ཀྲུང་གོ་བོད་ཀྱི་དྲ་བ།

མཐོ་སྒང་གི་ཁྱད་ཆོས་ལྡན་པའི་དེང་རབས་སྐྱེ་ཁམས་ཞིང་ཕྱུགས་ལས་ཀྱི་འཕེལ་རྒྱས་གོམ་སྟབས་ཇེ་མགྱོགས་སུ་གཏོང་བའི་སྐོར་གྱི་བསམ་འཆར། ཀ་བ།

ཡོང་ཁུངས། : མཚོ་སྔོན་སྲིད་གཞུང་དྲ་བ།     སྤེལ་དུས། : 2016-05-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་འབྱོར་འབྲིང་ཁྱོན་ཡོངས་ནས་མངོན་དུ་བསྒྱུར་བའི་དམིགས་འབེན་ལ་དམིགས་ཏེ་མཐོ་སྒང་གི་ཁྱད་ཆོས་ལྡན་པའི་དེང་རབས་སྐྱེ་ཁམས་ཞིང་ཕྱུགས་ལས་ཀྱི་འཕེལ་རྒྱས་གོམ་སྟབས་ཇེ་མགྱོགས་སུ་གཏོང་བའི་སྐོར་གྱི་བསམ་འཆར།

ལོ་ལྔའི་འཆར་འགོད་བཅུ་གཉིས་པའི་དུས་སྐབས་ནི་རང་ཞིང་གི་ཞིང་ཕྱུགས་ལས་དང་རོང་འབྲོག་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་འགྲོ་བའི་དུས་སྐབས་བཟང་ཤོས་ཡིན། བསྟུད་མར་ལོ་བརྒྱད་ལ་འབྲུ་རིགས་ཐོན་སྐྱེད་ཏུན་ས་ཡ་ལྷག་གི་གཞི་ཁྱོན་བརྟན་སྲུང་བྱས་ཤིང། “ཚོད་སླེ”ཡི་འདོན་སྤྲོད་འགན་སྲུང་བྱེད་པའི་ཆུ་ཚད་མངོན་གསལ་གྱིས་ཇེ་མཐོར་ཕྱིན་པ་དང། ཞིང་ཕྱུགས་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་ཤུགས་བརྟན་འཇགས་ངང་ཡར་འཕར། རོང་འབྲོག་པའི་མི་རེའི་ཆ་སྙོམས་སྤྱོད་འཐུས་ཡོང་སྒོ་ལོ་རེར་ཆ་སྙོམས་ཀྱིས14.5%འཕར་ཞིང། མཁར་གྲོང་སྡོད་དམངས་ཀྱི་ཡོང་སྒོ་དང་རྒྱལ་ཡོངས་ཞིང་པའི་ཆ་སྙོམས་ཡོང་སྒོ་ལ་བསྡུར་ན་བར་ཁྱད་མུ་མཐུད་དུ་ཇེ་ཆུང་དུ་ཕྱིན། ཞིང་ཕྱུགས་ལས་ཀྱི་རྨང་གཞིའི་སྒྲིག་བཀོད་ཆ་རྐྱེན་མགྱོགས་མྱུར་གྱིས་ལེགས་བཅོས་བྱས་ཤིང་། རོང་འབྲོག་ཁུལ་གྱི་སྤྱི་པའི་ཞབས་ཕྱི་ལ་མཐོར་འདེགས་མངོན་གསལ་བྱུང། དབུལ་སྒྲོལ་འགག་གཏོར་ཤུགས་ཆེན་པོས་སྐུལ་སྤེལ་བྱས་ཏེ། དམངས་འཚོ་འགན་སྲུང་ཆུ་ཚད་མུ་མཐུད་དུ་ཇེ་མཐོར་བཏང། སྐྱེ་ཁམས་སྲུང་སྐྱོང་དམིགས་སུ་འགེར་བའི་འཐབ་ཇུས་རྒྱུན་འཁྱོངས་བྱས་ཏེ། སྐྱེ་ཁམས་འཛུགས་སྐྲུན་དང་སྲུང་སྐྱོང་ལ་ཡར་རྒྱས་ཆེན་པོ་ཐོབ། ས་ཁུལ་ཁ་ཤས་ཀྱི་སྐྱེ་ཁམས་ངན་འགྱུར་གྱི་འཕེལ་ཕྱོགས་མངོན་གསལ་གྱིས་ཇེ་ལེགས་སུ་བཏང། རོང་འབྲོག་ཁུལ་གྱི་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་ནས། རྣམ་པ་གསར་བའི་བདག་གཉེར་གཙོ་གཞི་མུ་མཐུད་དུ་དར་རྒྱས་བྱུང་ཞིང་། ཞིང་ཕྱུགས་ལས་ཐད་ཀྱི་ཚན་རྩལ་མགྱོགས་མྱུར་གྱིས་གསར་གཏོད་བྱས་པ་དང། ཞིང་ཕྱུགས་ལས་དེང་རབས་ཅན་གྱི་འཕེལ་རྒྱས་གོམ་སྟབས་ཇེ་མགྱོགས་སུ་བཏང། རོང་འབྲོག་ཁུལ་གྱི་སྤྱི་ཚོགས་འཆམ་མཐུན་བརྟན་འཇགས་ཡིན་ཞིང། རོང་འབྲོག་ཁུལ་གྱི་ཏང་གི་སྲིད་འཛིན་རྨང་གཞི་སྔར་ལས་ཇེ་བརྟན་དུ་བཏང། རོང་འབྲོག་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་བརྟན་བརླིང་ངང་ཡར་རྒྱས་དང་རྒྱུན་མཐུད་ངང་བཟང་ཕྱོོགས་སུ་འཕེལ་ནས། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་བརྟན་བརླིང་སྐྱོན་བྲལ་སྒོས་འཕེལ་རྒྱས་སུ་འགྲོ་བ་དང་སྤྱི་ཚོགས་འཆམ་མཐུན་དང་བརྟན་འཇགས་ཡོང་བར་འདེགས་སྐྱོར་ཤུགས་ཆེན་པོ་འདོན་སྤྲོད་བྱས།

