ཀྲུང་གོ་བོད་ཀྱི་དྲ་བ།

བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གོ་གནས་བསྐོ་འཐེན་བྱ་ཐབས། ༢

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2016-06-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

དོན་ཚན་བཅུ་གཉིས་པ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ནས་བསྐོ་འཐེན་བྱེད་དགོས་པའི་རྒྱལ་ཁབ་ལས་ཁུངས་ཀྱི་ལས་བྱ་ལས་སྒྱུར་རམ་རྒན་ཡོལ་ཞུས་རིགས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ལ་ཁོ་ཚོའི་གོ་གནས་འཐེན་རྒྱུའི་སྙན་ཞུ་འབུལ་དགོས། ལས་གནས་ཐོག་འདས་གྲོང་སོང་རིགས་ཐོག་མའི་གོ་གནས་བསྐོ་གཞག་ཡོང་རེ་ཞུ་མཁན་ལས་ཁུངས་ཀྱིས་དུས་ཐོག་ཏུ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ལ་སྙན་ཐོ་དཔོད་དགོས། 

དོན་ཚན་བཅུ་གསུམ་པ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་དང་། མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་། མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་ཀྲང་བཅས་ཀྱིས་འབུལ་རྒྱུའི་གོ་གནས་བསྐོ་གཞག་སྐོར་གྱི་གྲོས་གཞིའི་རིགས་སྤྱིར་ན་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་འཚོག་རྒྱུའི་ཉིན་བཅོ་ལྔའི་གོང་ནས་འབུལ་དགོས་པ་དང་། དེ་ཡང་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཚོགས་འདུའི་ཐོག་ནས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུར་གྲོས་ཞིབ་གནང་རྒྱུར་འབུལ་དགོས། 

དོན་ཚན་བཅུ་བཞི་པ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུར་གྲོས་ཞིབ་གནང་རྒྱུར་འབུལ་རྒྱུའི་གོ་གནས་བསྐོ་གཞག་བྱེད་རྒྱུའི་གྲོས་གཞིའི་རིགས་བོད་རྒྱ་ཡིག་རིགས་གཉིས་ཀྱི་ཐོག་ནས་འབུལ་དགོས་པ་མ་ཟད། འབྲེལ་ཡོད་དཔྱད་ཡིག་ཀྱང་མཉམ་དུ་འབུལ་དགོས། གོ་གནས་བསྐོ་གཞག་ཡོང་རེ་ཞུ་རྒྱུའི་དཔྱད་ཡིག་ནང་གོ་གནས་བསྐོ་གཞག་བྱེད་རྒྱུའི་མི་དེའི་གཞི་རྩའི་གནས་ཚུལ་དང་གོ་གནས་འཛིན་རྒྱུའི་རྒྱུ་མཚན་དང་དོན་དངོས་དང་ཆ་ཚང་བའི་སྒོ་ནས་འབྲི་དགོས། བསྐོ་གཞག་ཆོག་མཆན་ཡོང་རེ་ཞུ་རྒྱུའི་རིགས་ལ་ངེས་པར་དུ་མི་དམངས་འཐུས་མི་ཚོགས་ཆེན་གྱི་འདེམས་བསྐོ་བྱས་འབྲས་ལྷན་སྦྱར་ཡོད་དགོས། གོ་གནས་འཐེན་རྒྱུ་དང་མེད་པ་བཟོ་རྒྱུའི་གྲོས་གཞིའི་རིགས་ཀྱི་ཞུ་ཡིག་ནང་གོ་གནས་འཐེན་ཡུལ་ལམ་མེད་པ་བཟོ་ཡུལ་མི་དེའི་གཞི་རྩའི་གནས་ཚུལ་དང་། གོ་གནས་འཐེན་རྒྱུའམ་མེད་པ་བཟོ་རྒྱུའི་རྒྱུ་མཚན་གསལ་པོ་འབྲི་དགོས་པ་མ་ཟད། འབྲེལ་ཡོད་དཔྱད་ཡིག་མཁོ་འདོན་བྱེད་དགོས། གོ་གནས་དགོངས་ཞུ་བྱེད་པ་དང་གོ་གནས་འཐེན་རྒྱུའི་ཞུ་རེ་བྱེད་དགོས་རིགས་ངེས་པར་དུ་རང་སྐྱོང་ལྗོངས་ཁོངས་གཏོགས་གྲོང་ཁྱེར་དང་རྫོང(གྲོང་ཁྱེར་ཁོངས་གཏོགས་ཀྱི་རྫོང་དང་ཆུད་ཕུད)མི་དམངས་འཐུས་མི་ཚོགས་ཆེན་ནམ་ཡང་ན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་གོ་གནས་དགོངས་ཞུ་དང་ལེན་གྱི་གཏན་འབེབས་དང་བརྡས་ཐག་བཅད་འབྲས་སམ་ཡང་ན་རང་སྐྱོང་ལྗོངས་ཁོངས་གཏོགས་གྲོང་ཁྱེར་དང་རྫོང(གྲོང་ཁྱེར་ཁོངས་ཀྱི་རྫོང་དང་ཆུད་ཕུད)མི་དམངས་འཐུས་མི་ཚོགས་ཆེན་གྱིས་གོ་གནས་མེད་པ་བཟོས་པའི་གཏན་འབེབས་དང་བརྡས་ཐག་བཅད་འབྲས་ངེས་པར་དུ་ལྷན་སྦྱར་ཡོད་དགོས། 

