྱི་ཆེད་ལས་རིགས་རྩལ་ཚོགས་པའི་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱུ་དང་། བོད་ཀྱི་རྩོམ་རིག་དང་མཛེས་རྩལ། གླུ་དབྱངས་བྲོ་གར་དང་ཟློས་གར་གྱི་གསར་རྩོམ་དར་རྒྱས་སུ་བཏང་ནས། བོད་ཀྱི་རྩོམ་རིག་སྒྱུ་རྩལ་གོང་དུ་སྤེལ་དགོས། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་སྤྱི་ཕན་རང་བཞིན་གྱི་ལས་དོན་གྱི་གཏོང་དངུལ་ཇེ་མང་དུ་བཏང་ནས། རིག་གནས་ཁང་དང་། དཔེ་མཛོད་ཁང་། རིག་རྫས་བཤམས་སྟོན་ཁང་སོགས་རིག་གནས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་མཐོང་ཆེན་བྱས་ཏེ། མང་ཚོགས་རང་བཞིན་གྱི་རིག་གནས་ལས་དོན་གོང་འཕེལ་འབྱུང་བར་སྐུལ་སྤེལ་གཏོང་དགོས།

དོན་ཚན་རེ་ལྔ་བ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྨན་བཅོས་འཕྲོད་བསྟེན་ལས་དོན་གོང་འཕེལ་དུ་གཏོང་རྒྱུ་དང་། སྤྱི་བའི་འཕྲོད་བསྟེན་མ་ལག་གི་འཛུགས་སྐྲུན་ལ་ཤུགས་སྣོན་དགོས། རོང་འབྲོག་སྡེ་བའི་མཉམ་ལས་སྨན་བཅོས་གསར་བའི་ལམ་ལུགས་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་སྡོད་དམངས་ཀྱི་རྩ་བའི་སྨན་བཅོས་ཉེན་འགོག་ལམ་ལུགས་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྨན་བཅོས་རོགས་སྐྱོར་ལམ་ལུགས་ལག་བསྟར་བྱ་རྒྱུ། རྫོང(གྲོང་ཁྱེར)དང་ཤང(གྲོང་རྡལ)། སྡེ་བ་བཅས་རིམ་པ་གསུམ་གྱི་སྨན་བཅོས་འཕྲོད་བསྟེན་གྱི་ཞབས་ཞུའི་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས་ཤིང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱ་བར་ཤུགས་བསྣན་ཏེ། སྤྱི་བའི་འཕྲོད་བསྟེན་གྱི་གློར་བྱུང་དོན་དག་གི་འཕྲལ་སྒྲུབ་ཐག་གཅོད་ནུས་པ་ཇེ་མཐོར་གཏོང་དགོས། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་ཤུགས་ཆེན་པོས་སྨན་བཅོས་འཕྲོད་བསྟེན་གྱི་ཆ་རྐྱེན་ལེགས་བཅོས་བྱས་ཏེ། རྒྱལ་གཅེས་འཕྲོད་བསྟེན་བྱ་འགུལ་སྤེལ་རྒྱུ་དང་། ས་གནས་ཀྱི་ནད་ཡམས་དང་འགོ་ནད་སྔོན་འགོག་བྱེད་པར་ཤུགས་བསྣན་ཏེ། བྱིས་པ་དང་བུད་མེད། ལོ་ལོན་གྱི་བདེ་སྲུང་བྱ་བ་ལེགས་པོར་བསྒྲུབ་རྒྱུ་དང་། མི་དམངས་ཀྱི་བདེ་ཐང་ཆུ་ཚད་མཐོར་འདེགས་གཏོང་དགོས། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་བོད་ཀྱི་གསོ་བ་རིག་པའི་ཞིབ་འཇུག་དང་བཀོལ་སྤྱོད་ལ་མཐོང་ཆེན་བྱས་ཏེ། སྤྱི་ཚོགས་ཀྱི་སྟོབས་ཤུགས་སྐུལ་སློང་བྱས་ཏེ་སྨན་ཁང་སྒྲུབ་པར་མ་དངུལ་འཇོག་རྒྱུ་དང་། མི་སྒེར་གྱིས་ཁྲིམས་ལྟར་སྨན་བཅོས་བྱེད་ཆོག། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་ཁྲིམས་ལྟར་བཟའ་ཆས་ཀྱི་འཕྲོད་བསྟེན་དང་སྨན་རྫས་ཀྱི་སྤུས་ཚད་བདེ་འཇགས་ཀྱི་ལྟ་སྐུལ་དོ་དམ་ལ་ཤུགས་བསྣན་ཏེ། ཁྲིམས་ལྟར་བཟའ་ཆས་དང་སྨན་རྫས་རྫན་མ་བཟོ་བ་དང་ཉོ་ཚོང་བྱེད་པའི་བྱ་སྤྱོད་ལ་རྡུང་རྡེག་གཏོང་རྒྱུ།

