ཀྲུང་གོ་བོད་ཀྱི་དྲ་བ།

སྟག་གཟིག་ནོར་འགྱེད་ལས་འཕྲོས་ཏེ་གེ་སར་སྒྲུང་ཡིག་དཔར་སྐྲུན་སྐོར་ཅུང་ཟད་གླེང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ​ཕྱག་ཤུལ་བློ་བཟང་ནོར་བུ།འབྲི་སྟོད།   སྤེལ་དུས། : 2017-09-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

微信图片_20170914145813.jpg

སྔོན་འགྲོའི་གཏམ།

དེ་ཡང་ལྒ་བ་རུ་ཆེན་ཚོ་དྲུག སུམ་པའི་འབྲི་དཔོན་བཅུ་གཉིས། ལྡོང་གི་ཤུལ་ཆེན་བཅོ་བརྒྱད་སོགས་རིགས་རུས་ཕུན་སུམ་ཚོགས་པ་དག་གི་ཁྱབ་ཡུལ་དུ་གྲགས་པའི་ཁམས་སྟོད་ཡུལ་ཤུལ་འདིར།གནའ་སྔ་མོ་དུས་ནས་འཛམ་གླིང་གེ་སར་རྒྱལ་པོའི་སྒྲུང་ཅེས་པ་དར་ཞིང་ཁྱབ་རྒྱ་ཤིན་ཏུ་ཆེ་སྟེ།དེ་ནི་བོད་ཀྱི་སྤྱི་ཚོགས་རྙིང་པ་དང་ཡུལ་སྲོལ་གོམས་གཤིས།དམག་དོན་དཔལ་འབྱོར།ཆོས་ལུགས་རིག་གནས།རྩོམ་རིག་སྒྱུ་རྩལ་སོགས་ཀུན་འདུས་ཀྱི་བང་མཛོད་ཅིག་ཡིན་པས་ལོ་རེ་ནས་ལོ་རེར་རིན་ཐང་ཆེ་རུ་ཕྱོགས་བཞིན་ཡོད།ཁྱད་པར་དུ་རྒྱལ་སྲིད་དབང་འཛིན་པ་ཤེས་ཅན་ཕན་གྱིས་ཀྱང་གེ་སར་སྒྲུང་ཡིག་སྐོར་ནས་ནན་བརྗོད་ཀྱི་ཐ་ཚིག་ཐེངས་གསུམ་སྤེལ་ཞིང་ཚ་རླབས་འཕྱུར་བཞིན་པའི་ཟ་འོག་དར་ལམ་གྱི་ཚོང་འབྲེལ་ལམ་ཐིག"བརྒྱུད་གཅིག་ལམ་གཅིག"གི་སྟེང་དུའང་།གེ་སར་རིག་གནས་དང་འབྲེལ་བའི་བྱ་བ་མང་པོ་འཁེལ་ཡོད་སྟབས་ང་ཚོས་ཅིས་ཀྱང་རང་རིགས་ལ་ཕན་པའི་རིག་གནས་ཤུལ་བཞག་གི་ལས་ཀར་གཟབ་ནན་གྱིས་མཇུག་ཅིང་ཧུར་བསྐྱེད་བྱེད་རན་ནོ། །

༡. སྟག་གཟིག་ནོར་འགྱེད་མཛད་པ་པོ་མཁས་དབང་ལྡན་མ་འཇམ་དབྱངས་ཚུལ་ཁྲིམས་ཀྱི་སྐུ་ཚེའི་ལོ་རྒྱུས་རག་བསྡུས།