དོན་ཚན་བཅོ་ལྔ་པ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་གོ་གནས་བསྐོ་འཐེན་ཐད་ཀྱི་ཞིབ་ཕྲའི་ལས་དོན་རྣམས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་འཐུས་མི་མི་དོན་འདེམས་བསྐོ་ལས་དོན་ཨུ་ཡོན་ལྷན་ཁང་གིས་འགན་ཁུར་དགོས།གྲོས་ཞིབ་བྱེད་རྒྱུར་བསྐྱལ་བའི་གོ་གནས་བསྐོ་འཐེན་དང་གོ་གནས་མེད་པ་བཟོ་རྒྱུའི་གྲོས་གཞིའི་རིགས་ལ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་འཐུས་མི་མི་དོན་འདེམས་བསྐོ་ལས་དོན་ཨུ་ཡོན་ལྷན་ཁང་གིས་ཐོག་མའི་ཞིབ་བཤེར་བྱས་ཏེ་གོ་གནས་བསྐོ་འཐེན་བྱེད་ཡུལ་རིགས་ཀྱི་གནས་ཚུལ་གསལ་བཤད་ཁ་གསབ་བྱེད་དགོས་རིགས་ལ་འབྲེལ་ཡོད་ལས་ཁུངས་ཀྱིས་གསལ་བཤད་ཁ་གསབ་བྱེད་དགོས་པ་མ་ཟད། རེ་བ་གཞིར་བཟུང་འབྲེལ་ཡོད་དཔྱད་ཡིག་འབུལ་དགོས། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་འཐུས་མི་མི་དོན་འདེམས་བསྐོ་ལས་དོན་ཨུ་ཡོན་ལྷན་ཁང་ནས་ཐོག་མའི་ཞིབ་བཤེར་བྱས་རྗེས་ཀྲུའུ་རེན་ཚོགས་འདུར་ཞིབ་བཤེར་སྙན་ཞུ་འབུལ་དགོས།

དོན་ཚན་བཅུ་དྲུག་པ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ལ་གོ་གནས་བསྐོ་འཐེན་ཡོང་རེ་ཞུ་རྒྱུའི་གྲོས་གཞི་བསྐྱལ་རིགས་འབྲེལ་ཡོད་ལས་ཁུངས་ཀྱི་འགན་ཁུར་བས་ཀྲུའུ་རེན་ཚོགས་འདུ་དང་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུར་གོ་གནས་བསྐོ་འཐེན་བྱེད་ཡུལ་གྱི་གནས་ཚུལ་ངོ་སྤྲོད་བྱེད་དགོས།

རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་གོ་གནས་བསྐོ་གཞག་བྱེད་རྒྱུའི་གྲོས་གཞིར་གྲོས་ཞིབ་བྱེད་སྐབས་འབྲེལ་ཡོད་ལས་ཁུངས་ནས་ལས་བྱ་ཚོགས་འདུར་བཏང་སྟེ་བསམ་འཆར་ཉན་པ་དང་འདྲི་བའི་རིགས་ལན་འདེབས་བྱེད་དགོས།

