ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་ཆོས་ལུགས་དོན་གཅོད་ཅུའུ་ཡི་བཀའ།

ཡོང་ཁུངས། : མཚོ་སྔོན་སྲིད་གཞུང་དྲ་བ།     སྤེལ་དུས། : 2016-06-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

《བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་སྤྲུལ་སྐུའི་ཡང་སྲིད་འཚོལ་བར་དོ་དམ་བྱེད་པའི་སྐོར་གྱི་བྱ་ཐབས》དེར2007ལོའི་ཟླ7པའི་ཚེས13ཉིན་རྒྱལ་ཁབ་ཆོས་ལུགས་དོན་གཅོད་ཅུའུ་ཡི་ལས་དོན་གྲོས་ཚོགས་སྟེང་གྲོས་འཆམས་བྱུང་ཡོད་པས། ད་ལྟ་ཁྱབ་བསྒྲགས་བྱེད་རྒྱུ་དང2007ལོའི་ཟླ9བའི་ཚེས1ཉིན་ནས་བཟུང་ལག་ཏུ་བསྟར་དགོས།

བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་སྤྲུལ་སྐུའི་ཡང་སྲིད་འཚོལ་བར་དོ་དམ་བྱེད་པའི་སྐོར་གྱི་བྱེད་ཐབས།

དོན་ཚན་དང་པོ། སྤྱི་དམངས་རྣམས་ཀྱི་ཆོས་དད་རང་མོས་འགན་སྲུང་དང་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་སྤྲུལ་སྐུའི་ཡང་སྲིད་ཁྲི་གསོལ་ཞུ་སྟངས་ལ་བརྩི་བཀུར་བྱེད་པ། སྤྲུལ་སྐུའི་ཡང་སྲིད་འཚོལ་བའི་དོན་གཅོད་དོམ་ཚད་ལྡན་དུ་གཏོང་བ་བཅས་ཆེད་དུ། 《ཆོས་ལུགས་དོན་གཅོད་སྲོལ་ཡིག》གཞིར་བཟུང་སྟེ་བྱ་ཐབས་འདི་གཏན་འབེབས་བྱས་པ་ཡིན།

དོན་ཚན་གཉིས་པ། སྤྲུལ་སྐུའི་ཡང་སྲིད་འཚོལ་བར་མེས་རྒྱལ་གྱི་གཅིག་གྱུར་དང་མི་རིགས་ཀྱི་མཐུན་སྒྲིལ། ཆོས་ལུགས་དང་སྤྱི་ཚོགས་བར་གྱི་འཆམ་མཐུན། བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་རྒྱུན་ལྡན་སྒྲིག་ལམ་བཅས་སྲུང་སྐྱོང་བྱེད་པའི་རྩ་དོན་བརྩི་སྲུང་བྱེད་དགོས།

སྤྲུལ་སྐུའི་ཡང་སྲིད་འཚོལ་བར་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་ཆོ་ག་དང་ལོ་རྒྱུས་ཀྱི་གཏན་སྲོལ་ལ་བརྩི་སྲུང་བྱེད་དགོས་མོད། ཡིན་ནའང་དོར་ཡོད་པའི་བཀས་བཀོད་རྒྱུད་འཛིན་གྱི་ཁྱད་དབང་སླར་གསོ་བྱེད་མི་ཆོགསྤྲུལ་སྐུའི་ཡང་སྲིད་འཚོལ་བར་མངའ་ཁོངས་ཕྱིའི་རྩ་འཛུགས་དང་མི་སྒེར་གྱིས་ཐེ་གཏོགས་དང་བཀོད་སྒྲིག་བྱེད་པ་ཁས་མི་ལེན།

དོན་ཚན་གསུམ་པ། སྤྲུལ་སྐུའི་ཡང་སྲིད་འཚོལ་བར་གཤམ་གྱི་ཆ་རྐྱེན་ལྡན་དགོས་ཏེ།

(གཅིག)ས་གནས་དེ་གའི་ཆོས་དད་མང་ཚོགས་མང་ཤས་དང་དགོན་པའི་དོ་དམ་རྩ་འཛུགས་ཀྱིས་ཡང་སྲིད་འཚོལ་བའི་རེ་བ་བཏོན་པ།