  ད་སྔ་རང་ཞིང་གི་ཞིང་ཕྱུགས་ལས་དང་རོང་འབྲོག་ཁུལ་གྱི་འཕེལ་རྒྱས་ཁོར་ཡུག་ལ་འཕོ་འགྱུར་ཟབ་མོ་བྱུང། ཞིང་ཕྱུགས་ལས་ཐོན་རྫས་ཀྱི་རིན་གོང་གི་གནམ་རྒྱན་པང་ལེབ་དང་མ་རྩའི་མཐིལ་ཤིང་པང་ལེབ་མཐོན་པོ། ཐོན་ཁུངས་ཁོར་ཡུག་གི་བཙིར་སྐྱོར་པང་ལེབ་མཁྲེགས་པོ་བཅས་“པང་ལེབ་གསུམ”གྱི་ཤུགས་རྐྱེན་ཇེ་དྲག་ཏུ་ཕྱིན་ཏེ། ཞིང་ཕྱུགས་ལས་ཀྱི་ཞིབ་བསྡུར་ཕན་འབྲས་མཐོར་འདེགས་སུ་གཏོང་བའི་དཀའ་ཚད་ཇེ་ཆེར་ཕྱིན། ངལ་རྩོལ་མི་ཤུགས་ཀྱི་དགོས་མཁོ་མར་ཆག་པ་དང། ཁྱིམ་ཚང་བདག་གཉེར་འཕར་སྣོན་གྱི་ཟུངས་ཤུགས་ཉམས་པ་དང་། སྲིད་ཇུས་ཁེ་བཟང་གློད་པའི་གཏིང་ཤུགས་འབེལ་པོ་མེད་པས། རོང་འབྲོག་པའི་ཡོང་སྒོ་བརྟན་འཇགས་ངང་འཕར་སྣོན་འབྱུང་བར་སྐུལ་འདེད་བྱེད་པའི་དཀའ་ཚད་ཇེ་ཆེར་ཕྱིན། ཞིང་ཕྱུགས་ལས་ཀྱི་སྤུས་ཚད་དང་ཕན་འབྲས་ཇེ་མཐོར་གཏོང་བ་དང། སྐྱེ་ཁམས་མཐུན་སྦྱོར་དང་ཐོན་ཁུངས་ཡུན་རིང་དུ་རྒྱུན་མཐུད་བེད་སྤྱོད་ཐུབ་པ་དང་ལྗང་མདོག་འཕེལ་རྒྱས་ཡོང་བ་མངོན་དུ་བསྒྱུར་བའི་དཀའ་ཚད་ཇེ་ཆེར་ཕྱིན། རོང་འབྲོག་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་སྔར་བཞིན་ཉམ་ཞན་པས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་བར་ཁྱད་མྱུར་དུ་ཇེ་ཆུང་དུ་གཏོང་བའི་དཀའ་ཚད་ཇེ་ཆེར་ཕྱིན། ཚན་རིག་གིས་འདེགས་སྐྱོར་བྱེད་པ་གཙོ་ཡིན་པའི་སྤྱི་ཚོགས་ཅན་གྱི་ཞབས་ཕྱིའི་མ་ལག་ད་དུང་ཆ་ཚང་དུ་གཏང་དགོས་ལ། རྣམ་པ་གསར་བའི་བདག་གཉེར་གཙོ་གཞིར་སྣ་འདྲེན་སྐུལ་ཁྲིད་ཀྱི་བྱེད་ནུས་དྲག་པོ་མེད་པས། ཞིང་ཕྱུགས་ལས་ལ་རིགས་བསྒྱུར་རིམ་སྤར་བྱེད་པའི་དཀའ་ཚད་ཇེ་ཆེར་ཕྱིན། དེར་བརྟེན། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་ངེས་པར་དུས་དང་རྣམ་པ་ཀུན་ཏུ་ངོས་ཟིིན་གསལ་བོ་རྒྱུན་འཁྱོངས་བྱེད་པ་དང། གཙིགས་འཛིན་ཚད་མཐོན་པོ་དང་། ཧུར་ཐག་གིས་ཁ་གཏད་མཉམ་འཇལ་བྱས་ཏེ། ཞིང་ཕྱུགས་ལས་དང་རོང་འབྲོག་ཁུལ་གྱི་གནས་བབ་ལེགས་པོ་མུ་མཐུད་དུ་འཕེལ་རྒྱས་དང་སྲ་བརྟན་ཏུ་གཏང་དགོས།

  ལོ་ལྔའི་འཆར་འགོད་བཅུ་གསུམ་པའི་དུས་སྐབས་ནི་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་ལེགས་འགྲུབ་བྱེད་པར་རྟིང་མ་ལེན་པའི་དུས་རིམ་ཡིན། 《ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་འགོད་བཅུ་གསུམ་པ་གཏན་འབེབས་བྱེད་པའི་སྐོར་གྱི་གྲོས་གཞི》ལས་དུས་རབས་གསར་བའི་ཞིང་ཕྱུགས་ལས་དང་རོང་འབྲོག་ཁུལ་གྱི་བྱ་བ་ལེགས་པོར་བསྒྲུབ་པའི་ཐད་ལ་བཀོད་སྒྲིག་གལ་ཆེན་བྱས་ཡོད་དེ། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་གསར་གཏོད་ལ་བརྟེན་ནས་ཞིང་པའི་སྟོབས་བསྐྱེད་པ་དང་། མཐུན་སྦྱོར་ལ་བརྟེན་ནས་ཞིང་པར་གཟིགས་སྐྱོང་གནང་བ། ལྗང་མདོག་ལ་བརྟེན་ནས་ཞིང་ལས་དར་རྒྱས་སུ་གཏོང་བ། སྒོ་འབྱེད་ལ་བརྟེན་ནས་ཞིང་པར་རོགས་རམ་བྱེད་པ། མཉམ་སྤྱོད་ལ་བརྟེན་ནས་ཞིང་པ་ཕྱུག་པོར་བསྒྱུར་བའི་འཕེལ་རྒྱས་འདུ་ཤེས་གཏིང་ཟབ་པར་ལག་ལེན་མཐིལ་ཕྱིན་བྱེད་པ་དང། མཐོ་སྒང་གི་ཁྱད་ཆོས་ལྡན་པའི་དེང་རབས་ཞིང་ཕྱུགས་ལས་ཀྱི་འཕེལ་རྒྱས་གོམ་སྟབས་ཇེ་མགྱོགས་སུ་བཏང་སྟེ། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་ལེགས་འགྲུབ་ཡོང་བའི་དམིགས་འབེན་མངོན་འགྱུར་ཐུབ་པ་ཁག་ཐེག་བྱ་དགོས།