དོན་ཚན་བཅུ་བདུན་པ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་གོ་གནས་བསྐོ་འཐེན་བྱེད་རྒྱུའི་གྲོས་གཞི་བརྡས་ཐག་མ་བཅད་གོང་གོ་གནས་བསྐོ་འཐེན་བྱེད་ཡུལ་ལ་རྒྱུན་ལས་ཨུ་ལྷན་གྱི་ཁོངས་མིའི་ནང་བསམ་འཆར་ཆེ་ཙམ་ཡོད་ན་ཀྲུའུ་རེན་ཚོགས་འདུའི་ཐོག་ནས་བསམ་འཆར་ཕུལ་ཏེ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་ཕྱེད་ཀ་ཡན་གྱིས་མོས་མཐུན་བྱུང་ན་གནས་སྐབས་བརྡས་ཐག་མ་བཅད་ན་འགྲིག གནས་སྐབས་བརྡས་ཐག་མ་བཅད་པའི་གོ་གནས་བསྐོ་འཐེན་གྱི་གྲོས་གཞིའི་རིགས་འཐུས་མི་མི་དོན་འདེམས་བསྐོ་ལས་དོན་ཨུ་ཡོན་ལྷན་ཁང་གིས་གོ་གནས་བསྐོ་འཐེན་གྱི་ཞུ་རེ་འབུལ་མཁན་ལ་གནས་ཚུལ་གསལ་བཤད་བྱེད་དགོས་པ་དང་། ཞུ་རེ་འབུལ་མཁན་གྱིས་གོ་གནས་བསྐོ་འཐེན་གྱི་གྲོས་གཞི་དེ་ཕྱིར་འཐེན་བྱས་ན་འགྲིག གལ་ཏེ་ཞུ་རེ་འབུལ་མཁན་གྱིས་བརྡས་ཐག་གཅོད་དགོས་ངེས་རེད་སྙམ་ན་ཀྲུའུ་རེན་ཚོགས་འདུར་འབྲེལ་ཡོད་གནས་ཚུལ་གསལ་བཤད་བྱས་ན་འགྲིག་པ་དང་བརྡས་ཐག་གཅོད་རྒྱུར་འབུལ་དགོས་མིན་ཀྲུའུ་རེན་ཚོགས་འདུའི་ཐོག་ནས་གཏན་འབེབས་བྱེད་དགོས།

རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་གོ་གནས་བསྐོ་གཞག་བྱེད་རྒྱུའི་གྲོས་གཞིར་བརྡས་ཐག་མ་བཅད་གོང་ལ་ཞུ་རེ་འབུལ་མཁན་གྱིས་ཞུ་རེ་ཕྱིར་འཐེན་བྱེད་དགོས་ཚེ་ཡིག་ཐོག་ནས་རྒྱུ་མཚན་གསལ་བཤད་བྱེད་དགོས་པ་དང་དེ་ཡང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཚོགས་འདུའི་ཐོག་ནས་མོས་མཐུན་ཐོབ་དགོས་པ་མ་ཟད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ལ་སྙན་སེང་ཞུས་རྗེས་གོ་གནས་བསྐོ་གཞག་ཡོང་ཞུའི་གྲོས་གཞིར་གྲོས་ཞིབ་བྱེད་མཚམས་འཇོག་དགོས། 

དོན་ཚན་བཅོ་བརྒྱད་པ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རང་སྐྱོང་ལྗོངས་ཀྱི་རྒྱལ་ཁབ་ལས་ཁུངས་ཀྱི་ལས་བྱའི་གོ་གནས་བསྐོ་འཐེན་བྱེད་དགོས་རིགས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ལྷན་འཛོམས་ཚོགས་འདུའི་ཐོག་བརྡས་ཐག་གཅོད་དགོས་ཤིང་། དེ་ཡང་ལག་པ་བརྐྱངས་ནས་བརྡས་ཐག་གཅོད་པ་དང་མིང་མ་བཀོད་པའི་སྤ་སེ་དབྱུག་པའམ་ཡང་ན་བརྡས་ཐག་གཅོད་ཆས་བེད་སྤྱོད་པ་སོགས་གང་རུང་བྱེད་ཆོག་ཅིང་། ཁོངས་མི་ཡོངས་ཀྱི་ཕྱེད་གྲངས་བརྒལ་ན་གྲོས་འཆམ་བྱུང་བ་ཡིན།

རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་རང་སྐྱོང་ལྗོངས་ཀྱི་རྒྱལ་ཁབ་ལས་ཁུངས་ཀྱི་ལས་བྱའི་གོ་གནས་བསྐོ་འཐེན་དང་། བསྐོ་འཐེན་གཏན་འབེབས། བསྐོ་འཐེན་ཆོག་མཆན། གོ་གནས་མེད་པ་བཟོ་བ། གོ་གནས་བརྗེ་པོ་རྒྱག་པ། གོངས་ཞུ་དང་ལེན་ནམ་ཡང་ན་ཆོག་མཆན་སྤྲོད་པ། ས་ཚབ་ཀྱི་མི་འགྲོ་འོས་འདེམས་སམ་ཡང་ན་གཏན་འབེབས་བྱེད་པ། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་ཆད་ལུས་གསབ་འདེམས་བྱེད་པ་དང་འཐུས་མི་རེ་ཟུང་གནས་དབྱུང་གཏོང་བ་བཅས་ཀྱི་སྐབས་སུ་མི་རེ་རེ་བཞིན་བརྡས་ཐག་གཅོད་པའམ་ཡང་ན་རྣམ་གྲངས་སོ་སོ་བྱས་ནས་ཐག་གཅོད་བྱེད་པའི་ཐབས་ཤེས་གང་རུང་སྤྱོད་ཆོག འཐུས་མིའི་འོས་བབ་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཁོངས་མི་དང་ཆེད་དོན་བརྟག་དཔྱད་ཨུ་ཡོན་ལྷན་ཁང་གི་ཁོངས་མི་གྲོས་འཆམ་བྱེད་སྐབས་རྣམ་གྲངས་སོ་སོའི་གདམ་བྱའི་མི་རྣམས་ཟླ་བསྒྲིལ་ནས་བདས་ཐག་གཅོད་རྒྱུའི་བྱ་ཐབས་བཅད་ན་འགྲིག གོ་གནས་གཅིག་མཚུངས་རིགས་བསྐོ་གཞག་དང་མེད་པ་བཟོ་རྒྱུའི་རྣམས་གྲངས་ཁག་གཉིས་དུས་གཅིག་ཏུ་བརྡས་ཐག་གཅོད་དགོས་རིགས་སྔོན་ལ་གོ་གནས་མེད་པ་བཟོ་རྒྱུའི་རྣམ་གྲངས་དེ་བརྡས་ཐག་གཅོད་དགོས་པ་དང་དེ་ནས་གོ་གནས་བསྐོ་གཞག་བྱེད་རྒྱུའི་རྣམས་གྲངས་དེ་བདས་ཐག་གཅོད་དགོས། བརྡས་ཐག་གཅོད་སྐབས་མོས་མཐུན་ཡོད་པ་དང་མོས་མཐུན་མེད་པ་གང་རུང་ཆོག་ལ་དབང་ཆ་དོར་ན་ཡང་འགྲིག བརྡས་ཐག་བཅད་འབྲས་ཚོགས་འདུ་གཙོ་སྐྱོང་བྱེད་མཁན་གྱིས་རང་སར་ཁྱབ་བསྒྲགས་བྱེད་དགོས།

དོན་ཚན་བཅུ་དགུ་པ། 《རྩ་ཁྲིམས་ལ་དམ་བཅའ་འཇོག་རྒྱུའི་ལམ་ལུགས་ལག་བསྟར་བྱ་རྒྱུའི་བོད་རང་སྐྱོང་ལྗོངས་ཀྱི་བྱ་ཐབས》ཀྱི་གཏན་འབེབས་གཞིར་བཟུང་། རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བསྐོ་གཞག་བྱས་པའམ་བསྐོ་གཞག་གཏན་འབེབས་བྱས་པའི་རྒྱལ་ཁབ་ལས་ཁུངས་ཀྱི་ལས་བྱས་འགན་གནས་བཞེས་སྐབས་རྩ་ཁྲིམས་ལ་ཡོངས་བསྒྲགས་སུ་དམ་བཅའ་འཇོག་པའི་མཛད་སྒོ་སྤེལ་རྒྱུ། དམ་བཅའི་མཛད་སྒོ་དེ་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཀྲུའུ་རེན་ཚོགས་འདུས་སྒྲིག་འཛུགས་བྱེད་རྒྱུ། 

དོན་ཚན་ཉི་ཤུ་པ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ལ་གོ་གནས་བསྐོ་གཞག་གནང་རྒྱུར་ཕུལ་བའི་མི་འགྲོ་གྲོས་འཆམ་མ་བྱུང་ཚེ་བསྐོ་གཞག་གནང་རྒྱུར་འབུལ་མཁན་གྱིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ལ་སླར་ཡང་ཐེངས་གཅིག་གྲོས་ཞིབ་གནང་རྒྱུར་ཕུལ་ན་འགྲིག  སྐབས་དེ་གའི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་འགན་ཡུན་ནང་ཐེངས་གཉིས་གྲོས་ཞིབ་གནང་རྒྱུར་ཕུལ་ཀྱང་གྲོས་འཆམ་མ་བྱུང་བའི་རིགས་དེ་གནས་རིམ་གཅིག་མཚུངས་ཀྱི་གོ་གནས་བསྐོ་གཞག་བྱེད་རྒྱུའི་མི་འགྲོར་འདོན་མི་ཆོག 