(གཉིས) ཡང་སྲིད་ཕེབས་པའི་རྒྱུད་རིམ་ལྡན་པ་ངོ་མ་ཡིན་པ་མ་ཟད་ད་ལྟའི་བར་དུ་བརྒྱུད་པ།

(གསུམ)སྤྲུལ་སྐུའི་ཡང་སྲིད་འཚོལ་བར་རེ་འདུན་ཞུ་བའི་དགོན་པ་དེ་འཚོལ་དགོས་པའི་ཡང་སྲིད་ཀྱི་དགོན་པ་ཡིན་པ་མ་ཟད། ད་དུང་ཁྲིམས་ལྟར་ནང་བསྟན་ཆོས་ལུགས་བྱེད་སྒོ་སྤེལ་ས་ཡིན་པ་ཐོ་འགོད་བྱས་ཡོད་པ་དང་སྤྲུལ་སྐུའི་ཡང་སྲིད་སྐྱེད་སྲིང་དང་བསྙེན་བཀུར་བྱེད་ནུས་ལྡན་དགོས།

དོན་ཚན་བཞི་བ། འཚོལ་བར་རེ་འདུན་ཞུས་པའི་སྤྲུལ་སྐུའི་ཡང་སྲིད་ལ་གཤམ་གྱི་གནས་ཚུལ་ནང་གི་གཅིག་ཡོད་ཚེ་ཡང་སྲིད་བཙལ་མི་ཆོག

(གཅིག)བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་ཆོ་ག་ལས་ཡང་སྲིད་བཙལ་མི་ཆོག་པ།

(གཉིས)ཆུའུ་བཙུགས་ཡོད་པའི་གྲོང་ཁྱེར་རིམ་པ་ཡན་ཆད་ཀྱི་མི་དམངས་སྲིད་གཞུང་གིས་མངོན་གསལ་གྱིས་ཡང་སྲིད་བཙལ་མི་ཆོག་པའི་བཀའ་ཕབ་ཡོད་པ།

དོན་ཚན་ལྔ་བ། སྤྲུལ་སྐུའི་ཡང་སྲིད་འཚོལ་བར་རེ་ཞུ་ཆོག་མཆན་འགོད་པའི་ལམ་ལུགས་སྒྲུབ་དགོས། རེ་ཞུ་ཆོག་མཆན་འགོད་པའི་གོ་རིམ་ནི། འཚོལ་བའི་ཡང་སྲིད་ཀྱི་དགོན་པའི་དོ་དམ་རྩ་འཛུགས་སམ་ཡང་ན་ས་གནས་དེ་གའི་ནང་བསྟན་མཐུན་ཚོགས་ཀྱིས་ས་གནས་དེའི་རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་ཆོས་ལུགས་དོན་གཅོད་སྡེ་ཁག་ལ་སྤྲུལ་སྐུའི་ཡང་སྲིད་འཚོལ་བའི་རེ་འདུན་ཞུ་དགོས་པ་དང་། རྫོང་རིམ་པའི་མི་དམངས་སྲིད་གཞུང་གིས་བསམ་འཆར་བཏོན་རྗེས། མི་དམངས་སྲིད་གཞུང་གི་ཆོས་ལུགས་དོན་གཅོད་སྡེ་ཁག་གིས་གོང་རིམ་པ་བཞིན་ཡར་ཞུ་བྱེད་དགོས་པ་དང་། ཞིང་ཆེན་དང་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཆོས་ལུགས་དོན་གཅོད་སྡེ་ཁག་གིས་ཞིབ་བཤེར་ཆོག་མཆན་འགོད་དགོས། ཆོས་ལུགས་ཁག་ཏུ་མཚན་སྙན་གྲགས་ཅུང་ཆེ་ཚེ་ཞིང་ཆེན་དང་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ལ་ཞུས་ནས་ཆོག་མཆན་འགོད་དགོས། མཚན་སྙན་གྲགས་ཆེ་བར་རྒྱལ་ཁབ་ཀྱི་ཆོས་ལུགས་དོན་གཅོད་ཅུའུ་ལ་ཞུས་ནས་ཆོག་མཆན་འགོད་དགོས། མཚན་སྙན་གྲགས་ཤིན་ཏུ་ཆེ་བར་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་ཞུས་ནས་ཆོག་མཆན་འགོད་དགོས།སྤྲུལ་སྐུའི་ཡང་སྲིད་འཚོལ་བའི་རེ་ཞུར་ཞིབ་བཤེར་གཏན་འབེབས་དང་ཆོག་མཆན་འགོད་དུས་བབ་མཚུངས་ཀྱི་ནང་བསྟན་མཐུན་ཚོགས་ཀྱི་བསམ་འཆར་བསྡུ་ལེན་བྱེད་དགོས།

