ཀྲུང་གོ་བོད་ཀྱི་དྲ་བ།

སྒྲུང་པ་སྐད་གྲགས་ཅན་བུ་ཐུབ་དགའ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2017-05-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

བརྒྱུད་སྒྲུང་གི་སྒྲུང་པ་སྐད་གྲགས་ཅན་བུ་ཐུབ་དགའ་ནི་མི་རབས་གསུམ་ལ་བརྒྱུད་སྒྲུང་གི་སྒྲུང་པ་ཡོད་པའི་ཁྱིམ་ཚང་ཞིག་ནས་སྐྱེས་པ་དང་། ཁོང་གི་ཨ་མྱེས་སྒ་ཀླུ་ནི་ཁམས་ཕྱོགས་ཀྱི་མི་ཁྱིམ་དབུལ་པོ་ཞིག་ནས་སྐྱེས་ཤིང་།  བྱིས་ལོ་དྲུག་བདུན་ཡིན་པའི་སྐབས་དེར་མདོ་དབུས་ཁམས་གསུམ་ན་མཁས་པའི་མཚན་སྙན་ཡོད་པའི་བླ་མ་འཇམ་དབྱངས་མཁྱེན་རྩེ་དབང་པོ་མཆོག་གི་སྐུ་གཡོག་པ་བྱས།  བླ་མས་སྒ་ཀླུ་ལོ་ན་ཆུང་རུང་བློ་རིག་རྒོད་པ་དང་བཤོད་ན་ལྕེ་བདེ་ཞིང་ལས་ན་ལག་བདེ་བའི་བྱིས་པ་རིག་བཟང་ཞིག་ཡིན་པ་ཤེས་ཏེ་སྐུ་དངོས་ཀྱིས་ཡི་གེ་འབྲི་ཀློག་སློབ་ཁྲིད་མཛད། དེ་ལྟར་ལས་དང་བསོད་ནམས་ཀྱི་དབང་གིས་བྱིས་པ་བསམ་མེད་ཡིན་པའི་སྒ་ཀླུ་ནི་བླ་མ་འཇམ་དབྱངས་མཁྱེན་རྩེ་དབང་པོ་མཆོག་གི་དངོས་སློབ་ཏུ་གྱུར་ནས་མི་ལོ་དུ་མའི་དུས་ཚོད་ནང་དུ་ཡི་གེ་འབྲི་ཀློག་དང་ཆོས་དཔེ་ཞུ་འབྲི་བྱེད་པ།  ཁྱད་པར་དུ་གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་འབྲི་ཀློག་ལ་ཧ་ཅང་དགའ།  རྗེས་སུ་ཁོང་གིས་རྒྱུན་དུ་སྒྲུང་པ་སྐད་གྲགས་ཅན་མང་པོའི་དྲུང་དུ་གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་འབྲི་ཀློག་ལ་སྦྱངས་པ་ལྷོད་མེད་བྱས་མཐར།  ཡུལ་གྲུ་དེ་ན་སྐད་གྲགས་ཧ་ཅང་ཆེ་བའི་སྒྲུང་པ་ཞིག་ཏུ་གྱུར།

མཚོ་སྔོན་ཡུལ་ཤུལ་ས་ཁུལ་ནི་གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་དར་ཁྱབ་ཤིན་ཏུ་ཆེ་ས་ཞིག་ཡིན་ཏེ།  དམངས་ཁྲོད་དུ་སྐྱེས་ཕོ་མོ་རྒན་དར་གཞོན་གསུམ་ཚང་མས་གླིང་སྒྲུང་ཉན་པ་དང་བཤད་པར་ཧ་ཅང་དགའ་བར་མ་ཟད།  