དོན་ཚན་ཉེར་གཅིག་པ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་བསྐོ་གཞག་བྱས་པའི་རྒྱལ་ཁབ་ལས་ཁུངས་ཀྱི་ལས་བྱར་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ནས་ཀྲུའུ་རེན་གྱི་ས་ཡིག་བཀོད་པའི་བསྐོ་གཞག་ལག་ཁྱེར་སྤྲོད་དགོས། 

གཤམ་གསལ་མི་སྣའི་རིགས་ལ་བསྐོ་གཞག་ལག་ཁྱེར་སྤྲོད་མི་དགོས། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་གཏན་འབེབས་བྱས་པའི་ལས་ཚབ་རིགས་དང་། ཁ་གསབ་བསྐོ་གཞག་བྱས་རིགས། བསྐོ་གཞག་ཆོག་མཆན་སྤྲད་རིགས། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་འཐུས་མིའི་འོས་བབ་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་ཆེད་དོན་བརྟག་དཔྱད་ཨུ་ཡོན་ལྷན་ཁང་གི་ཁོངས་མི་བཅས།

དོན་ཚན་ཉེར་གཉིས་པ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་བསྐོ་གཞག་ཐག་གཅོད་བྱས་པའི་རང་སྐྱོང་ལྗོངས་ཀྱི་ཀྲུའུ་གཞི་གཞོན་པ་རེ་ཟུང་དང་། བསྐོ་གཞག་བྱས་པའི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ལས་དོན་ཚན་པའི་ཀྲུའུ་རེན་དང་ས་གནས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་གྲུབ་ཆའི་སྡེ་ཚན་གྱི་མི་སྣ། རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་། རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་ཀྲང་བཅས་སྤྱིར་ན་ཚོགས་འདུར་ཡོང་ནས་གནས་འཛིན་གཏམ་བཤད་བྱེད་དགོས། གནས་ཚུལ་གྱིས་རྐྱེན་པས་ཡོང་ཐུབ་མིན་བྱུང་ན་ཀྲུའུ་རེན་ཚོགས་འདུར་གནས་ཚུལ་གསལ་བཤད་བྱེད་དགོས།

དོན་ཚན་ཉེར་གསུམ་པ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་བསྐོ་གཞག་བྱས་པའི་རྒྱལ་ཁབ་ལས་ཁུངས་ཀྱི་ལས་བྱར་དྲན་སྐུལ་ཐ་ཚིག་དང་། སྐྱོན་ཐོ་འགོད་པ། སྐྱོན་ཆེན་ཐོ་འགོད། གནས་རིམ་ཕབ་པ་སོགས་ཀྱི་ཆད་པ་ཕོག་རིགས་དེ་སྔ་གོ་གནས་བསྐོ་གཞག་ཡོང་རེ་ཞུ་མཁན་གྱིས་དེ་སྐོར་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་སྙན་ཐོ་དཔོད་དགོས། 

དོན་ཚན་ཉེར་བཞི་པ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་བསྐོ་འཐེན་བྱེད་རྒྱུའི་རྒྱལ་ཁབ་ལས་ཁུངས་ཁག་གི་ལས་བྱའི་རིགས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུའི་ཐོག་གྲོས་འཆམ་མ་བྱས་གོང་ལས་གནས་འཛིན་པ་དང་ལས་གནས་ནས་བྲལ་རིགས་མི་ཆོག་པ་དང་། བསྐོ་གཞག་བྱེད་རྒྱུའི་གོ་གནས་ཕྱི་ལ་ཡོངས་བསྒྲགས་བྱེད་མི་ཆོག

དོན་ཚན་ཉེར་ལྔ་པ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ནས་རྒྱལ་ཁབ་ལས་ཁུངས་ཀྱི་ལས་བྱ་གོ་གནས་བསྐོ་འཐེན་བྱས་རིགས་ཡིག་ཆ་བཏང་ནས་འབྲེལ་ཡོད་ལས་ཁུངས་ལ་བརྡ་ཐོ་གཏོང་དགོས་པ་མ་ཟད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་སྤྱི་བསྒྲགས་དང་རང་སྐྱོང་ལྗོངས་ཀྱི་གསར་འགྱུར་མཚམས་སྦྱོར་བྱེད་གནས་གཙོ་བོའི་ཐོག་ཁྱབ་བསྒྲགས་བྱེད་དགོས། དེ་ཁྲོད་ནས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཆོག་མཆན་ཐོབ་དགོས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།