དོན་ཚན་རེ་དྲུག་པ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་མི་རིགས་ཀྱི་སྲོལ་རྒྱུན་གྱི་ལུས་རྩལ་བྱ་འགུལ་སྤེལ་ཏེ། དམངས་ཡོངས་ཀྱི་ལུས་ཕུང་བདེ་ཐང་གི་བྱ་འགུལ་སྤེལ་ནས། མི་རིགས་ཁག་གི་མི་དམངས་ཀྱི་གཟུགས་གཞི་སྔར་ལས་བདེ་ཐང་དུ་གཏོང་དགོས།

དོན་ཚན་རེ་བདུན་པ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་འཆར་ལྡན་བུ་སྐྱེ་ལག་བསྟར་བྱ་རྒྱུ་དང་། ལེགས་སྐྱེ་ལེགས་གསོ་དར་སྤེལ་དུ་བཏང་སྟེ། མི་རིགས་ཁག་གི་མི་གྲངས་ཀྱི་སྤུས་ཚད་ཇེ་མཐོར་གཏོང་དགོས། བོད་རིགས་དང་གྲངས་ཉུང་མི་རིགས་གཞན་དག་གི་བུ་སྐྱེ་དེ། ཁྲིམས་ལུགས་དང་ཁྲིམས་སྲོལ་གྱི་གཏན་འབེབས་ལྟར་འོས་མཐུན་གྱིས་ལྷོད་ཡངས་གཏོང་རྒྱུ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་འཆར་ལྡན་བུ་སྐྱེའི་ལག་རྩལ་ཞབས་ཞུའི་དྲ་བ་འཛུགས་པ་དང་འཐུས་ཚང་དུ་བཏང་སྟེ། གཏན་ཁེལ་མེད་པའི་མི་གྲངས་ཀྱི་འཆར་ལྡན་བུ་སྐྱེའི་དོ་དམ་དང་ཞབས་ཞུའི་བྱ་བར་ཤུགས་སྣོན་དགོས།

དོན་ཚན་རེ་བརྒྱད་པ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་ཁྲིམས་ལྟར་བུད་མེད་དང་ནར་མ་སོན་པ་དང་། ལོ་ལོན་དང་དབང་བོ་སྐྱོན་ཅན་གྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་བྱ་རྒྱུ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་སྤྱི་ཚོགས་འགན་སྲུང་ལས་དོན་ལ་མཐོང་ཆེན་བྱས་ཏེ། ཉེན་སྲུང་དང་རྒུད་སྐྱོབ། སྨན་བཅོས་འཕྲོད་བསྟེན་སོགས་སྤྱི་ཚོགས་འགན་སྲུང་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས།

དོན་ཚན་རེ་དགུ་བ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་ཧུར་བརྩོན་གྱིས་ཆ་རྐྱེན་བསྐྲུན་ཏེ། ལས་ཞུགས་ཀྱི་ཐབས་ལམ་ཇེ་ཆེར་གཏོང་རྒྱུ་དང་། རང་ཇུས་ལས་རིགས་དང་རང་བདག་ལས་གཉེར་བྱེད་པར་སྐུལ་སློང་བྱ་དགོས། རིམ་བཞིན་དུ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ངལ་རྩོལ་ནུས་ཤུགས་ཚོང་ར་འཛུགས་རྒྱུ་དང་། མཁར་གྲོང་གི་ལས་ཞུགས་དང་ངལ་ལས་ཕྱིར་འདྲེན་གྱི་གསོ་སྦྱོང་ཞབས་ཞུའི་མ་ལག་འཐུས་ཚང་དུ་བཏང་སྟེ། ངལ་རྩོལ་བའི་ངལ་རྩོལ་ནུས་རྩལ་ཇེ་མཐོར་གཏོང་དགོས། ལས་ཀ་བ་བཀོལ་བའི་དོ་དམ་ལ་ཤུགས་བསྣན་ཏེ། ཁྲིམས་ལྟར་ངལ་རྩོལ་བའི་ཁྲིམས་མཐུན་ཁེ་དབང་འགན་སྲུང་བྱ་རྒྱུ།

དོན་ཚན་བདུན་ཅུ་བ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་གནམ་གཤིས་དང་ས་འགུལ་སོགས་ཀྱི་གནོད་འཚེ་སྔོན་བརྡ་རྒྱག་པ་དང་གནོད་འགོག་གནོད་སེལ་བྱ་བར་ཤུགས་བསྣན་ཏེ། གློར་བྱུང་དོན་དག་དང་གནོད་འགོག་གནོད་སེལ་གྱི་འཕྲལ་སྒྲུབ་ཐག་གཅོད་སྒྲིག་གཞི་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས།

ལེའུ་བདུན་པ། མི་རིགས་ཀྱི་འབྲེལ་བ།

དོན་ཚན་དོན་གཅིག་པ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་མི་རིགས་འདྲ་མཉམ་དང་། མཐུན་སྒྲིལ། ཕན་ཚུན་རོགས་རམ། འཆམ་མཐུན་ཡོང་བའི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་གོང་འཕེལ་འབྱུང་བར་མཐོང་ཆེན་བྱ་རྒྱུ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་མི་རིགས་ཁག་གི་སྤྱི་དམངས་ཀྱིས་རྩ་ཁྲིམས་དང་ཁྲིམས་ལུགས་ཀྱིས་གཏན་འབེབས་བྱེད་པའི་ཁེ་དབང་ལོངས་སུ་སྤྱོད་པ་འགན་སྲུང་བྱ་རྒྱུ་དང་། རྩ་ཁྲིམས་དང་ཁྲིམས་ལུགས་ཀྱིས་གཏན་འབེབས་བྱེད་པའི་འོས་འགན་ལག་བསྟར་བྱ་རྒྱུ།

དོན་ཚན་དོན་གཉིས་པ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་ཁུལ་ནང་ཁོངས་ཀྱི་སྡོད་གནས་ཐ་ཐོར་ཡིན་པའི་གྲངས་ཉུང་མི་རིགས་དང་མི་རིགས་ཞང་གི་ཁྲིམས་མཐུན་ཁེ་དབང་འགན་སྲུང་བྱ་རྒྱུ་མ་ཟད། ད་དུང་ཁོ་ཚོའི་ཁྱད་ཆོས་ལ་དམིགས་བསལ་གནང་ནས་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ལས་དོན་ཁག་གོང་འཕེལ་ཡོང་བར་རོགས་རམ་བྱ་རྒྱུ།

དོན་ཚན་དོན་གསུམ་པ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་མི་རིགས་ཁག་གི་སྤྱི་དམངས་ལ་ཕན་ཚུན་ཡིད་ཆེས་དང་། ཕན་ཚུན་སློབ་སྦྱོང་། ཕན་ཚུན་ལ་རོགས་རམ། ཕན་ཚུན་གྱི་སྐད་ཡིག་དང་ཡུལ་སྲོལ་གོམས་གཤིས། ཆོས་ལུགས་དད་མོས་ལ་བརྩི་འཇོག་བྱེད་པ་དར་སྤེལ་བཏང་ནས། མི་རིགས་ཁག་གི་མཐུན་སྒྲིལ་སྲུང་སྐྱོབ་བྱེད་ཅིང་། མཉམ་དུ་འཆམ་མཐུན་སྤྱི་ཚོགས་འཛུགས་སྐྲུན་བྱ་རྒྱུ། དོན་ཚན་དོན་བཞི་བ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་རྒྱའི་སྐད་ཡིག་དང་བོད་ཀྱི་སྐད་ཡིག་བེད་སྤྱོད་བྱ་རྒྱུ་དང་། མི་རིགས་ཁག་གི་གཞུང་ལས་མི་སྣས་ཕན་ཚུན་གྱི་སྐད་ཡིག་སློབ་སྦྱོང་བྱེད་པར་བསྟོད་སྐུལ་བྱ་རྒྱུ།

དོན་ཚན་དོན་ལྔ་བ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་མི་རིགས་ཁག་གི་དམིགས་བསལ་གནད་དོན་ཐག་གཅོད་བྱེད་པར། ཕྱོགས་སོ་སོའི་འཐུས་ཚབ་ཀྱིས་གྲོས་མོལ་གང་ལེགས་བྱས་ཏེ། ཐུན་མོང་གི་ལྟ་ཚུལ་ཆགས་པར་འཇུག་རྒྱུ་དང་། ཐག་གཅོད་གང་ལེགས་བྱ་རྒྱུ།

ལེའུ་བརྒྱད་པ། ཞར་བྱུང་།

དོན་ཚན་དོན་དྲུག་པ། ལོ་རེའི་ཟླ10བའི་ཚེས་1ཉིན་ནི་རང་སྐྱོང་ཁུལ་དབུ་བརྙེས་པའི་དྲན་གསོའི་ཉིན་ཡིན་པས། ཉིན་གཅིག་གི་ངལ་གསོ་གནང་རྒྱུ། བོད་ཀྱི་ལོ་སར་སྐབས་ཉིན་གསུམ་གྱི་ངལ་གསོ་གནང་རྒྱུ། དོན་ཚན་དོན་བདུན་པ། སྲོལ་ཡིག་འདི་རང་སྐྱོང་ཁུལ་མི་དམངས་འཐུས་མིའི་ཚོགས་ཆེན་གྱིས་གྲོས་འཆམ་བྱུང་བ་བརྒྱུད་དེ། ཀན་སུའུ་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་ཡར་ཞུ་བྱས་ཏེ་ཆོག་མཆན་བཀོད་རྗེས་སྤྱོད་གོ་ཆོད་པ་ཡིན།

དོན་ཚན་དོན་བརྒྱད་པ། རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གིས་སྲོལ་ཡིག་འདི་ལག་བསྟར་བྱེད་ཐབས་གཏན་འབེབས་བྱེད་འོས།

དོན་ཚན་དོན་དགུ་བ། སྲོལ་ཡིག་འདིའི་འགྲེལ་བཤད་དབང་ཆ་དེ་རང་སྐྱོང་ཁུལ་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་ཡོད།

དོན་ཚན་བརྒྱ་བཅུ་བ། སྲོལ་ཡིག་འདི་བསྒྲགས་པའི་ཉིན་ནས་ལག་བསྟར་བྱ་རྒྱུ།། 

རྩོམ་སྒྲིག་པ། : ཀླུ་མོ་མཚོ།