  2016ལོའི་ཞིང་ཕྱུགས་ལས་དང་རོང་འབྲོག་ཁུལ་གྱི་བྱ་བའི་སྤྱི་ཁོག་བླང་བྱ་ནི། ཏིན་ཞའོ་ཕེན་གཞུང་ལུགས་དང“མཚོན་བྱེད་གསུམ”གྱི་དགོངས་དོན་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་བཅས་ཀྱི་མཛུབ་སྟོན་འོག་ཏུ། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་བཞི་བ་ལྔ་བ་དང་ཀྲུང་དབྱང་གི་ཞིང་སྡེའི་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་མཐའ་འཁྱོལ་བྱེད་པ་དང། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་ལགས་ཀྱི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་གཏིང་ཟབ་ཏུ་ལག་བསྟར་མཐའ་འཁྱོལ་བྱེད་པ་དང། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་ལེགས་འགྲུབ་བྱེད་པའི་སྤྱིའི་དམིགས་འབེན་ལ་རྩེ་གཅིག་ཏུ་དམིགས་ནས། “འཕེལ་རྒྱས་ཆེན་པོ་ལྔ” ཡི་འདུ་ཤེས་གསར་བ་དང“131”གི་སྤྱི་ཁོག་བླང་བྱ་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ། འདོན་སྤྲོད་ཁག་ཐེག་དང་ཡོང་སྒོ་ཁག་ཐེག སྐྱེ་ཁམས་ཁག་ཐེག་བྱེད་པ་སྤྱིའི་ལས་འགན་དང་། ཞིབ་བསྡུས་ཅན་དང་སྐྱེ་ལྡན་ཅན། ཟོང་རྟགས་ཅན་ནི་ཁ་ཕྱོགས་བྱེད་པ་དང་། སྒྲིག་གཞི་ལེགས་སྒྲིག་དང་བྱེད་སྟབས་བསྒྱུར་བརྗེ། བཅོས་སྒྱུར་སྐུལ་སྤེལ། རྨང་གཞི་སྲ་བརྟན། ཉམ་དམའ་ཁ་གསབ་བཅས་བྱས་ཏེ། ཤུགས་བསྒྲིམས་ནས་ཞིང་ཕྱུགས་ལས་ཀྱི་བདག་གཉེར་མ་ལག་འཐུས་ཚང་དུ་གཏང་དགོས་པ་དང། ཤུགས་བསྒྲིམས་ནས་ཞིང་ཕྱུགས་ལས་ཀྱི་ནང་སྐྱེས་སྒུལ་ཤུགས་སྐུལ་སློང་བྱ་དགོས་པ་དང། ཤུགས་བསྒྲིམས་ནས་ཞིང་ཕྱུགས་ལས་ཀྱི་འཕར་སྣེ་གསར་བ་སྐྱེད་སྲིང་བྱ་དགོས་ལ། མཐོ་སྒང་གི་ཁྱད་ཆོས་ལྡན་པའི་དེང་རབས་སྐྱེ་ཁམས་ཞིང་ཕྱུགས་ལས་ཧུར་ཐག་གིས་དར་ཞིང་རྒྱས་པར་སྤེལ་ནས། ལོ་ལྔའི་འཆར་འགོད་བཅུ་གསུམ་པའི་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་མགོ་ཡག་པོ་རྩོམ་པ་དང་འགྲོས་ཡག་པོ་འཁྱོངས་པར་ཤེད་ཤུགས་ལྡན་པའི་འདེགས་སྐྱོར་འདོན་སྤྲོད་བྱ་དགོས།

  གཅིག སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ། ཞིང་ཕྱུགས་ལས་ཀྱི་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏང་དགོས།

ལྗང་མདོག་གི་ཞིང་ཕྱུགས་ལས་གོང་དུ་སྤེལ་བ་ནི་སྐྱེ་ཁམས་ལ་སྲུང་སྐྱོང་བྱེད་པ་དང་གཉིས་སུ་མེད་པའི་ལྟ་བ་བརྟན་པོར་བཟུང་ནས། ཐོན་ཁུངས་བེད་སྤྱོད་ཀྱི་ཕན་ཁེ་མཐོ་བ་དང་སྐྱེ་ཁམས་མ་ལག་བརྟན་བརླིང་ཡིན་པ། ཐོན་གནས་ཁོར་ཡུག་ལེགས་པ། ཐོན་རྫས་སྤུས་ཚད་ཉེན་མེད་ཡིན་པའི་ཞིང་ཕྱུགས་ལས་ཀྱི་འཕེལ་རྒྱས་རྣམ་པ་གསར་བ་མྱུར་དུ་འགྲུབ་པར་བྱ་དགོས།

