ཀྲུང་གོ་བོད་ཀྱི་དྲ་བ།

མཐོ་སྒང་གི་ཁྱད་ཆོས་ལྡན་པའི་དེང་རབས་སྐྱེ་ཁམས་ཞིང་ཕྱུགས་ལས་ཀྱི་འཕེལ་རྒྱས་གོམ་སྟབས་ཇེ་མགྱོགས་སུ་གཏོང་བའི་སྐོར་གྱི་བསམ་འཆར།ཅ་བ།

ཡོང་ཁུངས། : མཚོ་སྔོན་སྲིད་གཞུང་དྲ་བ།     སྤེལ་དུས། : 2016-05-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

21. མཛེས་པའི་གྲོང་གསེབ་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་སྐུལ་འདེད་བྱ་དགོས། 

ཚན་རིག་དང་མཐུན་པར་གྲོང་སྡེ་འཛུགས་སྐྲུན་གྱི་འཆར་འགོད་སྒྲིག་བཟོ་དང་དོ་དམ་བྱ་དགོས། རོང་འབྲོག་ཁུལ་གྱི་སྤྱི་པའི་ཞབས་ཕྱི་སྒྲིག་ཆས་ལེ་ལག་ཚང་བར་བསྒྲིག་པ་དང། རི་ཆུ་ནགས་ཞིང་ལམ་བཅས་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པར་སྐུལ་འདེད་བྱ་དགོས། མུ་མཐུད་དུ་གྲོང་སྡེ་ལྗང་བསྒྱུར་ལས་གྲྭ་ལག་བསྟར་དང། སྐྱེ་ཁམས་གྲོང་གསེབ་འཛུགས་སྐྲུན་བྱ་དགོས་པ་དང། ལྗང་མདོག་འཛུགས་སྐྲུན་རྒྱུ་ཆ་ཁྱབ་གདལ་དུ་བཏང་ནས། ནུས་སྲི་ཅན་གྱི་ཞིང་བའི་ཁྱིམ་གཞིས་བསྐྲུན་དགོས། རོང་འབྲོག་ཁུལ་གྱི་ཆུ་ལམ་གཙང་བཟོ་བྱེད་སྒོ་ལག་བསྟར་བྱ་དགོས། སྡེ་བ་རིམ་པའི་ཀུན་ཕན་ལས་དོན་ལ་དོན་གཅིག་གྲོས་གཅིག་བྱེད་པ་དང་ནོར་སྲིད་བྱ་དགའི་ཁ་གསབ་སྟེར་བའི་རྐྱེན་སྲོལ་འཐུས་ཚང་དུ་གཏང་བ་དང། སྡེ་བའི་ནང་གི་སྤྱི་པའི་སྒྲིག་ཆས་དང་འཚོ་སྡོད་ཁོར་ཡུག་ཇེ་ལེགས་སུ་གཏོང་བར་རྒྱབ་སྐྱོར་བྱ་དགོས། ཞིང་སྡེའི་འཚོ་བའི་གད་སྙིགས་སྒྲིག་བཅོས་ལ་མུ་མཐུད་དུ་སྐུལ་འདེད་བྱེད་པ་དང། གྲོང་སྡེའི་གད་བདར་ལམ་ལུགས་ཡོངས་ཁྱབ་ཏུ་འཛུགས་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་བཅོས་སྐྱོང་མཉམ་དུ་གཙིགས་སུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། རོང་འབྲོག་ཁུལ་གྱི་ཁོར་ཡུག་སྒྲིག་བཅོས་ཀྱི་འགྲོ་སོང་དེ་རིམ་བཞིན་ས་གནས་ཀྱི་ནོར་སྲིད་སྔོན་རྩིས་སུ་འགོད་པ་དང། ནོར་སྲིད་ཀྱིས་བར་ཁྱད་ཅན་གྱི་བྱ་དགའི་ཁ་གསབ་སྟེར་དགོས་ལ། སྲིད་ཇུས་རང་བཞིན་གྱི་དངུལ་རྩའི་ལས་ཁུངས་ཀྱིས་ཡུན་རིང་གི་སྐྱེད་དམའ་བུན་དངུལ་འདོན་སྤྲོད་བྱ་དགོས། སྐྱེ་ཁམས་དཔལ་ཡོན་དཔེ་སྟོན་སྡེ་བ་དང་གྲོང་རྡལ་འཛུགས་སྐྲུན་བྱ་དགོས། གང་ལ་གང་འཚམ་གྱིས་རང་རང་གི་ཁྱད་ཆོས་ལྡན་པའི་མཛེས་པའི་གྲོང་གསེབ་འཛུགས་སྐྲུན་བྱེད་སྟངས་འཚོལ་ཞིབ་བྱེད་པ་དང། རོང་འབྲོག་ཁུལ་གྱི་སྲོལ་རྒྱུན་སྡེ་བའི་གཞིས་ཁང་དང་རིག་གནས་སྡེ་བ་གྲགས་ཅན་ནམ་གྲོང་རྡལ་གྲགས་ཅན་ལ་སྲུང་སྐྱོབ་བྱེད་ཤུགས་ཇེ་ཆེར་གཏང་དགོས།

22. རོང་འབྲོག་ཁུལ་གྱི་ངལ་རྩོལ་པ་གནས་སྤོ་ལས་ཞུགས་སམ་ལས་སྐྲུན་བྱེད་པ་དང་གླ་རྒྱག་ཞིང་པ་གྲོང་མིར་བསྒྱུར་བར་སྐུལ་འདེད་བྱ་དགོས། 

ངལ་ལས་དཔལ་འབྱོར་ཤུགས་ཆེན་པོས་གོང་དུ་སྤེལ་བ་དང། རོང་འབྲོག་ཁུལ་གྱི་ངལ་རྩོལ་པ་གནས་སྤོ་ལས་ཞུགས་བྱེད་པའི་ཞབས་ཕྱི་མ་ལག་གསར་གཏོད་བྱས་ནས། རོང་འབྲོག་ཁུལ་གྱི་ངལ་རྩོལ་པར་རྩ་འཛུགས་བྱས་ཏེ་ཐག་དེ་གའམ་ས་ཉེ་ས་རུ་གནས་སྤོ་ལས་ཞུགས་དང་ལས་སྐྲུན་བྱེད་དུ་འཇུག་དགོས། “སྟོན་དུས་སྲིལ་བལ་འཐོག་པ”དང“འཕང་འབྲས་འཐོག་པ། ” “འཐེན་ཐུག་དཔལ་འབྱོར”སོགས་ངལ་ལས་མིང་རྟགས་གྲགས་ཅན་སྐྱེད་སྲིང་བྱེད་པ་དང་དར་རྒྱས་སུ་གཏང་དགོས་པ་དང། གཞན་ཡུལ་འགྲིམ་པའི་གླ་རྒྱག་ཞིང་པའི་གཞི་ཁྱོན་བརྟན་འཇགས་དང་རྒྱ་བསྐྱེད་བྱ་དགོས། རོང་འབྲོག་ཁུལ་གྱི་སྟབས་བསྟུན་ལས་ཞུགས་དང་གསར་གཏོད་ལས་ཞུགས་ཀྱི་རྣམ་པར་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་གཏང་དགོས། ངལ་རྩོལ་པའི་ནུས་རྩལ་གསོ་སྦྱོང་ལ་ཤུགས་བསྣན་པ་དང། གསར་སྐྱེས་གླ་རྒྱག་ཞིང་པའི་ལས་རིགས་ནུས་རྩལ་མཐོར་འདེགས་འཆར་གཞི་ལག་བསྟར་བྱ་དགོས། གླ་རྒྱག་ཞིང་པའི་ཁྲིམས་མཐུན་ངལ་རྩོལ་ཁེ་དབང་ལ་ཁྲིམས་ལྟར་