ཐོག་མར་སྟག་གཟིག་ནོར་འགྱེད་ཀྱི་སྒྲུང་མཁན་རྒན་ལྡན་མ་འཇམ་དབྱངས་ཚུལ་ཁྲིམས་ཀྱི་སྐུ་ཚེའི་རྒྱུད་རིམ་ཐུང་ངུ་ཞིག་ཞུས་ན།སྤྱིར་རྒན་ལྡན་མ་འཇམ་དབྱངས་ཚུལ་ཁྲིམས་(འདི་ནས་རྩོམ་འདིར་ཁོང་གི་མཚན་བསྡུས་པ་ཙམ་ཞུ་རྒྱུ་ཡིན)ཁོང་ནི་ལོ་རྒྱུས་སྨྲ་བ་ཐོགས་མེད་དང་།རྒྱལ་ཁབ་རིམ་པའི་བབས་སྒྲུང་པ།ས་སྐྱའི་དཔེ་ཚུགས་རྒྱུན་འཛིན་པ་སོགས་དུས་རབས་ཉེར་གཅིག་པའི་རིག་གནས་ཀྱི་སྡིངས་ཆ་ཁྲོད་དུ་ཤུགས་རྐྱེན་ཟབ་མོ་ཡོད་པའི་མཁས་དབང་ཞིག་ཡིན་ཕྱིར་་སུས་ཀྱང་དོ་སྣང་དང་མཁྱེན་རྟོགས་ཡོད་ངེས་པས་འདིར་ཆེད་བཀོད་ཀྱི་ཡིག་ཚོགས་ནི་ལྷག་མ་ལྟ་བུ་ཡིན་སྲིད་ཀྱང་། གང་ཞིག་གླེང་བའི་ཐོག་མར་རྟེན་འབྲེལ་གྱིས།། དམ་པའི་རྣམ་ཐར་རྗེས་སུ་བདག་སྨོན་ཏེ།། མཛད་ཕྲིན་འོད་སྣང་མཁའ་དང་མཉམ་པ་ལས།།ཟུར་མཚོན་བཀོད་པ་འདི་ཡིས་མཆོད་བརྗོད་ཤོག།དེ་ཡང་རྒན་འཇམ་དབྱངས་མཆོག་གི་ལོ་རྒྱུས་བསྡུས་པ་ཞེས་པ་ལས། ཁོང་ནི་ཕྱི་ལོ༡༩༤༢ལོར་ལྒ་ཀྱེ་སྐུ་མདོའི་འབྲོག་ཁྱིམ་རིག་གནས་ལྡན་པ་ཞིག་ཏུ་འཁྲུངས་ཤིང་། སྐུ་ན་ཆུང་དུས་ཤིན་ཏུ་གྲུང་ཤ་དོད་པས་ལོ་དྲུག་ལ་ལོན་དུས་སྐྱེ་དགོན་ཉི་སྦྱང་ཨ་ཡག་གི་མདུན་དུ་བྲིས་ཀློག་བསླབས་ཤིང་བྲིས་པ་ཕུལ་དུ་སོན།བྲིས་རྒྱུན་དེ་ནི་ས་སྐྱའི་དཔེ་རྒྱུན་གྱི་བྲིས་ཡིན་ཚུལ་དེ་སྐབས་ནས་བཤད་སྲོལ་ཡོད་པར་གྲགས།ཁྱད་པར་དུ་རྒན་དམ་པ་ཨ་ཡག་གི་གླིང་སྒྲུང་འདོན་པ་དང་མཉམ་དུ་སྐྱེས་མཆོག་གེ་སར་རིན་པོ་ཆེར་དད་པའི་སྤུ་ལོང་གཡོ་ཞིང་སྒྲུང་ངག་མང་པོར་ལད་ཟློས་མཛད་ཅིང་སྒྲུང་ངག༢༨༩ལྷག་ཁོང་དུ་ཆུད།ད་དུང་སྔ་ཕྱི་རིམ་པར་རྒྱ་ནག་ཇ་རྫོང་དང་གྲུ་གུ་གོ་རྫོང་སོགས་སྒྲུང་ཆེན་བརྒྱད་ལྷག་ཕྱག་བྲིས་མཛད་དེ་རིག་གནས་ཞིབ་འཇུག་གི་རྨང་གཞི་བརྟན་པོ་ཚུགས།དེ་ནས་བཟུང་སྒྲུང་དཔེ་ཉར་ཚགས་བྱས་ཡོད་པའི་ཁྱིམ་ཚང་གང་སར་ཉུལ་ཏེ་སྒྲུང་སྣ་དུ་མ་བསྐྱོར་འདོན་བྱས་པ་སོགས། ཡིག་ངོ་ཆོད་པ་ནས་བཟུང་གེ་སར་སྒྲུང་དང་ཁ་བྲལ་མ་མྱོང་བཤད་ནའང་ཐལ་མི་ཆེ་བར་གྱུར། དེ་ལྟར་རིམ་བཞིན་ཁུལ་གྱི་སློབ་གྲྭ་ནས་རྒྱ་ཡིག་དང་ལེགས་སྦྱར།རྩིས་སོགས་སྦྱོང་པ་དང་།དགེ་རྒན་དམ་པ་མི་ཉུང་བར་ཞབས་གཏུགས་ཀྱིས་གསེར་ལས་དཀོན་པའི་སློབ་ཁྲིད་མང་པོ་གསན་ཏེ་སྒྲུང་ཙམ་མ་ཡིན་པ་གངས་ཅན་རིག་བཅུའི་གནས་ལ་མི་རྨོངས་པའི་དཀའ་སྤྱད་སྡུག་རུས་དང་ཧུར་བརྩོན་གཤིས་བཟང་གི་ལས་ལ་མཇུག ༡༩༦༣ལོར་རྫ་སྟོད་དུ་སློབ་ཆུང་དགེ་རྒན་མཛད་དེ་བུ་སློབ་མང་པོ་བསྐྱངས།དེ་རྗེས་རིམ་པ་ལྟར་རྫོང་ཡིག་སྒྱུར་ཁང་དང་གཞི་རིམ་དབུ་ཁྲིད་ཀྱང་མཛད།དེ་ནས་ཁུལ་ཀུན་ཁྱབ་གློག་འཕྲིན་ལས་ཁང་དང་ཁུལ་ལོ་རྒྱུས་གཞུང་ལས་ཁང་གི་རྩོམ་སྒྲིག་པའི་འགན་དང་ལོ་ཙྭ་བའི་ལག་ཁྱེར་བཞེས། ༡༩༨༤ལོར་རྒྱལ་ཡོངས་གླིང་གེ་སར་རྒྱལ་པོའི་དམངས་ཁྲོད་སྒྲུང་མཁན་ཚོགས་འདུར་ཞུགས།༡༩༨༨ལོར་རྒྱལ་སྤྱིའི་ཐེངས་དང་པོའི་གླིང་གེ་སར་གྱི་རིག་རྩལ་ཚོགས་འདུར་ཞུགས་ཤིང་གླིང་གེ་སར་གྱིས་ཁམས་སྟོད་དུ་མཛད་འཕྲིན་བསྐྱངས་པ་ཞེས་པ་དང་གླིང་སྒྲུང་གི་དཔེ་གཞི་གནད་དོན་ཞེས་པའི་ཆེད་རྩོམ་སྤེལ་ཏེ་གལ་ཆེན་རང་བཞིན་གྱི་གསུང་གླེང་མཛད་པས་རྒྱལ་ཕྱི་ནང་གི་ཆེད་མཁས་པ་གང་མང་ལ་ཤུགས་རྐྱེན་བཟང་པོ་ཐེབས་སུ་བཅུག སྐབས་དེར་ཧ་ཅང་མིང་གྲགས་ལྡན་པའི་སློབ་དཔོན་ཝང་ཡིས་ནན་གྱིས་ཀྱང་གདེང་འཇོག་ཆེན་པོ་བྱས།༡༩༩༡ལོའི་ཟླ༧པའི་ཚེས་༢༣ཉིན། ཡུལ་ཤུལ་ཁུལ་སྲིད་གཞུང་གི་སྒོར་མོ་ཁྲི་བཞི་གནང་ནས་རང་ཁུལ་དུ་སྔར་མེད་པའི་རིག་དངོས་གཤམས་སྟོན་གྱི་བྱ་འགུལ་དང་པོ་སྤེལ་ནས་གེ་སེར་སྒྲུང་དང་འབྲེལ་བ་དམ་པའི་རྟ་རྣ་དགོན་དང་འཛོམ་ཉག་བསམ་འགྲུབ་དགོན་གཉིས་ཆེད་དུ་རྒྱལ་ཁབ་རིམ་པའི་རིག་དངོས་སྲུང་སྐྱོབ་ཀྱི་སྡེ་ཁག་ཏུ་ཚུད་པར་མཛད། གཞན་ཡང་སྲིད་ན་དཀོན་པའི་རྒྱལ་རབས་བསྟན་བརྩིས་ཆེན་མོ«གངས་ལྗོངས་གསལ་དེབ»དང་ཁམས་ཀྱི་ཆོས་སྲིད་ལོ་རྒྱུས་ཐད«ཁམས་སྟོད་ལོ་རྒྱུས་ཐོར་བཏུས་སྟོད་སྨད་གཉིས»ད་དུང་དེང་རབས་གངས་ཕྲུག་སྐལ་ལྡན་དག་ལ་ཆེད་དུ་བརྩམས་པའི་«བོད་ཀྱི་ལོ་རྒྱུས»སོགས་ཆེད་རྩོམ་གྲངས་མི་ལོན་པ་སྤེལ།མདོར་དྲིལ་ན་རྒན་འཇམ་དབྱངས་མཆོག་ནི་སྣ་མང་ཤེས་བྱ་ཀུན་ལ་མཆོག་ཏུ་གྱུར་པ་ཞིག་ཡིན་པས།འདི་དང་འདི་ཞེས་སྨོས་པ་ནི་ཉེས་སུ་འགྲོ་བས་ཁོ་བོ་ད་སྔ་མཐོང་མྱོང་བའི་འབྲེལ་ཡོད་ཡི་གེ་དང་ཁ་ཐག་སོར་གང་ཡང་མ་གྱེས་པ་སོར་གནས་ལྟར་བྲིས་ཡོད།མིག་སྔར་གླེང་རྗེ་གེ་སར་སྒྲུང་ཡིག་ཚད་ལྡན་གྱི་ལམ་བཟང་སྐྲུན་ཆེད།དགུང་ལོ་མཐོན་པོར་སོན་ནའང་ཉིན་མཚན་ལྟོས་མེད་དུ་སྔར་མུས་ལྟར་ཕྱག་ལས་བྲེལ་བཞིན་བཞུགས་པ་བཅས་མི་ཚེའི་ལོ་རྒྱུས་རྒྱ་མཚོ་ལས་ཆུ་ཐིགས་ཙམ་ཞིག་འགོད་པ་དགེའོ། །

༢. སྟག་གཟིག་ནོར་འགྱེད་དཔར་སྐྲུན་གྱི་རྒྱུད་རིམ་དང་རྒྱ་བོད་མཁས་པའི་གདེང་འཇོག

རྒན་འཇམ་དབྱངས་མཆོག་གི«སྟག་གཟིག་ནོར་འགྱེད»འདི་དཔར་ཐེངས་གསུམ་ཙམ་བརྒྱབ་ཅིང་ཐོག་མ་ནི་ཕྱི་ལོ་༡༩༨༦ལོར་ནུབ་མཚོ་མི་རིགས་སྒྲ་བརྙན་དཔེ་སྐྲུན་ཁང་ནས་དཔར་བསྐྲུན་གནང་ཞིང་གདངས་དང་འཆར་འགོད་མ་དཔེ་བཅས་མཛད་དེ་སྐབས་དེའི་དམངས་ཁྲོད་དུ་དར་ཁྱབ་ཆེ་བའི་སྐད་སྒམ་ཟེར་སྡེར་བརྒྱུད་ནས་འགྲེམ་སྤེལ་བྱས་པ་ཡིན་འདུག དཔར་ཐེངས་གཞུག་མ་ནི༢༠༡༢ལོར་ཀྲུང་དབྱངས་མི་རིགས་སྒྲ་བརྙན་དཔེ་སྐྲུན་ཁང་དུ་འགྲེམ་སྤེལ་བྱས་ཤིང་དེར་མིང་གྲགས་ལྡན་པའི་ས་སྐྱའི་དཔེ་ཚུགས་ཀྱི་ཕྱག་བྲིས་དང་ཚད་གཞི་ལྡན་པའི་རྒྱ་ཡིག་གི་འགྱུར། ཡུལ་ལྗོངས་དང་མི་སྣའི་ཁྱད་ཆོས་འཚམ་པའི་བར་བཅུག་རི་མོ། གཟུགས་བརྙན་འཆར་ཐུབ་པའི་ཟེར་སྡེར་བཅས་ཧ་ཅང་སྤུས་དག་པའི་སྒྲུང་དེབ་གསར་པ་འབུར་ཐོན་ཞིག་རེད། མ་ཟད་ངོ་མཚར་བའི་བྲིས་དང་འདོན་བདེ་གོ་སླ་བའི་འགྱུར། ད་དུང་ཕ་ཡུལ་གྱི་སྒྲུང་ངག་མི་འདྲ་བ་ཉེར་བཞི་བཅས་ཁོང་གིས་དངོས་སུ་བྲིས་ཤིང་བསྒྱུར་པ་དང་ངག་ལའང་དྲངས་པ་སོགས་མཐུན་མོང་མ་ཡིན་པའི་ཁྱད་ཆོས་དུ་མ་ལྡན་པ་སྐྱེ་བོ་ཀུན་གྱི་མིག་ལམ་དུ་གསལ། འདི་ལ་རྫོགས་སྤྲུལ་པདྨ་རིག་འཛིན་མཆོག་གིས།སྟག་གླིང་དཔའ་བོ་གཡུལ་འགྱེད་སྐབས་གཞན་ལ་མེད་པའི་ནོར་འགྱེད། གཡང་རབ་དམ་པའི་སྒོ་མོ། འཛམ་གླིང་གེ་སར་རྒྱལ་པོའི་མཛད་ཆོས། འཁོར་བའི་བསྟན་ཆོས་ཀྱི་གཞི་རྩ། སྒང་བ་བོད་ལ་དགོས་བཞིན་དུ་ཆད་ལུས་མེད་པ་བཀོད་པ་འདི། བླ་མ་མི་དཔོན་སེར་སྐྱ་ཕོ་མོ་སུས་འབྲི་ཀློག་འདོན་གསུམ་རྩ་འཛིན་བྱས་ན། གཡང་སྐྱབས་གཡང་སྒྲུབ་ཚད་ལྡན་རེ་བགྱིས་པ་དང་ཁྱད་མེད་ཡིན་པ་ཀུན་ནས་ངེས་སོ།ཞེས་ཚད་མཐོ་བའི་མཐོང་ཆེན་མཛད་ནས་མི་མང་པོ་ཞིག་སྟག་གཟིག་ནོར་འགྱེད་འདི་ནས་མགོ་བརྩམས་ཏེ་བོད་ཡིག་འབྲི་ཀློག་སློབ་པ་དང་གེ་སར་སྒྲུང་ལ་འཇུག་ཚུལ་དམངས་ཁྲོད་དུ་གཏམ་རྒྱུད་མི་ཉུང་བ་ཞིག་ཡོད་ལ། ལྷག་པར་དུ་ཡ་ང་བའི་ཕ་ཡུལ་གྱི་ས་འགུལ་དེ་བྱུང་རྗེས་ཞིག་རལ་དུ་གྱུར་པའི་ཁང་ཁྱིམ་མང་པོའི་ལྷ་ཁང་མཆོད་བཤམས་ཁྲོད་དུ་ནོར་འགྱེད་ཀྱི་དཔེ་དེབ་མང་པོ་མཐོང་ཐུབ་པའང་སྤྱི་ཚོགས་ཟུར་ངོས་གཅིག་ནས་བལྟས་ན་ཁྱབ་བརྡལ་དང་མཐོང་ཆེན་གནང་ཚུལ་རག་ཙམ་ཤེས་ནུས།ད་དུང་ཁ་མཚར་ཙམ་ཞུས་ན་དགོན་པ་ཁ་ཁེར་ན་གཡང་སྐྱབས་སྐྱ་མཁན་ཉུང་སོང་ཟེར་ན་སེམས་ཚབ་གནང་བཞིན་པའང་གོ་རྒྱུ་འདུགམ་ཟད་རྒྱ་རིགས་མཁས་པ་ཝང་ཡིས་ནན་གྱིས་བློ་མཐུན་འཇམ་དབྱངས་ཚུལ་ཁྲིམས་ནི་སྔོན་ཆོད་ནས་ངོ་ཤེས་པ་དང་། རྒྱུས་ཡོད་པ་ཞིག་ཡིན། ཁོང་ནི་མི་གཞི་བརྟན་ལ་ཡོན་ཏན་ལྡན།མ་ཟད་རླབས་ཆེན་གྱི་བོད་རིགས་སྙན་རྩོམ་རིང་མོ་གེ་སར་སྒྲུང་བཤད་པའང་ཤིན་ཏུ་བཟང་། བཤད་ཤེས་པ་མ་ཟད་ངག་རྟ་ལ་དྲངས་པ་མཁས། ངག་སྙན་ལ་ཚིག་དག