  1. སྐྱེ་ཁམས་སྲུང་སྐྱོང་གི་ལས་གྲྭ་ཆེན་པོའི་འཛུགས་སྐྲུན་སྐུལ་སྤེལ་བྱ་དགོས།

སྐྱེ་ཁམས་སྲུང་སྐྱོང་དམིགས་སུ་འགེར་བའི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། གཙོ་གནད་སྐྱེ་ཁམས་ལས་གྲྭའི་འཛུགས་སྐྲུན་ལ་ཤུགས་བསྣན་པ་དང་། རྩྭ་ཐང་དང་ནགས་ཚལ། རླན་ས་བཅས་ཀྱི་སྐྱེ་ཁམས་མ་ལག་གི་ཕྱོགས་བསྡུས་བཅོས་སྐྱོང་ཁྱོན་ཡོངས་ནས་སྐུལ་སྤེལ་བྱ་དགོས། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་ལས་རིམ་གཉིས་པ་དང་མཚོ་སྔོན་པོའི་མཐའ་འཁོར་ས་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་དང་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང། མདོ་ལ་རིང་མོ་དང་ཚྭ་འདམ་གྱི་ཆུ་ཁུངས་གསོ་གནས། ཙོང་ཆུ་འབབ་རྒྱུད་ས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་སོགས་སྐྱེ་ཁམས་ལས་གྲྭ་ཆེན་པོ་དག་ཤུགས་བསྒྲིམས་ནས་ལེགས་པོར་བསྒྲུབ་དགོས། བྱང་གསུམ་གྱི་ལས་རིམ་ལྔ་བ་དང་རང་བྱུང་ནགས་ཚལ་སྲུང་སྐྱོང་སོགས་ནགས་ལས་ལས་གྲྭ་གཙོ་བོ་དག་ཏན་ཏིག་གིས་སྤེལ་དགོས། ཟི་ལིང་དང་མཚོ་ཤར་གྱི་ལྷོ་རི་བྱང་རི་ལྗང་བསྒྱུར་བྱ་བ་མགྱོགས་མྱུར་ངང་སྤེལ་དགོས། རྨོ་སྐྱུར་ནགས་སྐྱོང་རྩྭ་གསོ་རེས་གསར་བའི་གཞི་ཁྱོན་རྒྱ་བསྐྱེད་དགོས། ཕྱུགས་སྐྱུར་རྩྭ་གསོ་ལས་གྲྭའི་ལག་བསྟར་ཁྱབ་ཁོངས་རྒྱ་བསྐྱེད་དགོས། ཀྲུང་གོའི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་རྒྱལ་ཁབ་སྤྱི་གླིང་གི་ལམ་སྲོལ་བཅོས་བསྒྱུར་ཚོད་ལྟའི་གནས་སྐུལ་སྤེལ་བྱ་དགོས། རླན་ས་སྲུང་སྐྱོང་དང་སླར་གསོའི་ལས་གྲྭ་ལག་ལེན་དུ་བསྟར་དགོས། ཟི་ལིང་དང་ཡུས་ཧྲུའུ་དང་མཚོ་བྱང་སོགས་ཀྱི་ཆུའི་སྐྱེ་ཁམས་དཔལ་ཡོན་ཚོད་ལྟའི་གནས་འཛུགས་སྐྲུན་བྱེད་པའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ་དང་། ཙོང་ཆུ་སོགས་འབབ་ཡུལ་དང་ཆུ་རྒྱུད་གཙོ་བོའི་ཕྱོགས་བསྡུས་བཅོས་སྐྱོང་ལེགས་པོར་བསྒྲུབ་དགོས།