སྲུང་སྐྱོང་བྱེད་པ་དང། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ངལ་རྩོལ་པ་འདྲ་མཉམ་ངང་ལས་ཞུགས་ཐུབ་པའི་ལམ་ལུགས་འཐུས་ཚང་དུ་གཏང་བ་དང། གླ་རྒྱག་ཞིང་པའི་གླ་ཕོགས་གཏོང་སྤྲོད་འགན་སྲུང་བྱེད་པའི་ཡུན་ཕན་རྐྱེན་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏང་དགོས། ཁྱིམ་ཐོ་དང་ཞིང་ས། སྡོད་ཁང། སྤྱི་ཚོགས་འགན་སྲུང་བཅས་ཀྱི་ལམ་ལུགས་བཅོས་སྒྱུར་ཧུར་ཐག་གིས་སྤེལ་བ་དང། སྒྲིག་ཁོངས་གྲོང་རྡལ་དང་གྲོང་ཁྱེར་ཆུང་བའི་གཞིས་ཆགས་སྲིད་ཇུས་འཐུས་ཚང་དུ་བཏང་སྟེ། གྲོང་ཁྱེར་དུ་གཞིས་ཆགས་པའི་གླ་རྒྱག་ཞིང་པ་དང་མཁར་གྲོང་སྡོད་དམངས་ལ་གཅིག་མཐུན་གྱི་ཁེ་དབང་དང་འོས་འགན་ཡོད་པ་འགན་སྲུང་བྱ་དགོས། གླ་རྒྱག་ཞིང་པའི་རྗེས་ཁྲིད་བུ་ཕྲུག་དག་ས་དེ་ག་ནས་འབྲིང་རྒྱུགས་དང་མཐོ་རྒྱུགས་ལ་ཞུགས་པའི་སྲིད་ཇུས་འཐུས་ཚང་དུ་གཏང་བ་དང་དོན་ཐོག་ཏུ་འཁྱོལ་བར་བྱ་དགོས། ཆ་རྐྱེན་ལོངས་པའི་གླ་རྒྱག་ཞིང་པ་དག་མཁར་གྲོང་གི་སྤྱི་ཚོགས་འགན་སྲུང་དང་མཁར་གྲོང་གི་སྡོད་ཁང་འགན་སྲུང་ལག་བསྟར་བྱེད་པའི་ཁྱབ་ཁོངས་སུ་བསྡུ་དགོས། ནོར་སྲིད་ཀྱི་སྤོ་སྒྱུར་གཏོང་སྤྲོད་དེ་ཞིང་ཕྱུགས་ལས་ཀྱི་གནས་སྤོ་མི་གྲངས་གྲོང་མིར་བསྒྱུར་བར་ཟུང་སྦྲེལ་བྱེད་པའི་རྐྱེན་སྲོལ་ཆ་ཚང་བར་བྱེད་པ་དང། མཁར་གྲོང་གི་འཛུགས་སྐྲུན་སྤྱོད་ས་འཕར་ཚད་དེ་ཞིང་ཕྱུགས་ལས་ཀྱི་གནས་སྤོ་མི་གྲངས་ཀྱི་གཞིས་ཆགས་ཁ་གྲངས་དང་ཟུང་སྦྲེལ་བྱེད་པའི་རྐྱེན་སྲོལ་འཛུགས་དགོས། གྲོང་ཁྱེར་དུ་ཡོང་ནས་གཞིས་ཆགས་པའི་རོང་འབྲོག་པའི་ས་ཞིང་འགན་གཙང་ལེན་དབང་ཆ་དང། གཞི་ས་བེད་སྤྱོད་དབང་ཆ། ཐུན་མོང་ཁེ་འབབ་བགོ་བཤའ་དབང་ཆ་བཅས་ལ་སྲུང་སྐྱོང་བྱེད་པ་དང། དེ་དག་གིས་ཁྲིམས་ལྟར་རང་མོས་ཀྱིས་རྔན་ཡོད་བཤུག་སྤྲོད་བྱེད་པར་རྒྱབ་སྐྱོར་དང་ཁྲིད་སྟོན་བྱ་དགོས།