བརྟག་དཔྱད་ཀྱི་བློ་སྒོ་ཡོངས་པོར་མངའ་བས། ཁྱོན་ཡོངས་ནས་ཤེས་བྱ་ལྡན་པའི་སྐྱེས་བུ་ཞིག་རེད། ཁོང་ཉིད་ལ་ནུས་པ་ཧུར་པོ་ཡོད་པས་རྗེས་སུ་སྙན་རྩོམ་ཆེན་མོ་གེ་སར་སྒྲུང་གི་ཐད་ངེས་ཅན་གྱི་ཆེས་ཆེ་བ་དང་ཆེས་བཟང་བའི་མཛད་རྗེས་ཞོག་ངེས་རེད་ཅེས་ཕྱག་བྲིས་གནང་ཡོད་པར་ནོར་འགྱེད་དེབ་ལས་གསལ།སྟག་གཟིག་ནོར་འགྱེད་འདི་ནི་སྔར་ནས་བོད་ཀྱི་འབྲོག་ཕྱོགས་གཙོ་བྱས་པའི་བོད་ཁམས་ལ་གྲགས་ཆེ་བས་བཀྲམ་རྒྱའང་ཤིན་ཏུ་ཆེ་སྟེ།ལྒ་ལྡན་སྐྱུར་གསུམ་ཀྱེ་སྐུ་མདོ་དང་དཔལ་ཆབ་མདོ།རྒྱ་དར་མདོ་སོགས་མང་ཚོགས་མང་པོས་དགའ་བསུ་དང་ལེན་མཛད་པ་དང་།མཚོ་སྔོན་ཞིང་ཆེན་པར་སྐྲུན་ཁང་གིས་ཨང་གཉིས་པའི་བྱ་དགའ་ཡང་ཐོབ།ཕལ་ཆེར་མཁས་དབང་ལྡན་མ་འཇམ་དབྱངས་ཚུལ་ཁྲིམས་ཞེས་གོ་མ་མྱོང་མཁན་གཅིག་ཀྱང་མེད་པ་ལྟ་བུའི་སྙན་པའི་གྲགས་པ་ཕྱོགས་བཅུར་རྒྱས། དེང་གི་རིག་རྩལ་གྱི་འཕེལ་རླབས་མྱུར་བའི་འགྲོས་དང་བསྟུན་ནས་གླེང་རྗེ་གེ་སར་རྒྱལ་པོའི་སྒྲུང་ཡིག་དཔར་མ་མང་ཙམ་ཆར་རྗེས་སྤང་ཤ་བརྡོལ་བ་ལྟ་བུ་ཡོད་ནའང་།གོང་དུ་བཤད་ཟིན་བའི་སློབ་དཔོན་ཝང་ཡེས་ནན་སོགས་ཆེད་མཁས་པ་མང་པོ་མགྲིན་དབྱངས་གཅིག་མཐུན་དུ་རྒན་འཇམ་དབྱངས་ཀྱིས་མཛད་པའི་སྟག་གཟིག་ནོར་འགྱེད་འདི་སྔར་མ་གྲགས་པའི་སྒྲུང་གཞི་ཚད་ལྡན་རེད་འདུག་ཅེས་བསྔགས་བརྗོད་གནང་བཞིན་པ་དོན་ལ་གནས་སོ། །

 ༣ . འཕྲོས་དོན་གཙོ་བོ་བྲིས་འདོན་བསྒྱུར་གསུམ་གྱི་སྐོར་ཆེད་དུ་གླེང་བ།