  2. སྐྱེ་ཁམས་སྲུང་སྐྱོང་གི་འགན་འཁྲིའི་རྐྱེན་སྲོལ་ཆ་ཚང་བར་བྱ་དགོས། 

རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོང་གི་ཁ་གསབ་བྱ་དགའ་དང་སྤྱི་ཕན་ནགས་ཚལ་གྱི་སྐྱེ་ཁམས་ཕན་འབྲས་ཁ་གསབ། རླན་སའི་སྐྱེ་ཁམས་ཁ་གསབ་བཅས་ཀྱི་རྐྱེན་སྲོལ་ཆ་ཚང་བར་བྱ་དགོས། ཚོད་ལྟའི་གནས་ཀྱི་ཆུའི་ཐོན་ཁུངས་སྲུང་སྐྱོང་ཁ་གསབ་ཀྱི་རྐྱེན་སྲོལ་འཚོལ་ཞིབ་བྱེད་པ་དང་། ས་ཁུལ་དང་འབབ་ཡུལ་བརྒལ་བའི་སྐྱེ་ཁམས་སྲུང་སྐྱོང་ཁ་གསབ་ཀྱི་ཚོད་ལྟའི་གནས་སྤེལ་ནས། སྐྱེ་ཁམས་སྲུང་སྐྱོང་གི་ནང་སྐྱེས་སྒུལ་ཤུགས་སྐུལ་སྤེལ་བྱ་དགོས། རེས་སྐོར་གསར་བའི་རྩྭ་སའི་སྐྱེ་ཁམས་སྲུང་སྐྱོང་གི་རོགས་གསབ་བྱ་དགའི་སྲིད་ཇུས་ལག་བསྟར་བྱས་ཏེ། རོགས་གསབ་བྱ་དགའི་ཚད་གཞི་འོས་འཚམ་གྱིས་ཇེ་མཐོར་གཏང་དགོས། རྩྭ་ཐང་གི་ཁ་གསབ་བྱ་དགའི་སྲིད་ཇུས་དང་ལས་ཆོད་ཟུང་སྦྲེལ་བྱེད་པའི་ཚོད་ལྟའི་གནས་ཀྱི་གྲུབ་འབྲས་ཁྱབ་གདལ་བཏང་ནས། རྩྭ་ཐང་སྐྱེ་ཁམས་དོ་དམ་སྲུང་སྐྱོང་པའི་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་བསྣན་དགོས། རྩྭ་ཐང་དང་ནགས་ཚལ་གྱི་ཐན་ཉོ་ཚོང་གི་རྐྱེན་སྲོལ་ཧུར་ཐག་གིས་འཚོལ་ཞིབ་བྱ་དགོས། ཞིང་ཕྱུགས་ལས་ཀྱི་སྐྱེ་ཁམས་སྲུང་སྐྱོང་འགན་འཁྲིའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། ཞིབ་བསྡུས་གྲོན་ཆུང་སྒོས་ས་ཞིང་བེད་སྤྱོད་པ་དང་ཆུའི་ཐོན་ཁུངས་དོ་དམ་བྱེད་པ། ཁོར་ཡུག་སྲུང་སྐྱོང་བྱེད་པ་སོགས་ཀྱི་ལམ་ལུགས་དོན་འཁྱོལ་བྱས་ཏེ། ལྟ་རྟོག་དཔྱད་ལེན་དང་སྐུལ་བསྟོད་གཅུན་སྡོམ་བྱེད་པར་ཤུགས་བསྣན་དགོས། མགོ་ཁུངས་སྲུང་སྐྱོང་དང་ཁོར་ཡུག་བཅོས་སྐྱོང། སྐྱེ་ཁམས་སླར་གསོ། འགན་འཁྲི་རྩད་གཅོད་བཅས་ཀྱི་ལམ་ལུགས་ཆེས་ནན་མོ་ལག་ལེན་དུ་བསྟར་དགོས། རོང་འབྲོག་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་འཛུགས་སྐྲུན་གྱི་ཞིབ་རྩིས་ལམ་ལུགས་ཆ་ཚང་བར་བསྐྲུན་པ་དང། འགན་འཁྲི་རྩད་གཅོད་དང་ལྟ་སྐུལ་དོ་དམ་ལ་ཤུགས་བསྣན་ཏེ། བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་སྐྱེ་ཁམས་ཁོར་ཡུག་ལ་གཏོར་བརླག་གཏོང་བའི་བྱ་སྤྱོད་ལ་རྩད་ཞིབ་དང་ཐག་གཅོད་ནན་མོ་བྱ་དགོས།