23. དབུལ་སྒྲོལ་འགག་གཏོར་ལས་གྲྭ་ལག་བསྟར་བྱ་དགོས། 

ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི“ལོ་བཞི་ལ་གཅིག་བསྡུས་འགག་གཏོར་དང། ལོ་གཅིག་ལ་སྲ་བརྟན་མཐོར་འདེགས་བྱེད”པའི་སྤྱིའི་བཀོད་པར་རྩེ་གཅིག་ཏུ་དམིགས་ནས། “སྐོར་ཞིག་བརྒྱད”ཀྱི་དབུལ་སྒྲོལ་འགག་གཏོར་འགུལ་སྐྱོད་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང། གནད་ཁེལ་དབུལ་སྐྱོར་དང་གནད་ཁེལ་དབུལ་སྒྲོལ་ལག་བསྟར་བྱས་ཏེ། སྤྱི་ཁོག་དབུལ་སྒྲོལ་སྔ་སྣུར་གྱིས་མངོན་དུ་བགྱུར་བ་ཁག་ཐེག་བྱ་དགོས། སྡེ་ཡོངས་སྐུལ་སྤེལ་གྱི་དབུལ་སྒྲོལ་ལས་གཞི་གཙོ་གནད་དུ་བཟུང་སྟེ། གང་ལ་གང་འཚམ་གྱིས་ཐོན་ལས་སྡེབ་སྒྲིག་བྱེད་པ་དང། རྨང་གཞིའི་སྒྲིག་བཀོད་དང་དང་སྤྱི་པའི་ཞབས་ཕྱིའི་མི་འདང་ས་ཁ་ཚང་བར་བྱ་དགོས། ཐོན་ཁུངས་ཧྲིལ་སྡེབ་དང་སྒྲུབ་སྟངས་གསར་གཏོད་བྱས་ནས། ཡུལ་གཞན་དུ་གནས་སྤོ་ལས་གྲྭ་ཏན་ཏིག་གིས་སྤེལ་དགོས། དབུལ་སྐྱོར་ཐོན་ལས་ར་བའི་ལས་གཞི་ལག་བསྟར་ལེགས་པོ་བྱེད་པ་དང། དབུལ་ཕོངས་ཁྱིམ་ཚང་དག་ཁྱད་ལྡན་ཐོན་ལས་གོང་སྤེལ་དུ་ཞུགས་པར་ཧུར་ཐག་གིས་རྒྱབ་སྐྱོར་བྱ་དགོས། རེས་གསར་བའི་ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་དང་ཁེ་ལས་དོན་ལས་སྡེ་ཁག་དང་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་གནས་ངེས་གཏན་གྱིས་དབུལ་སྐྱོར་བྱ་བ་ཏན་ཏིག་གིས་སྤེལ་དགོས། ཏང་སྲིད་མགོ་ཁྲིད་ཀྱིས་དབུལ་ཕོངས་རྫོང་དང་དབུལ་ཕོངས་གྲོང་གསེབ། གཙོ་གནད་སྡེ་བར་འབྲེལ་གཏུག་བྱེད་པའི་ལམ་ལུགས་འཐུས་ཚང་དུ་གཏང་དགོས་པ་དང། “ཧྲུའུ་ཅི་དང་པོ”དང་དབུལ་སྐྱོར་བྱ་བའི་རུ་ཁག་སྡེ་བར་བཅའ་སྡོད་ཀྱིས་ཁྱིམ་ཚང་ལ་འབྲེལ་གཏུག་དང་འཛུགས་སྐྲུན་བྱེད་རོགས་ཀྱི་བྱ་བ་ཏན་ཏིག་གིས་སྤེལ་ཏེ། སྤྱི་ཚོགས་དབུལ་སྐྱོར་གྱི་སྟོབས་ཤུགས་གཅིག་སྒྲིལ་བྱ་དགོས། དབུལ་སྐྱོར་འདོན་སྤེལ་དང་མ་དངུལ་གཏོང་འཇོག་ཚད་ཡོད་འགན་འཁྲི་ཚད་ཡོད་སྤྱི་གཉེར་ཁང་སྒྲིག་འཛུགས་བྱས་ཏེ། དབུལ་སྐྱོར་གཞི་གྲངས་ཆེན་མོའི་ལས་སྟེགས་འཛུགས་དགོས། དབུལ་སྒྲོལ་འགག་གཏོར་ལ་ཆེས་ནན་ཏན་ཡིན་པའི་ཞིབ་དཔྱད་དང་ལྟ་སྐུལ་ཞིབ་བཤེར་དང་འགན་འཁྲི་རྩད་གཅོད་བཅས་བྱ་དགོས།

ལྔ། རོང་འབྲོག་ཁུལ་གྱི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་ནས། རོང་འབྲོག་ཁུལ་གྱི་འཕེལ་རྒྱས་སྟོབས་ཤུགས་ཇེ་དྲག་ཏུ་གཏང་དགོས།

བཅོས་སྒྱུར་དང་གསར་གཏོད་ནི་འཕེལ་རྒྱས་ཀྱི་རྩ་བའི་སྒུལ་ཤུགས་ཡིན། “ཞིང་གསུམ”གནད་དོན་སེལ་དགོས་ན། ངེས་པར་དུ་རྐྱེན་སྲོལ་ལམ་སྲོལ་གསར་གཏོད་ལ་མུ་མཐུད་ནས་སྐུལ་འདེད་བྱ་དགོས་པ་དང། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྒྱུ་གཉིས་སྒྲིག་གཞིའི་ལམ་སྲོལ་གེགས་རྒྱ་ཤུགས་བསྒྲིམས་ནས་གཏོར་དགོས། ཞིང་ཕྱུགས་ལས་ཀྱི་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞིའི་རང་བཞིན་གྱི་བཅོས་སྒྱུར་ལ་སྐུལ་འདེད་དང། རོང་འབྲོག་པའི་གསར་གཏོད་ལས་སྐྲུན་གྱི་སྟོབས་ཤུགས་སྐུལ་སློང་བྱས་ཏེ། ཞིང་ཕྱུགས་ལས་དང་རོང་འབྲོག་ཁུལ་གོང་དུ་སྤེལ་བའི་སྒུལ་ནུས་གསར་བ་སྔར་བས་མང་པོ་ཕྱིར་གཏང་དགོས།

24. ཞིང་སྡེའི་ཐུན་མོང་ཐོན་དབང་ལམ་ལུགས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་དགོས། 

རོང་འབྲོག་ཁུལ་གྱི་ས་ཞིང་དང་རྩྭ་ར་འགན་གཙང་ལེན་བྱེད་པའི་འབྲེལ་བ་བརྟན་སྲུང་བྱེད་པ་དང། ཐུན་མོང་ལ་མངའ་བའི་དབང་ཆ་དོན་ཐོག་ཏུ་འཁྱོལ་བར་བྱ་དགོས། རོང་འབྲོག་ཁྱིམ་ཚང་གི་འགན་གཙང་ལེན་དབང་ཆ་བརྟན་སྲུང་བྱེད་པ་དང། ས་ཞིང་དང་རྩྭ་རའི་བདག་གཉེར་དབང་ཆ་འཁྲུག་པོར་གཏང་བ་དང། “དབང་གསུམ་དབྱེ་འཇོག”བྱེད་ཐབས་འཐུས་ཚང་དུ་བཏང་ནས། རོང་འབྲོག་ཁུལ་གྱི་ས་ཞིང་དང་རྩྭ་རའི་འགན་གཙང་ལེན་འབྲེལ་བ་ཡུན་རིང་མི་འགྱུར་བའི་གཏན་ཁེལ་ཕྲ་ཞིབ་ཁ་གསལ་བོ་བྱ་དགོས། ཞིང་སྡེའི་ས་ཞིང་འགན་གཙང་ལེན་གྱི་བདག་གཉེར་དབང་ཆར་ངོས་འཛིན་དང་ཐོ་འགོད་དང་དཔང་ཡིག་སྟེར་བའི་བྱ་བ་མུ་མཐུད་དུ་རྒྱ་བསྐྱེད་དགོས་པ་དང། འབྲོག་ཁུལ་གྱི་རྩྭ་རའི་དབང་ཆར་ངོས་འཛིན་དང་ཐོ་འགོད་དང་དཔང་ཡིག་སྟེར་བའི་ཚོད་ལྟའི་གནས་སྤེལ་དགོས། ས་ཞིང་དང་རྩྭ་རའི་བདག་གཉེར་དབང་ཆ་གོ་རིམ་ལྡན་པའི་སྒོ་ནས་འཁོར་རྒྱུག་བྱེད་པར་ཁྲིམས་ལྟར་སྐུལ་འདེད་བྱ་དགོས་པ་དང། རོང་འབྲོག་ཁྱིམ་ཚང་གིས་རང་མོས་ལྟར་འགན་གཙང་ལེན་བྱས་ས་བརྗེ་རེས་བྱས་ཏེ་ཡུག་འབྲེལ་རྨོ་འདེབས་ཐུབ་པར་བསྟོད་སྐུལ་དང་ཁྲིད་སྟོན་བྱ་དགོས། ཞིང་སྡེའི་ཐུན་མོང་གི་འཛུགས་སྐྲུན་སྤྱོད་ས་དང་གཞི་སའི་ཁང་ས་གཞི་གཅིག་གི་བརྟན་འཇགས་རྒྱུ་ནོར་ལ་གཅིག་གྱུར་ཐོ་འགོད་བྱེད་པའི་བྱ་བ་མགྱོགས་མྱུར་ངང་སྤེལ་དགོས། གཞི་སའི་ལམ་ལུགས་བཅོས་སྒྱུར་གྱི་ཚོད་ལྟའི་གནས་གཏིང་ཟབ་ཏུ་སྤེལ་དགོས། གཞི་སའི་ཁེ་དབང་འགན་སྲུང་དང་ཐོབ་སྟངས་འཐུས་ཚང་དུ་གཏང་བ་དང། རོང་འབྲོག་པའི་སྡོད་ཁང་འགན་སྲུང་བྱེད་པའི་རྐྱེན་སྲོལ་གསར་བ་འཚོལ་ཞིབ་བྱ་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཛུགས་སྐྲུན་སྤྱོད་སའི་འཕར་ཆག་ལ་ཟུང་སྦྲེལ་བྱེད་པའི་ཚོད་ལྟའི་གནས་འཐུས་ཚང་དུ་གཏོང་བ་དང་རྒྱ་བསྐྱེད་དེ། དམིགས་ཚད་ཉོ་ཚོང་གི་ཁེ་འབབ་དེ་རོང་འབྲོག་པའི་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་ཇེ་ལེགས་སུ་གཏོང་བར་སྤྱད་དགོས། ས་ཞིང་སྒྱུར་བཅོས་བྱས་ཏེ་འཕར་སྣོན་བྱུང་བའི་རྨོ་ཞིང་དག་ནི་འཛིན་སྤྱོད་དང་ཁ་གསབ་དོ་མཉམ་བྱེད་པའི་ཁ་སྣོན་རྨོ་ཞིང་གི་དམིགས་ཚད་དུ་འཛིན་པར་འཚོལ་ཞིབ་བྱས་ཏེ། “སུ་ཡིས་མ་དངུལ་བཏང་ན། དེ་ལ་ཁེ་ཕན་ཐོབ་པའི”རྩ་དོན་ལྟར་དམིགས་ཚད་ཉོ་ཚོང་བྱས་པའི་ཁེ་འབབ་ཕྱིར་སྤྲོད་དགོས། སྡེ་བ་རིམ་པའི་ས་ཞིང་བེད་སྤྱོད་ཀྱི་འཆར་འགོད་སྒྲིག་བཟོ་བྱ་བ་སྤེལ་དགོས། ནོར་སྲིད་མ་དངུལ་ཞིང་ཕྱུགས་ལས་དང་རོང་འབྲོག་ཁུལ་དུ་བཏང་ནས་གྲུབ་པའི་བདག་གཉེར་རང་བཞིན་གྱི་རྒྱུ་ནོར་དེ། ཁྱིམ་ཚང་སོ་སོར་མ་རྐང་འཛིན་དབང་ཚད་བཅད་ནས། ཐུན་མོང་རྩ་འཛུགས་ཀྱི་ཁོངས་མི་ཡོངས་ལ་ཡུན་རིང་བོར་རྒྱུ་ནོར་གྱི་ཁེ་འབབ་ལོངས་སྤྱོད་དུ་འཇུག་ཐབས་འཚོལ་ཞིབ་བྱ་དགོས།

25. རོང་འབྲོག་ཁུལ་གྱི་དངུལ་ལོར་ཞབས་ཕྱི་མ་ལག་བསྐྲུན་དགོས། 

ནོར་སྲིད་ཀྱི་ཁྲལ་འབབ་དང་དངུལ་ལོར་ཡིད་རྟོན་དངུལ་བུན། དངུལ་ལོར་ལྟ་སྐུལ་དོ་དམ་སོགས་སྐོར་གྱི་སྲིད་ཇུས་ཕྱོགས་བསྡུས་ཀྱིས་བེད་སྤྱད་དེ། དངུལ་ལོར་ཐོན་ཁུངས་དེས་རྒྱུན་མ་ཆད་པར“ཞིང་གསུམ”ཐད་ལ་གཟིགས་སྐྱོང་དང། “གཞི་རིམ་དངུལ་ཁང་དང་གཞི་རིམ་ཏང་རྩ་འཛུགས་མཉམ་འབྲེལ”དང“དངུལ་བུན་མི་འདང་བ་ཁ་གསབ་པའི”ལས་གྲྭ་ཏན་ཏིག་གིས་བསྐྲུན་ནས་ཞིང་ཕྱུགས་ལས་ཀྱི་ཡིད་རྟོན་དངུལ་བུན་གྱི་བསྡོམས་འབོར་བསྟུད་མར་ཇེ་མང་དུ་འགྲོ་བ་དང། ཞིང་ལས་དང་འབྲེལ་བའི་ཡིད་རྟོན་དངུལ་བུན་གྱི་བསྡུར་ཚད་མར་མི་ཆག་པ་ཁག་ཐེག་བྱ་དགོས། ས་ཞིང་དང་རྩྭ་ར་འགན་གཙང་ལེན་གྱིས་བདག་གཉེར་དབང་ཆ་དང་ནགས་ཚལ་བདག་དབང། ནོར་ལུག་སོགས་གཏའ་མར་བཞག་ནས་དངུལ་བུན་བསྐྱི་བར་ཚོད་ལྟ་བྱས་ནས། གཏའ་མར་འཇོག་སྟངས་གསར་གཏོད་བྱ་བར་སྐུལ་འདེད་གཏང་དགོས། རྒྱལ་ཁབ་གསར་སྤེལ་དངུལ་ཁང་དང་ཞིང་ལས་གོང་སྤེལ་དངུལ་ཁང་སོགས་སྲིད་ཇུས་རང་བཞིན་གྱི་དངུལ་ཁང་གི་དགེ་མཚན་འདོན་སྤེལ་བྱས་ནས། མ་གནས་ཉུང་ཞིང་ཡུན་རིང་བའི་ཡིད་རྟོན་དངུལ་བུན་གྱི་མ་དངུལ་འདོན་སྤྲོད་བྱ་དགོས། ཞིང་ལས་དངུལ་ཁང་དང་སྦྲག་སྲིད་གསོག་བཅོལ་དངུལ་ཁང་གིས“ཞིང་གསུམ”གྱི་དངུལ་ལོར་ཐོན་རྫས་གསར་གཏོད་དང་ཁྱབ་ཁོངས་གཙོ་བོར་ཡིད་རྟོན་དངུལ་བུན་གཏོང་ཤུགས་ཆེར་བསྐྱེད་པར་རོགས་སྐྱོར་བྱ་དགོས། ཞིང་སྡེའི་ཡིད་རྟོན་ཁང་གི་རྫོང་ཁོངས་ཀྱི་ཁྲིམས་མིའི་གོ་གནས་བརྟན་པོར་བཏང་ནས་ཞིང་ལས་ལ་རོགས་སྐྱོར་བྱེད་མཁན་གཙོ་ཤུགས་དམག་དཔུང་གི་ནུས་པ་མུ་མཐུད་དུ་འདོན་སྤེལ་བྱ་དགོས། སྡེ་བ་དང་གྲོང་རྡལ་གྱི་དངུལ་ཁང་འཛུགས་སྟངས་གསར་གཏོད་བྱས་ནས། ཞིང་སྡེའི་དངུལ་ལོར་ཞབས་ཕྱི་མ་ལག་རིམ་བཞིན་འཐུས་ཚང་དུ་གཏང་དགོས། ཞིང་ཆེན་རིམ་པའི་ཞིང་ཕྱུགས་ལས་ཡིད་རྟོན་དངུལ་བུན་གྱི་འགན་ལེན་ལས་སྟེགས་དེ་སྣེ་ཁྲིད་མཁན་བྱས་ཏེ། རྫོང་རིམ་པའི་ཞིང་ཕྱུགས་ལས་ཀྱི་སྲིད་ཇུས་རང་བཞིན་གྱི་འགན་ལེན་ལས་སྟེགས་སྐྲུན་ཤུགས་ཇེ་ཆེར་བཏང་ཐོག སྲིད་གཞུང་གིས་རྒྱབ་སྐྱོར་བྱེད་པའི“ཞིང་གསུམ”གྱི་སྲིད་ཇུས་རང་བཞིན་གྱི་དངུལ་ལོར་རྒྱུན་འཁོར་འགན་ལེན་མ་ལག་འཐུས་ཚང་དུ་གཏང་དགོས། ཞིང་ཕྱུགས་ལས་ཀྱི་ཉེན་སེལ་ལ་རོགས་སྐྱོར་བྱེད་ཤུགས་ཇེ་ཆེར་གཏང་བ་དང། སྲིད་ཇུས་རང་བཞིན་གྱི་ཞིང་ལས་ཀྱི་ཉེན་སེལ་ཚོད་ལྟ་བྱས་པའི་ཉམས་མྱོང་ཁྱབ་གདལ་དུ་བཏང་ཐོག སོན་འདེབས་ལས་རིགས་དང་གསོ་སྤེལ་ལས་རིགས་ཀྱི་ཉེན་སེལ་གྱི་སྣ་ཁ་དང་ཁྱབ་རྒྱ་བསྐྱེད་པ་དང། ཞིང་སྡེའི་སྡོད་ཁང་གི་ཉེན་སེལ་དང་རོང་འབྲོག་ཁྱིམ་ཚང་གི་རྒན་གསོ་དང་བདེ་ཐང་གི་ཉེན་སེལ། ཞིང་སྡེའི་གྲངས་འབོར་ཉུང་བའི་མི་ལུས་ཀྱི་ཉེན་སེལ་སོགས་ཞིང་པར་འབྲེལ་བའི་ཉེན་སེལ་བྱེད་སྒོ་སྤེལ་བར་སྐུལ་འདེད་གཏང་དགོས། གྲངས་འབོར་ཉུང་བའི་ཡིད་རྟོན་དངུལ་བུན་བསྐྱི་བའི་ཁག་ཐེག་ཉེན་སེལ་སོགས་ཐོན་རྫས་གསར་བ་འཚོལ་ཞིབ་དང་ཚོད་ལྟ་བྱ་དགོས། བོགས་མར་གཏོང་ལེན་དང་ཡིད་རྟོན་མངག་བཅོལ། ཐེབས་རྩ། དུས་བཅད་ཚོང་ཟོག་བཅས་ཀྱི་ནུས་པ་འདོན་སྤེལ་བྱས་ནས་ཐད་ཀར་མ་དངུལ་འཇོག་པ་དང་མ་དངུལ་རྒྱུན་འཁོར་གྱི་བྱེད་སྒོ་སྤེལ་བར་སྐུལ་བསྟོད་བྱས་ནས། ཞིང་ཕྱུགས་ལས་གོང་དུ་སྤེལ་བར་རོགས་འདེགས་བྱ་དགོས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།