བགེགས་དང་བར་ཆད་སེལ་ཕྱིར་དང་ཉེས་དང་སྡིག་སྒྲིབ་དག་ཆེད་གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་དཔེ་ལག་བྲིས་མ་རེ་མེད་པའི་ཁྱིམ་ཚང་ཧ་ཅང་ཉུང་ལ།  ཁྱད་པར་དུ་བུ་ཐུབ་དགའི་ཁྱིམ་རྒྱུད་ཀྱིས་བྲིས་པའི་གླིང་སྒྲུང་ལ་ས་ཆ་དེའི་མང་ཚོགས་རྣམས་ཀྱིས་དགའ་བསུ་ཆེན་པོ་བྱེད་པས།  བུ་ཐུབ་དགས་ཆུང་བྱིས་པའི་དུས་ནས་བཟུང་ཨ་མྱེས་སྒ་ཀླུའི་དྲུང་དུ་ཡི་གེ་འབྲི་ཀློག་དང་གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་དཔེ་འབྲི་ཀློག་ལ་སྦྱངས་པ་ལྷོད་མེད་བྱས་ཏེ་མི་ལོ་བཅོ་ལྔ་བཅུ་དྲུག་གི་མི་ཚེའི་བགྲོད་ལམ་སྟེང་དུ་རྐང་པ་སྤོས་རྗེས།  ཡུལ་གྲུ་དེའི་ས་ཆ་སོ་སོར་སོང་ནས་གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་དཔེ་ཟིན་བྲིས་བྱས་ནས་ཁ་དང་ལྟོ་བ་འགྲོ་ཐབས་འདུག་ཐབས་བྱས།  1952ལོར་ཡུལ་ཤུལ་ས་ཁུལ་བཅིངས་འགྲོལ་བྱས་རྗེས།  ཕོ་ལོ་ཉི་ཤུ་ཡིན་པའི་བུ་ཐུབ་དགའ་གསར་བརྗེའི་བྱ་བའི་སྟེང་དུ་ཞུགས་ཏེ་ཡུལ་ཤུལ་ཁུལ་པར་འདེབས་ཁང་དུ་བོད་ཡིག་གི་ཡིག་དཔར་སྒྲིག་པའི་བཟོ་པ་བྱས་ཤིང་།  དེ་ནས་མ་འགྱངས་པར་ཁུལ་མང་ཚོགས་སྒྱུ་རྩལ་ཁང་དུ་ལས་གནས་སྤོས་ཏེ་མང་ཚོགས་རིག་གནས་ཀྱི་ལས་ཀ་བགྱི་བའི་སྟེང་། འབད་བརྩོན་ལྷོད་མེད་བྱས་པར་བརྟེན1953ལོའི་ཟླ6པའི་ཚེས3ཉིན་ཀྲུང་གོའི་གུང་གཞོན་ཚོགས་པའི་ནང་དུ་ཞུགས། དེ་ནས་བཟུང་བུ་ཐུབ་དགས་དམངས་ཁྲོད་དུ་རྣམ་ཐར་དང་གཏམ་རྒྱུད།  གླུ་དང་མགུར་མོ།  འབྲས་དཀར་དང་ཟློས་གར་ལ་སོགས་འཚོལ་སྡུད།  དག་སྒྲིག  འཁྲབ་སྟོན་བཅས་བྱེད་པའི་ཞོར་དུ་གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་དཔེ་ཞུ་འབྲི་བྱེད་པའི་བྱ་བའང་སྔར་ལས་ཇེ་བཟང་ཇེ་ལེགས་སུ་བཏང་། ལོ་དེར་ཁོང་ཉིད་གཟི་བརྗིད་ཀྱི་ངང་ནས་མཚོ་སྔོན་ཞིང་ཆེན་གྱི་རིགས་སོ་སོའི་དམངས་ཁྲོད་རྩོམ་རིག་སྒྱུ་རྩལ་བྱ་བ་བྱེད་མཁན་གྱི་ཚོགས་འདུར་ཞུགས་སྐབས།  