ཀྲུང་གོ་བོད་ཀྱི་དྲ་བ།

བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གོ་གནས་བསྐོ་འཐེན་བྱ་ཐབས།༡

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2016-06-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

(2007ལོའི་ཟླ5ཚེས31ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བརྒྱད་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས31པའི་ཐོག་གྲོས་འཆམ་བྱུང་བ། 2016ལོའི་ཟླ3ཚེས30ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་གསུམ་པའི་ཐོག་དག་བཅོས་བྱས)    

བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྤྱི་བསྒྲགས།[2016]ཡིག་ཨང3པ།

《བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གོ་གནས་བསྐོ་འཐེན་བྱ་ཐབས》ལ་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཆོད་དོན་འདི་2016ལོའི་ཟླ3ཚེས30ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་གསུམ་པའི་ཐོག་གྲོས་འཆམ་བྱུང་དོན་བཞིན། ད་ལྟ་ཡོངས་བསྒྲགས་བྱ་རྒྱུ་ཡིན་པས། ཡོངས་བསྒྲགས་བྱས་ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ།

བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ནས།2016ལོའི་ཟླ3ཚེས30ཉིན་ལ།

དོན་ཚན་དང་པོ། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང(གཤམ་དུ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཞེས་བསྡུ་རྒྱུ)གི་གོ་གནས་བསྐོ་འཐེན་ལས་དོན་ཚད་ལྡན་བཟོ་ཆེད《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རིམ་ཁག་ས་གནས་མི་དམངས་འཐུས་མི་ཚོགས་ཆེན་དང་རིམ་ཁག་ས་གནས་མི་དམངས་སྲིད་གཞུང་འཛུགས་ཁྲིམས》དང་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རིམ་ཁག་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལྟ་སྐུལ་བཅའ་ཁྲིམས》 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་དམངས་ཁྲིམས་ཁང་འཛུགས་ཁྲིམས》 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་དམངས་ཞིབ་དཔྱོད་ཁང་འཛུགས་ཁྲིམས》སོགས་ཁྲིམས་ལུགས་ཀྱི་གཏན་འབེབས་གཞིར་བཟུང་ཐོག་རང་སྐྱོང་ལྗོངས་ཀྱི་དོན་དངོས་ཟུང་འབྲེལ་གྱིས་བྱ་ཐབས་འདི་བཟོས་པ་ཡིན།

དོན་ཚན་གཉིས་པ། བྱ་ཐབས་འདི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་དབང་ཚད་ཀྱི་ཁྱབ་ཁོངས་ནང་རང་སྐྱོང་ལྗོངས་རྒྱལ་ཁབ་ལས་ཁུངས་ཀྱི་ལས་བྱེད་པའི་གོ་གནས་བསྐོ་འཐེན་བྱེད་རྒྱུ་དང་། བསྐོ་འཐེན་གཏན་འབེབས་བྱེད་རྒྱུ། བསྐོ་འཐེན་ཆོག་མཆན་སྤྲོད་རྒྱུ། གོ་གནས་མེད་པ་བཟོ་རྒྱུ། གོ་གནས་བརྗེ་པོ་རྒྱག་རྒྱུ། ལས་གནས་དགོངས་ཞུ་དང་ལེན་ནམ་ཡང་ན་ཆོག་མཆན་སྤྲོད་རྒྱུ། ལས་ཚབ་མི་འགྲོ་འོས་སྦྱོར་རམ་ཡང་ན་གཏན་འཁེལ་བྱེད་རྒྱུ། མི་འགྲོར་གྲོས་འཆམ་བྱེད་རྒྱུ་སོགས་གོ་གནས་བསྐོ་འཐེན་བྱེད་དགོས་རིགས་དང་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་ཆད་ལུས་གསབ་འདེམས་བྱེད་རྒྱུ་དང་འཐུས་མི་རེ་ཟུང་གནས་དབྱུང་གཏོང་རྒྱུ་སོགས་ཀྱི་ཐད་ལ་བྱ་ཐབས་འདི་བེད་སྤྱོད་བྱེད་ཆོག