  3. ཞིང་ཕྱུགས་ལས་ཀྱི་འཁོར་སྐྱོད་འཕེལ་རྒྱས་ལ་ཤུགས་ཆེན་པོས་སྐུལ་འདེད་བྱ་དགོས།

 ཆུ་སྲི་དང་། ས་སྲི། ནུས་སྲི། ལུད་སྲིད། སྨན་སྲི། འཁོར་སྐྱོད་བཅས་ཡིན་པའི་ཞིང་ཕྱུགས་ལས་ལག་རྩལ་ཤུགས་ཆེན་པོས་ཁྱབ་གདལ་གཏང་དགོས། འདེབས་གསོ་ཟུང་འབྲེལ་གྱི་འཁོར་སྐྱོད་ཞིང་ཕྱུགས་ལས་དཔེ་སྟོན་ལས་གྲྭ་ལག་བསྟར་བྱེད་པ་དང། ཞིང་ཕྱུགས་ཟུང་འབྲེལ་གྱི་དགེ་མཚན་བེད་སྤྱོད་གང་ལེགས་བྱས་ཏེ། ཤར་རྒྱུད་རོང་ཁུལ་དང་མཚོ་སྐོར་ས་ཁུལ་དུ་རྩྭ་ཟན་ཕྱུགས་ལས་ཧུར་ཐག་གིས་གོང་སྤེལ་དང་། རྫོང་ཧྲིལ་བོར་འདེབས་གསོ་འཁོར་སྐྱོད་ཞིང་ཕྱུགས་ལས་ཚོད་ལྟའི་གནས་སྤེལ་བར་སྐུལ་འདེད་བྱ་དགོས་པ་དང། འདེབས་གསོ་ཟུང་འབྲེལ་དང་རྩྭ་ཕྱུགས་མཉམ་འགུལ་གྱི་འཁོར་སྐྱོད་འཕེལ་རྒྱས་རྣམ་པ་མྱུར་དུ་འཛུགས་དགོས། གཟན་རྩྭའི་ཐོན་ལས་ཤུགས་ཆེན་པོས་གོང་དུ་སྤེལ་བ་དང་། རྩྭ་ཕྱུགས་ལས་རིགས་གོང་དུ་སྤེལ་བའི་འཐབ་ཇུས་ལག་བསྟར་དང། རྩྭ་ཕྱུགས་ལས་རིགས་ཀྱི་ཚོད་ལྟའི་གནས་ཀྱི་གྲུབ་འབྲས་ཁྱབ་གདལ་བཏང་ནས། འབྲུ་རིགས་གཟན་ཆས་སུ་བསྒྱུར་བའི་ལས་གྲྭ་སྐུལ་སྤེལ་བྱ་དགོས། སྔོ་ཉར་མ་རྨོས་ལོ་ཏོག་དང་ཡུག་པོ་སོགས་གཟན་ཆས་ལེགས་པོའི་གཞི་ཁྱོན་རྒྱ་བསྐྱེད་དེ། འདེབས་འཛུགས་ཀྱི་ཞིབ་བསྡུར་ཕན་འབྲས་ཇེ་མཐོར་གཏང་དགོས།