དོན་ཚན་དྲུག་པ། སྤྲུལ་སྐུའི་མཚན་སྙན་ཆེ་ཆུང་ལ་རྩོད་པ་བྱུང་ན་ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱིས་ངེས་འཛིན་བྱེད་རྒྱུ་དང་རྒྱལ་ཁབ་ཀྱི་ཆོས་ལུགས་དོན་གཅོད་ཅུའུ་ལ་སྙན་སེང་འགོད་པར་ཕུལ་དགོས།

དོན་ཚན་བདུན་པ། སྤྲུལ་སྐུའི་ཡང་སྲིད་འཚོལ་བའི་རེ་ཞུ་ཆོག་མཆན་བཀོད་རྗེས། སྤྲུལ་སྐུའི་མཚན་སྙན་ཆེ་ཆུང་ལྟར་བབ་མཚུངས་ཀྱི་ནང་བསྟན་མཐུན་ཚོགས་ཀྱིས་ཡང་སྲིད་འཚོལ་བའི་མཛུབ་སྟོན་ཚན་ཆུང་འཛུགས་དགོས། འཚོལ་རྒྱུ་ཡིན་པའི་སྤྲུལ་སྐུའི་ཡང་སྲིད་གནས་པའི་དགོན་པའི་དོ་དམ་རྩ་འཛུགས་སམ་ཡང་ན་བབ་མཚུངས་ཀྱི་ནང་བསྟན་མཐུན་ཚོགས་ཀྱིས་ཡང་སྲིད་འཚོལ་བའི་ཚན་ཆུང་འཛུགས་དགོས་པ་དང་། མཛུབ་སྟོན་ཚན་ཆུང་གི་མཛུབ་སྟོན་འོག་ཡང་སྲིད་འཚོལ་བའི་བྱ་བ་སྒྲུབ་དགོས།སྤྲུལ་སྐུའི་ཡང་སྲིད་དེ་ཞིང་ཆེན་དང་རང་སྐྱོང་ལྗོངས་ཀྱི་ནང་བསྟན་མཐུན་ཚོགས་སམ་ཡང་ན་ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱིས་ཆོས་ལུགས་ཀྱི་ཆོ་ག་དང་ལོ་རྒྱུས་ཀྱི་གཏན་སྲོལ་ལྟར་ངོས་འཛིན་བྱེད་དགོས།ཚོགས་པ་དང་མི་སྒེར་སུ་ཡིན་རུང་རང་དགར་གྱིས་སྤྲུལ་སྐུའི་ཡང་སྲིད་འཚོལ་བ་དང་ངོས་འཛིན་བྱེད་པའི་བྱ་འགུལ་སྤེལ་མི་ཆོག

དོན་ཚན་བརྒྱད་པ། ལོ་རྒྱུས་སྟེང་གསེར་བུམ་དཀྲུགས་ནས་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་པ་དག་ལ་ཡང་སྲིད་འཚོལ་བར་གསེར་བུམ་དཀྲུག་པ་ལག་བསྟར་ལེན་དགོས།གསེར་བུམ་མི་དཀྲུག་པའི་རེ་བ་འདོན་ན། ཞིང་ཆེན་དང་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཆོས་ལུགས་དོན་གཅོད་སྡེ་ཁག་གིས་རྒྱལ་ཁབ་ཀྱི་ཆོས་ལུགས་དོན་གཅོད་སྡེ་ཁག་ལ་ཡར་ཞུ་བྱས་ནས་ཆོག་མཆན་འགོད་དགོས། མཚན་སྙན་གྲགས་ཤིན་ཏུ་ཆེ་ཚེ་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་ཞུས་ནས་ཆོག་མཆན་འགོད་དགོས།

དོན་ཚན་དགུ་བ། སྤྲུལ་སྐུའི་ཡང་སྲིད་ངོས་བཟུང་རྗེས་ཞིང་ཆེན་དང་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཆོས་ལུགས་དོན་གཅོད་སྡེ་གིས་ཆོག་མཆན་འགོད་དགོས། ཆོས་ལུགས་ཁག་ཏུ་མཚན་སྙན་གྲགས་ཅུང་ཆེ་བར་ཞིང་ཆེན་དང་རང་སྐྱོང་ལྗོངས་ཞུས་ནས་ཆོག་མཆན་འགོད་དགོས། མཚན་སྙན་གྲགས་ཆེ་བར་རྒྱལ་ཁབ་ཀྱི་ཆོས་ལུགས་དོན་གཅོད་ཅུའུ་ལ་ཞུས་ནས་ཆོག་མཆན་འགོད་དགོས། མཚན་སྙན་གྲགས་ཤིན་ཏུ་ཆེ་བར་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་ཞུས་ནས་ཆོག་མཆན་འགོད་དགོས།ཞིང་ཆེན་དང་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཆོས་ལུགས་དོན་གཅོད་སྡེ་ཁག་གམ་ཞིང་ཆེན་དང་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ཆོག་མཆན་བཀོད་པའི་སྤྲུལ་སྐུའི་ཡང་སྲིད་དེ་རྒྱལ་ཁབ་ཀྱི་ཆོས་ལུགས་དོན་གཅོད་ཅུའུ་ཞུས་ནས་སྙན་སེང་འགོད་དགོས།

དོན་ཚན་བཅུ་བ། སྤྲུལ་སྐུའི་ཡང་སྲིད་ཁྲི་ཁར་བཀོད་དུས་མཆན་བཀོད་ལས་ཁུངས་འཐུས་མིས་མཆན་བཀོད་ཡིག་ཆ་སྒྲོག་སྦྱང་བྱེད་དགོས་པ་དང་བབ་མཚུངས་ནང་བསྟན་མཐུན་ཚོགས་ཀྱིས་སྤྲུལ་སྐུའི་དཔང་ཡིག་སྤྲོད་དགོས།སྤྲུལ་སྐུའི་དཔང་ཡིག་གི་བཟོ་དབྱིབས་དེ་ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱིས་གཅིག་གྱུར་གྱིས་བཟོས་ཏེ་རྒྱལ་ཁབ་ཆོས་ལུགས་ལས་དོན་ཅུའུ་ལ་སྙན་སེང་ཞུས་ནས་ཐོ་རུག་འགོད་དགོས།

དོན་ཚན་བཅུ་གཅིག་པ། བྱེད་ཐབས་འདི་དང་འགལ་ནས་རང་དགར་གྱིས་སྤྲུལ་སྐུའི་ཡང་སྲིད་འཚོལ་བའི་ལས་དོན་སྒྲུབ་པར་མི་དམངས་སྲིད་གཞུང་གི་ཆོས་ལུགས་དོན་གཅོད་སྡེ་ཁག་གིས《ཆོས་ལུགས་དོན་གཅོད་སྲོལ་ཡིག》གི་གཏན་ཁེལ་ལྟར། འགན་ཁུར་མཁན་དང་འགན་ཁུར་ལས་ཁུངས་ལ་སྲིད་འཛིན་ཐོག་གི་ཆད་པ་གཅོད་དགོས་པ་དང་། ནག་ཉེས་སུ་གྱུར་ཡོད་ཚེ་བཅའ་ཁྲིམས་ལྟར་ཉེས་དོན་འགན་ཁུར་རྩད་གཅོད་བྱེད་དགོས།

དོན་ཚན་བཅུ་གཉིས་པ། སྤྲུལ་སྐུའི་ཡང་སྲིད་ཁྲི་ཁར་བཀོད་རྗེས་སྤྲུལ་སྐུ་བཞུགས་པའི་དགོན་པ་དེའི་དོ་དམ་རྩ་འཛུགས་ཀྱིས་སྤྲུལ་སྐུ་སྐྱེད་སྲིང་འཆར་གཞི་གཏན་འབེབས་དང་ཡོངས་འཛིན་འོས་མི་མཚམས་སྦྱོར་བྱེད་དགོས་པ་དང་། ས་གནས་དེ་གའི་ནང་བསྟན་མཐུན་ཚོགས་ཀྱི་ཞིབ་བཤེར་གཏན་འབེབས་བྱས་ཏེ་རིམ་པ་བཞིན་ཞིང་ཆེན་དང་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཆོས་ལུགས་དོན་གཅོད་སྡེ་ཁག་ལ་ཞུས་ནས་ཞིབ་བཤེར་ཆོག་མཆན་འགོད་དགོས།

དོན་ཚན་བཅུ་གསུམ་པ། སྤྲུལ་སྐུའི་ཡང་སྲིད་འཚོལ་བའི་བྱ་དོན་ལ་འབྲེལ་བ་ཡོད་པའི་ཞིང་ཆེན་དང་རང་སྐྱོང་ལྗོངས་ཀྱིས་བྱེད་ཐབས་འདི་གཞིར་བཟུང་ནས་ལག་བསྟར་སྲོལ་ཞིབ་གཏན་འབེབས་བྱེད་ཆོག་པ་དང་། རྒྱལ་ཁབ་ཆོས་ལུགས་དོན་གཅོད་ཅུའུ་ལ་ཞུས་ནས་ཐོ་རུ་འགོད་དགོས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།