དོན་ཚན་གསུམ་པ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་གོ་གནས་བསྐོ་འཐེན་བྱེད་རྒྱུའི་ལས་དོན་དེ་དམངས་གཙོ་གཅིག་སྡུད་ཀྱི་ལམ་ལུགས་ལག་བསྟར་བྱེད་རྒྱུའི་ཐོག་བཅའ་ཁྲིམས་ཀྱི་གཏན་འབེབས་གཞིར་བཟུང་ནན་པོ་བྱས་ནས་སྒྲུབ་དགོས།

དོན་ཚན་བཞི་པ། རང་སྐྱོང་ལྗོངས་ཀྱི་རྒྱལ་ཁབ་ལས་ཁུངས་ཀྱི་ལས་བྱའི་གཤམ་གསལ་གོ་གནས་རིགས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ནས་བསྐོ་འཐེན་དང་། བསྐོ་འཐེན་གཏན་འབེབས། བསྐོ་འཐེན་ཆོག་མཆན་བཅས་བྱེད་རྒྱུ།

(གཅིག)རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཚོགས་འདུ་གྲོལ་རིང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཚོགས་འདུས་མིང་འདོན་བྱས་དོན་བཞིན་ཆེད་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་གཞོན་པ་རེ་ཟུང་དང་ཨུ་ཡོན་ཁག་གཅིག་བསྐོ་འཐེན་བྱེད་ཆོག་པ་དང་། ཆེད་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་གཞོན་པ་རེ་ཟུང་དང་ཨུ་ཡོན་ཁག་གཅིག་བསྐོ་གཞག་བྱེད་དགོས་རིགས་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིའི་ཁྲོད་ནས་མིང་འདོན་བྱེད་དགོས།

(གཉིས)རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཚོགས་འདུས་མིང་འདོན་བྱས་དོན་བཞིན་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་དྲུང་ཆེ་གཞོན་པ་དང་། ལས་དོན་ཚན་པའི་ཀྲུའུ་རེན་དང་ཀྲུའུ་རེན་གཞོན་པ། ས་གནས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་དང་ཀྲུའུ་རེན་གཞོན་པ། དྲུང་ཆེ་བཅས་བསྐོ་འཐེན་བྱེད་རྒྱུ་དང་། ས་གནས་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་བསྐོ་འཐེན་གཏན་འབེབས་བྱེད་རྒྱུ།

རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཚོགས་འདུ་གྲོལ་རིང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞིས་མིང་འདོན་གནང་བ་བཞིན་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པའི་གོ་གནས་བསྐོ་འཐེན་རེ་ཟུང་གཏན་འབེབས་བྱེད་རྒྱུ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞིས་མིང་འདོན་གནང་བ་བཞིན་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་དྲུང་ཆེ་དང་། དྲུང་ཆེ་གཞོན་པ། ཐིང་ཀྲང་། ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བཅས་ཀྱི་གོ་གནས་བསྐོ་འཐེན་བྱེད་རྒྱུ། གོང་གསལ་བསྐོ་འཐེན་བྱེད་རྒྱུའི་རིགས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་སྙན་ཐོ་དཔོད་དགོས།

(གསུམ)རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་གིས་སྙན་འབུལ་ཞུས་པ་ལྟར་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་དང་ས་གནས་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་གཞོན་པ་དང་། དིང་ཀྲང་། དིང་ཀྲང་གཞོན་པ།འདྲི་གཅོད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་འདྲི་གཅོད་པ་སོགས་ཀྱི་གོ་གནས་བསྐོ་འཐེན་བྱེད་རྒྱུ།

(བཞི)རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་ཀྲང་གིས་སྙན་འབུལ་ཞུས་དོན་བཞིན་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་དང་ཡན་ལག་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་ཀྲང་གཞོན་པ་དང་། ཞིབ་དཔྱོད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། ཞིབ་དཔྱོད་པ་བཅས་ཀྱི་གོ་གནས་བསྐོ་འཐེན་བྱེད་རྒྱུ་དང་། རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་ཡན་ལག་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་ཀྲང་གི་གོ་གནས་བསྐོ་འཐེན་གཏན་འབེབས་བྱེད་རྒྱུ། རང་སྐྱོང་ལྗོངས་ཁོངས་གཏོགས་ཀྱི་གྲོང་ཁྱེར་དང་། རྫོང(གྲོང་ཁྱེར་ཁོངས་གཏོགས་ཀྱི་རྫོང་དང་ཆུད་ཕུད)ཁག་གི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་ཀྲང་གི་གོ་གནས་བསྐོ་འཐེན་ལ་ཆོག་མཆན་སྤྲོད་རྒྱུ། རང་སྐྱོང་ལྗོངས་ཁོངས་གཏོགས་ཀྱི་གྲོང་ཁྱེར་དང་། རྫོང(གྲོང་ཁྱེར་ཁོངས་གཏོགས་ཀྱི་རྫོང་དང་ཆུད་ཕུད)ཁག་གི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་ཀྲང་གི་དགོངས་ཞུར་ཆོག་མཆན་སྤྲོད་རྒྱུ།

དོན་ཚན་ལྔ་པ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་ཀྲུའུ་རེན་ཚོགས་འདུའི་ཐོག་ནས་མིང་འདོན་བྱས་དོན་བཞིན་གཤམ་གསལ་ལས་ཚབ་མི་འགྲོ་འོས་འདེམས་སམ་ཡང་ན་གཏན་འཁེལ་བྱེད་རྒྱུ།

(གཅིག)རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཟུགས་གཞིའི་གནས་ཚུལ་གྱིས་རྐྱེན་པས་ལས་ཀ་བྱེད་མ་ཐུབ་པའམ་ཡང་ན་ལས་གནས་སྟོང་པར་ལུས་སྐབས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པའི་ཁྲོད་ནས་ཀྲུའུ་རེན་ལས་ཚབ་མི་འགྲོ་གཅིག་འོས་འདེམས་བྱས་ཏེ་ཀྲུའུ་རེན་ངོ་མ་ནད་གཞི་དྲག་སྐྱེས་མ་བྱུང་བར་རམ་ཡང་ན་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་གྱིས་ཀྲུའུ་རེན་གསར་པ་མ་བདམས་བར་དེའི་ལས་གནས་འཛིན་རྒྱུ།

(གཉིས)རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གནས་ཚུལ་གང་རུང་གིས་རྐྱེན་པས་ལས་འགན་འཁུར་མ་ཐུབ་པའི་སྐབས་སུ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པའི་ཁྲོད་ནས་ཀྲུའུ་ཞིའི་ལས་ཚབ་གཅིག་གཏན་འཁེལ་བྱས་ནས་ཀྲུའུ་ཞིའི་ལས་ཀ་བསྐྱར་གསོ་མ་བྱས་བར་རམ་ཡང་ན་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་གྱིས་ཀྲུའུ་ཞི་གསར་པ་མ་བདམས་བར་དེའི་ལས་གནས་འཛིན་རྒྱུ།

(གསུམ)རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་གནས་ཚུལ་གང་རུང་གིས་རྐྱེན་པས་ལས་གནས་འཁུར་མ་ཐུབ་པའི་སྐབས་སུ་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་གཞོན་པའི་ཁྲོད་ནས་ཡོན་ཀྲང་གི་ལས་ཚབ་གཅིག་གཏན་འཁེལ་བྱས་ནས་ཡོན་ཀྲང་གི་ལས་ཀ་བསྐྱར་གསོ་མ་བྱས་བར་རམ་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་གྱིས་ཡོན་ཀྲང་གསར་པ་མ་བདམས་བར་དེའི་ལས་གནས་འཛིན་རྒྱུ།

(བཞི)རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་ཀྲང་གནས་ཚུལ་གང་རུང་གིས་རྐྱེན་པས་ལས་འགན་འཁུར་མ་ཐུབ་པའི་སྐབས་སུ་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་ཀྲང་གཞོན་པའི་ཁྲོད་ནས་ཞིབ་དཔྱོད་ཀྲང་གི་ལས་ཚབ་གཅིག་གཏན་འཁེལ་བྱས་ནས་ཞིབ་དཔྱོད་ཀྲང་གི་ལས་ཀ་བསྐྱར་གསོ་མ་བྱས་བར་རམ་ཡང་ན་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་གྱིས་ཞིབ་དཔྱོད་ཀྲང་གསར་པ་མ་བདམས་བར་དེའི་ལས་གནས་འཛིན་རྒྱུ་མ་ཟད། དེ་དོན་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སོ་སོ་ནས་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་དང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ལ་སྙན་ཐོ་དཔོད་དགོས།

དོན་ཚན་དྲུག་པ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་ཀྲུའུ་རེན་ཚོགས་འདུའི་ཐོག་ནས་མིང་འདོན་བྱས་དོན་བཞིན་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་འཐུས་མིའི་འོས་བབ་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་དང་། ཀྲུའུ་རེན་ཨུ་ཡོན་གཞོན་པ། ཨུ་ཡོན་བཅས་གྲོས་འཆམ་བྱེད་རྒྱུ་དང་། དམིགས་བཀར་གནད་དོན་གྱི་བརྟག་དཔྱད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་དང་། ཀྲུའུ་རེན་ཨུ་ཡོན་གཞོན་པ། ཨུ་ཡོན་བཅས་གྲོས་འཆམ་བྱེད་རྒྱུ། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་ཆད་ལུས་་གསབ་འདེམས་བྱེད་རྒྱུ་དང་འཐུས་མི་རེ་ཟུང་གནས་དབྱུང་གཏོང་རྒྱུའི་རིགས་གྲོས་འཆམ་བྱེད་རྒྱུ། འཐུས་མིའི་འོས་བབ་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་གྲུབ་ཁོངས་མི་སྣ་ནི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་ཁྲོད་ནས་མིང་འདོན་བྱེད་རྒྱུ།

དོན་ཚན་བདུན་པ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཁབ་ལས་ཁུངས་ཀྱི་ལས་བྱའི་གཤམ་གསལ་གོ་གནས་རིགས་མེད་པ་བཟོ་བའམ་ཡང་ན་བརྗེ་པོ་རྒྱག་ཆོག

(གཅིག)རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཀྲུའུ་རེན་ཚོགས་འདུའི་ཐོག་ནས་བཏོན་པའི་གོ་གནས་མེད་པ་བཟོ་རྒྱུའི་གྲོས་གཞི་ལྟར་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་དྲུང་ཆེ་གཞོན་པ་དང་། ལས་དོན་ཚན་པའི་ཀྲུའུ་རེན། ཀྲུའུ་རེན་གཞོན་པ་བཅས་དང་། ས་གནས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་དང་ཀྲུའུ་རེན་གཞོན་པ། དྲུང་ཆེ་བཅས་ཀྱི་གོ་གནས་མེད་པ་བཟོ་རྒྱུའི་གཏན་འབེབས་བྱེད་རྒྱུ།

(གཉིས)རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞིའམ་ཡང་ན་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཀྲུའུ་རེན་ཚོགས་འདུའི་ཐོག་ནས་བཏོན་པའི་གོ་གནས་མེད་པ་བཟོ་རྒྱུའི་གྲོས་གཞི་ལྟར་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རེ་ཟུང་དང་། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་དྲུང་ཆེ། ཐིང་ཀྲང་། ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བཅས་ཀྱི་གོ་གནས་མེད་པ་བཟོ་རྒྱུའི་གཏན་འབེབས་བྱེད་རྒྱུ།

(གསུམ)རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ངམ་ཡང་ན་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཀྲུའུ་རེན་ཚོགས་འདུའི་ཐོག་ནས་བཏོན་པའི་གོ་གནས་མེད་པ་བཟོ་རྒྱུའི་གྲོས་གཞི་ལྟར་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་གཞོན་པ་དང་། ས་གནས་ཁག་གི་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་དང་། ཡོན་ཀྲང་གཞོན་པ་བཅས་དང་། རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་དང་ས་གནས་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་དིང་ཀྲང་དང་། དིང་ཀྲང་གཞོན་པ། འདྲི་གཅོད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། འདྲི་གཅོད་པའི་གོ་གནས་མེད་པ་བཟོ་རྒྱུའི་གཏན་འབེབས་བྱེད་རྒྱུ།