  4. རོང་འབྲོག་ཁུལ་གྱི་ཁོར་ཡུག་གནད་དོན་འབུར་ཐོན་དག་མྱུར་བར་བཅོས་སྐྱོང་བྱ་དགོས། 

ཞིང་ཕྱུགས་ལས་ཀྱི་ངོས་ཁུངས་བརྫད་སྐྱོན་བཅོས་སྐྱོང་ཐད་ཤུགས་བསྣན་པ་དང་། “ཚོད་འཛིན་གཅིག་འཕྲི་ཆག་གཉིས་གཞི་རྩ་གསུམ”གྱི་བླང་བྱ་ལྟར། ཆུ་སྲི་ཞིང་ལས་དང་རི་མའི་ཞིང་ལས་ཤུགས་ཆེན་པོས་ལག་བསྟར་བྱ་དགོས་པ་དང། ཙོང་ཆུའི་འགྲམ་ངོགས་སུ་གསོ་སྤེལ་ར་བ་གསར་དུ་འཛུགས་པར་གཏན་འགོག་དང་། ཞིང་ལས་སྤྱོད་ཆུའི་སྤྱི་ཚད་དང་ཞིང་ལས་ཆུའི་ཁོར་ཡུག་བརྫད་སྐྱོན་ལ་ཚོད་འཛིན་ནན་མོ་བྱ་དགོས། ཞིང་སྨན་དང་ལུད་རྫས་འཕར་སྣོན་མེད་པའི་འགུལ་སྐྱོད་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ། ལུད་རྫས་དང་ཞིང་སྨན་བཀོལ་ཚད་ཇེ་ཉུང་དུ་གཏོང་བར་བརྩོན་དགོས། བྱ་ཕྱུགས་ཀྱི་བཙོག་བྲུན་ཐོན་ཁུངས་སུ་བསྒྱུར་ནས་བེད་སྤྱོད་གཏོང་བར་སྐུལ་འདེད་བྱེད་པ་དང། ཞིང་ནང་གི་འགྱིག་སྐྱི་ལྷག་རོ་ཕྱིར་བསྡུ་བྱེད་པར་ཤུགས་ཆེན་པོ་འདོན་པ་དང། སོག་མ་ཞིང་སར་བསྐྱུར་བ་སོགས་ཕྱོགས་བསྡུས་བེད་སྤྱོད་ལག་རྩལ་ཧུར་ཐག་གིས་ཁྱབ་གདལ་བཏང་སྟེ། ཞིང་ཕྱུགས་ལས་ཀྱི་སྙིགས་རྫས་ཐོན་ཁུངས་ཅན་དུ་བསྒྱུར་བ་དང་ཕྱོགས་བསྡུས་འཁོར་སྐྱོད་བསྐྱར་སྤྱོད་བྱེད་པ། གནོད་མེད་ཅན་དུ་བསྒྱུར་བ་སོགས་མངོན་འགྱུར་བྱ་དགོས། ས་གཞི་བྱེ་འགྱུར་དང་ས་ཆུ་ཤོར་བར་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པར་སྐུལ་འདེད་བྱ་དགོས། “ཁྱིམ་གཞིས་མཛེས་བསྒྱུར་འགུལ་སྐྱོད”སྤེལ་ནས། རོང་འབྲོག་ཁུལ་གྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལ་མུ་མཐུད་དུ་སྐུལ་འདེད་བྱེད་པ་དང། འཚོ་བའི་གད་སྙིགས་བཅོས་སྐྱོང་གི་ཆེད་དམིགས་འགུལ་སྐྱོད་ལག་བསྟར་བྱས་ཏེ། ཁོར་ཡུག་གི་འཕྲོད་བསྟེན་གནས་ཚུལ་ལེགས་བཅོས་བྱ་དགོས།

  གཉིས། ཞིང་ཕྱུགས་ལས་འཕེལ་རྒྱས་གཏོང་ཚུལ་བསྒྱུར་ཏེ། དེང་རབས་སྐྱེ་ཁམས་ཞིང་ཕྱུགས་ལས་མགྱོགས་མྱུར་ངང་འཛུགས་སྐྲུན་བྱ་དགོས།

  ཞིང་ཕྱུགས་ལས་དེང་རབས་ཅན་དུ་བསྒྱུར་བར་ཤུགས་ཆེན་པོས་སྐུལ་འདེད་བྱེད་ན། ངེས་པར་དུ་ཤུགས་བསྒྲིམས་ནས་འཕེལ་རྒྱས་གཏོང་ཚུལ་བསྒྱུར་དགོས་པ་དང་། ཤུགས་བསྒྲིམས་ནས་དངོས་པོའི་སྒྲིག་ཆས་དང་ལག་རྩལ་འདེགས་སྐྱོར་ཇེ་དྲག་ཏུ་གཏང་དགོས་ལ། ཤུགས་བསྒྲིམས་ནས་ཐོན་ལས་མ་ལག་དང་ཐོན་སྐྱེད་མ་ལག བདག་གཉེར་མ་ལག་སྒྲིག་འཛུགས་བྱ་དགོས་ཤིང། འབྲུ་སྣུམ་དང་དཔལ་འབྱོར་གཟན་ཆས་གཅིག་གྱུར་འཆར་འགོད་བྱེད་པ་དང་། ཞིང་ནགས་ཕྱུགས་ཉ་ལས་རིགས་ཟུང་འབྲེལ་བྱེད་པ། འདེབས་གསོ་ལས་སྣོན་ཞབས་ཕྱི་བཅས་ལས་རིགས་གཞི་གཅིག་ཡིན་པ། ཐོན་ལས་དང་པོ་གཉིས་པ་གསུམ་པ་མཉམ་འདྲེས་ཀྱིས་འཕེལ་རྒྱས་ཡོང་བ་བཅས་ལ་སྐུལ་འདེད་བྱ་དགོས།།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།