མཚོ་ལྷོ་ཁུལ་ཁྲི་ཀའམ་ཀོས་ཏེ་རྫོང་གི་སྒྲུང་པ་སྐད་གྲགས་ཅན་དཔལ་རྒྱལ་ལགས་དང་དངོས་མཇལ་བྱུང་སྟེ།  ཁོང་རྣམ་པ་གཉིས་ལྷ་ངོ་མི་ངོ་འཕྲོད་པ་ལྟར་དགའ་སྤྲོ་སྐྱེས་ཤིང་ཕན་ཚུན་བར་གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་བཤད་འབྲིའི་སྐོར་ལ་གླེང་མོལ་གང་མང་མཛད།  ཐེངས་དེའི་ཚོགས་ཆེན་སྟེང་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་ཡིན་པའི་བློ་མཐུན་ཁྲེན་ཤིག་ཧྲན་གྱིས《གེ་སར་སྒྲུང》གི་ནང་དོན་ཟབ་པ་དང་སྒྲུང་ཁག་མང་བའི་སྐོར་ལ་གདེང་འཇོག་མཐོན་པོ་གནང་སྟབས།  བུ་ཐུབ་དགའི་སེམས་གཏིང་ནས་ཡིད་འགུལ་ཟབ་མོ་ཐེབས་པ་དང་དགའ་སྤྲོ་ཆེན་པོ་སྐྲེས། དེའི་རྗེས་སུ་འབྲེལ་ཡོད་འགོ་ཁྲིད་མི་སྣ་དང་ཆེད་ལས་མཁས་པ་སྐོར་ལྕོག་བུ་ཐུབ་དགའི་ཁྱིམ་ལ་ཕེབས་ཏེ་དམངས་ཁྲོད་རྩོམ་རིག་སྒྱུ་རྩལ་གྱི་རྒྱུ་ཆ་ཐམས་ཅད་འཚོལ་སྡུད་བྱེད་སྐབས།  བུ་ཐུབ་དགས་རང་ཁྱིམ་དུ་རིན་ཐང་མེད་པའི་རིན་པོ་ཆེ་ལྟར་ཉར་ཚགས་བྱས་ཡོད་པའི་གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་དཔེ་ལག་བྲིས་མ་རྩ་ཆེན་གང་མང་ཞིག་སེར་སྣ་སྤུ་ཙམ་མེད་པའི་ངང་དེ་ཚོར་ཕུལ་པ་ལས། ད་དུང་མང་པོ་ཞིག་ཁོང་གི་ཨ་མྱེས་སྒ་ཀླུས་དངོས་སུ་བྲིས་པའི་སྒྲུང་དཔེ་རྩ་ཆེན་གྱི་རིགས་ཡིན།

ལོ་རབས་ལྔ་བཅུ་པའི་དུས་མཇུག་ཏུ།  བུ་ཐུབ་དགས་དགུང་ལོ་ཧ་ཅང་བགྲེས་པའི་ཨ་མྱེས་སྒ་ཀླུ་དང་ཁྱིམ་མི་རྣམས་འཚོ་བར་ལྟ་རྟོག་བྱེད་ཆེད་ཕ་ཡུལ་གྱི་ཞང་ཐོག་ཏུ་ལས་གནས་སྤོས།  1960ལོར་ཨ་མྱེས་སྒ་ཀླུ་ཚེ་ལས་འདས་སྐབས་དགུང་ལོ་གྱ་བརྒྱད་ཡིན།  1963ལོར་ཡུལ་ཤུལ་རྫོང་སློབ་ཆུང་བཙུགས་པ་དང་འབྲེལ་ཡོད་འགོ་ཁྲིད་པས་ཁོང་ཉིད་སློབ་ཆུང་དེའི་བོད་ཡིག་དགེ་རྒན་དུ་གདན་འདྲེན་ཞུས།  བུ་ཐུབ་དགའ་ནི་བོད་ཀྱི་རིག་གནས་དང་དམངས་ཁྲོད་ཀྱི་རྩོམ་རིག་སྒྱུ་རྩལ་ལ་ཧ་ཅང་དགའ་ཞིང་དགེ་རྒན་གྱི་བྱ་བར་དེ་བས་ཀྱང་དགའ་སྟེ།  དགེ་རྒན་གྱི་འོས་འགན་འཁུར་པ་ནས་བཟུང་དུས་རྒྱུན་སློབ་མ་ཚོར་བོད་ཡིག་སློབ་ཁྲིད་བྱེད་པ་ལས་གཞན་ད་དུང་ཁོམ་སྐབས་རེ་ཡོད་ཚེ་གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་སྐོར་སློབ་ཁྲིད་བྱས་སྟབས།  སློབ་གྲྭ་དེའི་དགེ་སློབ་ཚོ་དང་ཡུལ་དེའི་མང་ཚོགས་རྣམས་ཀྱི་དགའ་བསུ་ཆེན་པོ་ཐོབ།  ལོ་ངོ་བཅུའི་རིག་གནས་གསར་བརྗེ་ཆེན་པོའི་ནང་དུ་བུ་ཐུབ་དགས་སློབ་མ་ཚོར་གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་སྟེ་དུག་རྩ་ཆེན་པོ་དང་ངོ་ལོག་པའི་རྩོམ་ཡིག་སློབ་ཁྲིད་བྱས་ནས་གསར་བརྗེའི་བྱིས་པ་ཚོའི་བསམ་བློ་ལོག་སྤྱོད་ཀྱི་ཕྱོགས་སུ་ཁྲིད་པ་རེད་ཅེས་འཐབ་རྩོད་བྱེད་སྐབས།  ཁོང་གིས་གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་ནི་དུག་རྩ་ཆེན་པོ་དང་ངོ་ལོག་པའི་རྩོམ་ཡིག་ཡིན་པར་གཏན་ནས་ཁས་ལེན་མ་བྱས་པས།  ཐེངས་གང་མང་ལ་གཅར་རྡུང་དྲག་པོ་བྱས་མཐར་མགོ་དང་སྒལ་པ་ནད་པར་བཏང་སོང་།  ཡིན་ན་ཡང་ཁོང་གི་དད་འདུན་གྱི་བསམ་བློ་ལ་འགྱུར་བ་སྤུ་ཙམ་ཡང་མ་བྱུང་བར་དགོང་མོ་ཞིག་ལ་གསང་བའི་སྒོ་ནས་དམར་སྲུང་དམག་མི་རྣམས་ཀྱི་ལག་ཏུ་མ་ཤོར་བ་དང་མིག་གིས་མ་མཐོང་བའི་གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་དཔེ་ལག་བྲིས་མ་ལས《གྲུ་གུའི་གོ་རྫོང》 《རྒྱ་གླིང་གཡུལ་འགྱེད》 《གེ་སར་རྒྱལ་པོ་དང་དཔའ་རྟུལ་སུམ་ཅུའི་བསང་མཆོད》དང་། ད་དུང་ཨ་མྱེས་སྒ་ཀླུས་དངོས་སུ་རི་མོ་བྲིས་པའི་གླིང་རྗེ་གེ་སར་རྒྱལ་པོའི་ཐང་ག་གཅིག་བཅས་ཤུལ་ནས་ལྷག་ཡོད་པ་རྣམས་བྲག་ཕུག་ཅིག་ཏུ་སྦས། དེ་ལས་གཞན་མི་རབས་གསུམ་ལ་ཉར་ཚགས་བྱས་པའི་གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་དཔེ་ལག་བྲིས་མ་རྩ་ཆེན་མང་པོ་ཞིག་སྐབས་དེར་དམར་སྲུང་དམག་མིར་འབོད་པའི“དཔའ་བོ་དཔའ་མོ་”ཚོས་གང་འདོད་ལྟར་ལ་ལ་གཙང་མོའི་ཆུ་ལ་བསྐུར་པ་དང་ལ་ལ་དམར་པོ་མེ་ལ་བསྲེགས་པའི་གནས་ཚུལ་དེ་ཡིད་ལ་དྲན་ཐེངས་རེ་རེར་སེམས་མི་སྐྱོ་མཁན་དང་ཞེ་མི་ཕམ་མཁན་གྱི་སྐྱེ་བོ་སུ་ཞིག་མཆིས།

བུ་ཐུབ་དགའ་ལས་བྱེད་པའི་གྲལ་ནས་མར་སྤྱུགས་ཏེ་བཙན་ཤུགས་ཀྱིས་ངལ་རྩོལ་སྒྱུར་བཀོད་བྱེད་དུ་འཇུག་པའི་སྐབས་དེར་བོད་ལྗོངས་དང་། ཟི་ཁྲོན། མཚོ་སྔོན་གསུམ་གྱི་ས་མཚམས་ཤིག་ཏུ་ནགས་གཅོད་དུ་བཅུག ཉིན་ཞིག་ཁོང་དང་ནགས་གཅོད་མང་ཚོགས་ཚོས་གསོམ་པའི་གདུང་མ་འཁུར་ནས་ཟི་ཁྲོན་གྱི་ཁོངས་སུ་གཏོགས་པའི་ས་ཐོག་ཏུ་ཚོང་ཁང་ཆུང་ཆུང་ཞིག་ཡོད་པ་དེར་སླེབས་པ་ན། ནགས་གཅོད་མང་ཚོགས་རྣམས་ཚོང་ཁང་དེའི་ནང་དུ་སོང་ནས་ངལ་གསོ་བྱེད་པ་དང་དངོས་པོ་ཉོ་སྐབས་ཁོང་གི་མགོ་ལ་གསར་བརྗེར་ངོ་ལོག་པའི་ཞྭ་མོ་ནག་པོ་བསྐོན་ཡོད་པས་ཚོང་ཁང་ནང་དུ་འགྲོ་མ་ཕོད་པར་སྒོ་ནས་བསྡད། སྐབས་དེར་ཚོང་ཁང་ནང་དུ་པད་མ་དབང་འདུས་ཟེར་བའི་ཚོང་པ་ཞིག་ཡོད་པ་སྒོར་ཡོང་ནས་བུ་ཐུབ་དགའ་ཁོའི་ཉལ་ཁང་ནང་དུ་ཁྲིད་དེ་རྩམ་པ་སྣུམ་པོ་ཞིག་ཟ་རུ་བཅུག་རྗེས་འདི་སྐད་དུ།  ཨ་ཁུ་སྒྲུང་པ་ལགས།  བདག་ཀྱང་གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་ཉན་པ་དང་བཤད་པར་ཧ་ཅང་དགའ་བའི་མི་ཞིག་ཡིན།  ངའི་འདི་ན་ད་དུང་གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་དཔེ་གཉིས་ཉར་ཚགས་བྱས་ཡོད་ཅེས《ལྷ་གླིང་གབ་རྩེ་དགུ་སྐོར》དང《རྟ་རྒྱུག་རྒྱལ་འཇོག》གི་སྒྲུང་དཔེ་ཤིང་པར་མ་གཉིས་ཡོད་པ་བུ་ཐུབ་དགའི་ལག་ཏུ་བཞག  སྐབས་དེར་བུ་ཐུབ་དགས་སྒྲུང་དཔེ་གཉིས་ལག་ཏུ་བཟུང་ནས་དགའ་སྤྲོའི་མཆི་མ་གཏོང་བཞིན་རིན་པོ་ཆེའི་ནོར་བུ་ཞིག་རྙེད་པ་ལྟར་རང་དབང་མེད་པར་གླུ་ཐ་ལ་ལ་མོ་ཐ་ལ་ལེན།  གླུ་ཨ་ལ་ལ་མོ་ཨ་ལ་ལེན་ཞེས་གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་བཤོད་པའི་ཚུལ་ལ་བལྟས་ན།  ཁོང་གི་མགོ་ལ་གསར་བརྗེར་ངོ་ལོག་པའི་ཞྭ་མོ་ནག་པོ་བསྐོན་ཡོད་པ་དང་གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་དེ་དུག་རྩ་ནག་པོའི་ས་བོན་གཏོར་མཁན་ཞེས་གཅར་རྡུང་དྲག་པོ་བྱས་ཏེ་ནད་པར་བཏང་ཡོད་པའང་རེ་ཞིག་བརྗེད་སོང་བ་འདྲ།  