(བཞི)རང་སྐྱོང་ལྗོངས་ཁོངས་གཏོགས་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་གཏན་འབེབས་དང་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་གིས་སྙན་འབུལ་ཞུ་དོན་ལྟར་རང་སྐྱོང་ལྗོངས་ཁོངས་གཏོགས་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་གི་གོ་གནས་བརྗེ་པོ་རྒྱག་ཆོག

(ལྔ)རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་ཀྲང་ངམ་ཡང་ན་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཚོགས་འདུའི་ཐོག་ནས་བཏོན་པའི་གོ་གནས་མེད་པ་བཟོ་རྒྱུའི་གྲོས་གཞི་ལྟར་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་ཀྲང་གཞོན་པ་དང་། ཡན་ལག་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་ཀྲང་། ཞིབ་དཔྱོད་ཀྲང་གཞོན་པ་བཅས་དང་། རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་དང་ཡན་ལག་ཞིབ་དཔྱོད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། ཞིབ་དཔྱོད་པའི་གོ་གནས་མེད་པ་བཟོ་རྒྱུའི་གཏན་འབེབས་བྱེད་རྒྱུ། 

(དྲུག)རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་ཀྲང་གི་གྲོས་འཆར་ལྟར་འོག་རིམ་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་ཀྲང་དང་། ཞིབ་དཔྱོད་ཀྲང་གཞོན་པ། ཞིབ་དཔྱོད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། ཞིབ་དཔྱོད་པ་བཅས་ཀྱི་གོ་གནས་བརྗེ་པོ་རྒྱག་རྒྱུའི་གཏན་འབེབས་བྱེད་རྒྱུ། གོ་གནས་མེད་པ་བཟོ་རྒྱུའི་གྲོས་གཞི་བརྡས་ཐག་གཅོད་རྒྱུར་མ་ཕུལ་གོང་གོ་གནས་མེད་པ་བཟོ་ཡུལ་མི་དེས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུའི་ཐོག་རང་གི་དག་རྩོད་བསམ་འཆར་ཤོད་ཆོག་པའམ་ཡང་ན་ཡིག་ཐོག་ནས་དག་རྩོད་བསམ་འཆར་བསྐྱལ་ཆོག དེ་ཡང་ཀྲུའུ་རེན་ཚོགས་འདུའི་ཐོག་ནས་གཏན་འབེབས་ཀྱིས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུར་པར་འགྲེམས་བྱེད་དགོས།

དོན་ཚན་བརྒྱད་པ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཁོངས་མི་ལྔ་ཆ་གཅིག་ཡན་གྱི་མིང་ཐོག་ནས་ཞུ་ཡིག་ཕུལ་ཏེ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱིས་བསྐོ་གཞག་བྱས་པའི་རྒྱལ་ཁབ་ལས་ཁུངས་ཀྱི་ལས་བྱེད་པའི་གོ་གནས་མེད་པ་བཟོ་རྒྱུའི་གྲོས་གཞི་འདོན་ཆོག དེ་ཡང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ལ་གྲོས་ཞིབ་གནང་རྒྱུར་འབུལ་དགོས་མིན་ཀྲུའུ་རེན་ཚོགས་འདུའི་ཐོག་ནས་གཏན་འཁེལ་བྱེད་དགོས་པའམ། ཡང་ན་ཀྲུའུ་རེན་ཚོགས་འདུའི་ཐོག་ནས་གྲོས་འགོ་བཏོན་པ་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་མཉམ་འཛོམས་ཚོགས་འདུའི་ཐོག་ནས་གཏན་འཁེལ་བྱས་དོན་ལྟར་རྟོག་ཞིབ་ཨུ་ཡོན་ལྷན་ཁང་བཙུགས་ནས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་རྗེས་མའི་ཚོགས་འདུའི་ཐོག་རྟོག་ཞིབ་ཨུ་ཡོན་ལྷན་ཁང་གི་སྙན་ཞུ་གཞིར་བཟུང་གྲོས་ཞིབ་ཀྱིས་གཏན་འབེབས་བྱེད་དགོས།