ཅི་ཡིན་འདི་ཡིན་མ་ཤེས་པར་དུས་ཚོད་གཅིག་ཙམ་འགོར་སོང་།  གསོམ་པའི་སྡོང་མ་འཁུར་མཁན་རྣམས་མདུན་དུ་སྐྱོད་དགོས་པས།  བུ་ཐུབ་དགས་ཚོང་པ་པད་མ་དབང་འདུས་ལ་སྒྲུང་དཔེ་འདི་གཉིས་བདག་ལ་ཉིན་བཅུ་ཙམ་གཡར་ཨེ་ཆོག་ཅེས་དྲིས་པར་པད་མ་དབང་འདུས་ཀྱིས་སྒྲུང་དཔེ་གཉིས་སེར་སྣ་མེད་པར་བུ་ཐུབ་དགའ་ལ་གཡར། དེ་ནས་བཟུང་བུ་ཐུབ་དགས་ཉིན་མོར་ངལ་རྩོལ་བྱས་ཤིང་ནུབ་མོར་དཀར་མེ་འོག་ཏུ་སྒྲུ་དཔེ་དེ་གཉིས་ཉིན་ཐོ་འབྲི་དེབ་ལྔའི་ཐོག་ཏུ་ཞུ་འབྲི་བྱས་རྗེས་ཉར་ཚགས་བྱས།  གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་བཤོད་མི་ཆོག་པ་དང་མ་ཎི་ཚར་གཅིག་ཀྱང་འདོན་མི་ཆོག་པར་མ་ཟད།  བོད་སྐད་བཤད་དེ་བོད་ལྭ་གྱོན་ཚེ་གཅར་རྡུང་བྱེད་པའི་དུས་སྐབས་དེ་འདྲ་ཞིག་ཏུ།  བུ་ཐུབ་དགས་གཅར་རྡུང་དང་འཐབ་རྩོད་ཅི་ལའང་མི་འཛེམས་པར་གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་བཤད་འབྲི་དང་སྒྲུང་དཔེ་ཉར་ཚགས་བྱེད་པའི་སྙིང་སྟོབས་དང་སྤོབས་པ་འདི་ནི་ཅི་འདྲའི་ཡ་མཚར་དགོས་པ་ཞིག་རེད་ཨང་།

1977ལོའི་དབྱར་ཁར་ཁོང་གི་མགོར་བཙན་བསྐོན་བྱས་པའི་གསར་བརྗེར་ངོ་ལོག་པའི་ཞྭ་མོ་ནག་པོ་ཕུད་དེ་དཀར་འདོན་བྱས་ཤིང་། ལོ་ངོ་བཅུ་གཉིས་གཅིག་རིང་ལ་མ་བྱིན་པའི་ཟླ་ཕོགས་ཚང་མ་ཐེངས་གཅིག་ལ་བྱིན་པ་དང་།  དེ་ནས་མ་འགྱངས་པར་ཡུལ་ཤུལ་ཁུལ་ཐོག་ཏུ་ཡོང་སྟེ་ཉིན་མོར་སྡོད་ཁང་ལས་པ་དང་ནུབ་མོར་གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་དཔེ་ཞུ་འབྲི་བྱས་ཏེ་ངོ་ལོ་དུ་མ་འགོར་རྗེས།  ཁོང་གིས་ཡང་བསྐྱར་གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་དཔེ་ལག་བྲིས་མ་སོར་ཞིག་ཉར་ཚགས་བྱས་ཡོད་པ་ཡིན།  1980ལོར་མཚོ་སྔོན་ཞིང་ཆེན་དམངས་ཁྲོད་རྩོམ་རིག་སྒྱུ་རྩལ་པའི་ལྷན་ཚོགས་ཀྱིས་ཁོང་ཉིད་ཟི་ལིང་དུ་གདན་འདྲེན་ཞུས་ཏེ་གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་དག་སྒྲིག་བྱེད་དུ་བཅུག་མོད།  འོན་ཀྱང་ཁོང་ཟི་ལིང་དུ་ཟླ་ཁ་ཤས་སོང་རྗེས་འཚོ་བ་དང་ཁ་དབུགས་བཅས་ཕྱོགས་སོ་སོ་ནས་ཁོང་གི་ལུས་ཁམས་དང་དེ་འདྲ་མི་འཕྲོད་པའི་རྐྱེན་གྱིས་ཕྱིར་ཡུལ་ཤུལ་ཁུལ་ཐོག་ཏུ་ཕེབས་ཏེ1983ལོའི་བར།  གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་ཁག་ཉེར་ལྔ་ལྷག་ཙམ་དག་སྒྲིག་བྱས་ཟིན་པ་ཚང་མ་ཞིང་ཆེན་དམངས་ཁྲོད་རྩོམ་རིག་སྒྱུ་རྩལ་པའི་ལྷན་ཚོགས་ལ་རྩིས་སྤྲོད་བྱས།  དེའི་རྗེས་སུ་རྒྱལ་ཡོངས་ཀྱི《གེ་སར་སྒྲུང》གི་བྱ་བའི་གྲུབ་འབྲས་འགྲེམ་སྟོན་བྱེད་པའི་བྱ་བ་གྲ་སྒྲིག་ལེགས་པོ་བྱེད་ཆེད་ཞིང་ཆེན་གྱི་འབྲེལ་ཡོད་འགོ་ཁྲིད་པ་ཞིག་ཆེད་མངགས་ཡུལ་ཤུལ་ཁུལ་དུ་ཕེབས་ཏེ་བུ་ཐུབ་དགའ་ལ་གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་དཔེ་ལག་བྲིས་མ་རྩ་ཆེན་འགའ་ཐེངས་འདིའི་འགྲེམ་སྟོན་སྟེང་དུ་ཐོན་དགོས་ཚུལ་སྐོར་གསུངས་རྗེས།  བུ་ཐུབ་དགའི་སེམས་ནས་དེང་སྐབས་རང་ཉིད་ཀྱི་ལག་ཏུ་ཡོད་པའི་སྒྲུང་དཔེ་ལག་བྲིས་མ་འདི་དག་ལོ་བཅུའི་རིག་གནས་གསར་བརྗེ་ཆེན་པོའི་དུས་སུ་སྲོག་དམར་པོ་འབེན་ལ་བཞག་ནས་ཉར་ཚགས་བྱས་པའི་སྒྲུང་དཔེ་ལག་བྲིས་མ་རྩ་ཆེན་ཏག་ཏག་ཡིན་པས་སྟེར་འདོད་མེད་མོད།  ཡིན་ན་ཡང་ཐེངས་འདིའི་འགྲེམ་སྟོན་ནི་རྒྱལ་ཡོངས་རང་བཞིན་ཅན་གྱི་འགྲེམ་སྟོན་ཚོགས་ཆེན་ཞིག་ཡིན་པས།  རང་རེའི་ཞིང་ཆེན་གྱི་མཚན་སྙན་གྲགས་དང་གླིང་རྗེ་གེ་སར་རྒྱལ་པོའི་ཕ་ཡུལ་གྱི་ལ་རྒྱའི་ཆེད་དུ་མིག་འབྲས་ལྟར་གཅེས་སྲུང་བྱས་པའི་གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་དཔེ་ལག་བྲིས་མ་རྩ་ཆེན་དུ་མ་འགོ་ཁྲིད་པ་དེའི་ཕྱག་ཏུ་ཕུལ། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།