དོན་ཚན་དགུ་པ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཁོངས་མི་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་དང་ཀྲུའུ་ཞི་གཞོན་པ། རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་། རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་ཀྲང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཆེད་དོན་ཨུ་ལྷན་གྱི་ཀྲུའུ་རེན་ཨུ་ཡོན་བཅས་ཀྱི་ལས་གནས་དགོངས་ཞུའི་རེ་འདུན་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཀྲུའུ་རེན་ཚོགས་འདུས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ལ་ལས་གནས་དགོངས་ཞུ་དང་ལེན་གཏན་འབེབས་བྱེད་མིན་ལ་འབུལ་རྒྱུ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ནས་ལས་གནས་དགོངས་ཞུ་དང་ལེན་གྱི་གཏན་འབེབས་བྱས་པ་དེ་རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་ལ་སྙན་ཐོ་དཔོད་རྒྱུ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཆེད་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་གཞོན་པ་རེ་ཟུང་དང་ཨུ་ཡོན་ཁག་གཅིག་གི་བསྐོ་འཐེན་དེ་ཀྲུའུ་རེན་ཚོགས་འདུས་མིང་འདོན་བྱས་ནས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་ཐོག་གྲོས་འཆམ་བྱེད་རྒྱུ། རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་ཀྲང་ལས་གནས་དགོངས་ཞུ་བྱེད་དགོས་རིགས་ངེས་པར་དུ་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གིས་ཆེ་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་ཀྲང་ལ་སྙན་སེང་ཞུས་རྗེས་དེ་ནས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་ལ་ཕུལ་ནས་ཆོག་མཆན་ཐོབ་དགོས།

རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཆེད་དོན་ཨུ་ཡོན་ལྷན་ཁང་གི་ཁོངས་མིས་ས་གནས་ཀྱི་རྒྱལ་ཁབ་སྲིད་འཛིན་ལས་ཁུངས་དང་། འདྲི་གཅོད་ལས་ཁུངས། ཞིབ་གཅོད་ལས་ཁུངས་བཅས་ཀྱི་ནང་ལས་འགན་ཁུར་མི་ཆོག གལ་ཏེ་གོང་གསལ་ལས་འགན་ཁུར་དགོས་ཚེ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་ཁོངས་མི་དང་མི་དམངས་འཐུས་ཚོགས་ཆེད་དོན་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་ལས་གནས་ངེས་པར་དུ་དགོངས་པ་ཞུ་དགོས། 

རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ལ་ལས་གནས་དགོངས་ཞུ་བྱེད་དགོས་རིགས་ངེས་པར་དུ་ཡིག་ཐོག་ནས་དགོངས་ཞུའི་རེ་འདུན་འབུལ་དགོས། 

དོན་ཚན་བཅུ་པ། རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བརྗེ་རྗེས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཆེ་གཞོན་པ་དང་། རྒྱུན་ལས་ཨུ་ལྷན་ལས་དོན་ཚན་པའི་ཀྲུའུ་རེན་དང་ཀྲུའུ་རེན་གཞོན་པ། ས་གནས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་དང་ཀྲུའུ་རེན་གཞོན་པ། དྲུང་ཆེ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་འཐུས་མིའི་འོས་བབ་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་དང་ཀྲུའུ་རེན་ཨུ་ཡོན་གཞོན་པ། ཨུ་ཡོན་བཅས་ཀྱི་གོ་གནས་བསྐོ་འཐེན་ཀྲུའུ་རེན་ཚོགས་འདུའི་ཐོག་ནས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུར་གྲོས་ཞིབ་གནང་རྒྱུར་འབུལ་དགོས།

རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བརྗེས་རྗེས་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞིས་ཟླ་གཉིས་ནང་ཚུན་དུ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ལ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་དྲུང་ཆེ་དང་། ཐིང་ཀྲང་་། ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བཅས་བསྐོ་གཞག་གནང་རོགས་ཞུ་དགོས། 

རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བརྗེ་རྗེས་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ནས་ཟླ་གཉིས་ནང་ཚུན་དུ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཚོགས་འདུར་ས་གནས་ཁག་གི་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་གི་མི་འགྲོའི་བསམ་འཆར་འབུལ་དགོས་པ་དང་ཀྲུའུ་རེན་ཚོགས་འདུའི་ཐོག་ནས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ལ་བསྐོ་འཐེན་གཏན་འབེབས་བྱེད་རྒྱུར་འབུལ་དགོས།

རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བརྗེ་རྗེས་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་ཀྲང་གིས་ཟླ་གཉིས་ནང་ཚུན་དུ་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་ལ་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་ཡན་ལག་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་ཀྲང་བསྐོ་འཐེན་གཏན་འབེབས་བྱེད་རྒྱུར་འབུལ་དགོས།

རང་སྐྱོང་ལྗོངས་ཀྱི་ཐད་གཏོགས་གྲོང་ཁྱེར་དང་རྫོང་(གྲོང་ཁྱེར་ཁོངས་གཏོགས་ཀྱི་རྫོང་དང་ཆུད་ཕུད)ཁག་གི་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བརྗེས་རྗེས་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་ཀྲང་གིས་ཟླ་གཉིས་ནང་ཚུན་དུ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ལ་རང་སྐྱོང་ལྗོངས་ཁོངས་ཀྱི་གཏོགས་གྲོང་ཁྱེར་དང་རྫོང་(གྲོང་ཁྱེར་ཁོངས་གཏོགས་རྫོང་དང་ཆུད་ཕུད)གི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་ཀྲང་བསྐོ་ཞག་ཆོག་མཆན་གནང་རྒྱུར་འབུལ་དགོས།

རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་བསྐོ་གཞག་བྱས་པའི་དེ་མིན་རྒྱལ་ཁབ་ལས་ཁུངས་ཁག་གི་ལས་བྱེད་པའི་རིགས་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བརྗེས་རྗེས་སྔར་གྱི་གོ་གནས་མུ་མཐུད་འཛིན་རྒྱུ་ཡིན་རིགས་བསྐྱར་དུ་བསྐོ་གཞག་བྱེད་མི་དགོས་པ་དང་། སྔར་གྱི་གོ་གནས་མུ་མཐུད་འཛིན་རྒྱུ་མིན་པའི་རིགས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་གོ་གནས་འཐེན་རྒྱུར་འབུལ་དགོས། 

དོན་ཚན་བཅུ་གཅིག་པ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ནས་བསྐོ་གཞག་བྱས་པའི་རྒྱལ་ཁབ་ལས་ཁུངས་ཀྱི་ལས་བྱའི་རང་གི་ཚན་པ་མིང་སྒྱུར་བྱས་པ་དང་། ལས་ཁུངས་མེད་པ་བཟོས་པའམ་ཡང་ན་ལས་ཁུངས་ཟླ་སྒྲིལ་བཏང་བ་བཅས་ཀྱི་སྐབས་སུ་སྔར་གྱི་གོ་གནས་རང་བཞིན་གྱིས་མེད་པར་སོང་བ་ཡིན་པས་གོ་གནས་འཐེན་རྒྱུའི་འགྲོ་ལུགས་བསྐྱར་དུ་སྒྲུབ་མི་དགོས། ཚན་པ་མིང་སྒྱུར་བྱས་པ་དང་ཟླ་སྒྲིལ་བཏང་རྗེས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ནས་ལས་སྣེ་བསྐོ་གཞག་བྱེད་དགོས་རིགས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ལ་བསྐྱར་དུ་བསྐོ་གཞག་གནང་རྒྱུར་འབུལ་དགོས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།