རྒན་འཇམ་དབྱངས་ལགས་ཀྱི་སྟག་གཟིག་ནོར་འགྱེད་འདི་ལ་རྒྱ་བོད་མཁས་པའི་བསྟོད་བསྔགས་དང་གངས་ཅན་བོད་མི་དགའ་བསུ་ཐོབ་དོན་གཙོ་བོ་ནི་རང་རེའི་མེས་པོ་གོང་མ་ནས་བརྒྱུད་པའི་གེ་སར་སྒྲུང་གི་བག་ཆགས་ཟབ་མོ་དེས་ཡིན་ལ། ཁྱད་པར་དུ་དཔའ་བོའི་རྟོགས་བརྗོད་ཀྱི་ངོ་མཚར་བའི་བརྗོད་བྱ་རེ་རེ་ནི་དམ་པའི་ལྷ་ཆོས་ཀྱི་སྤྱི་སྙིང་ལས་རིང་དུ་མ་བྲལ་བའི་ཤུགས་རྐྱེན་གྱིས་ཡིན་ལས་ཆེ།ཁོ་བོས་གེ་སར་སྒྲུང་ལ་གནས་སྐབས་འདི་ལྟར་བསམ་ཏེ།འཛམ་གླིང་སྐྱེས་མཆོག་གེ་སར་མི་ཡི་ཉི་མའི་རྣམ་པར་ཐར་པ་འདི་ནི་ཕྱོགས་གང་ནས་བལྟས་ཀྱང་ཕལ་བ་ཞིག་མིན་པར་སྣང་ལ།ལོ་རྒྱུས་ཀྱི་ངོས་ནས་བལྟས་ན་བོད་སིལ་བུར་ཐོར་རྗེས་ཀྱི་སྤྱི་ཚོགས་འཚོ་བ་མཚོན་པའི་དེབ་ཐེར་གསང་བ་ཞིག ཆོས་ལུགས་ཀྱི་ངོས་ནས་བལྟས་ན། དམ་པའི་ཆོས་འབྱུང་ཟབ་མོ་ཞིག སྲིད་དོན་གྱི་ངོས་ནས་བལྟས་ན་རྒྱལ་ཕམ་རྩོད་པའི་གཡུལ་འགྱེད་བསྟན་བཅོས་ཤིག རྩོམ་རིག་གི་ངོས་ན་བལྟས་ན་འཛམ་གླིང་སྙན་སྒྲུང་རིང་མོ་ཞིག གང་ལྟར་དུས་རབས་དང་མི་རབས་རེ་རེའི་སྣང་ངོར་གབ་པའི་གསང་རྒྱ་དོག་པོ་ཞིག་ཡིན་ན།དངོས་གཙོའི་ལྟ་གྲུབ་ཀྱི་རྒྱ་མ་སྟེང་དུ་བཞག་ནས་མེད་པར་བཏང་ཡང་གཏོང་གོ་མི་ཆོད་ཅིང་།ལྷ་གཙོ་སྨྲ་བའི་ལུགས་སུ་འཛིན་ཏེ་ཡོད་པ་བཟོས་ཀྱང་བཟོ་ཐག་མི་ཆོད་པའི་ངོ་མཚར་གྱི་སྒྲུང་རབས་ཤིག་ཡིན་པས་རེ་ཞིག་ངེད་ཅག་གིས་བོད་ཀྱི་སྒྲུང་ཡིག་གི་གདན་དུ་བཞུགས་སུ་གསོལ་ན་དོན་དངོས་ལོ་རྒྱུས་ཀྱི་ཞལ་རས་སྒྲིབ་དོགས་མི་འདུག་ཅིང་སྒྲུང་གི་གོ་གནས་ཀྱང་རྒུད་པ་མི་འགྱུར་པས་དེ་ལུགས་ནི་ཆེས་འོས་འཚམས་ཀྱི་གནས་སུ་འཁུམས་སོ། རེད་དེ། འདས་སོང་དར་རྒུད་གསལ་བའི་མེ་ལུང་ལྟ་བུའི་རྒྱལ་རབས་དེབ་ཐེར«རླངས་ཀྱི་པོ་ཏི་བསེ་རུ»དང«གླིང་ཚང་ལོ་རྒྱུས»«མགོ་ལོག་རུས་མཛོད»«སྡེ་དགེའི་རྒྱལ་རབས»«མདོ་སྨད་ཆོས་འབྱུང»སོགས་སུ་གླིང་གེ་སར་རྒྱལ་པོ་དངོས་བྱུང་ལོ་རྒྱུས་འཁོད་འདུག་པ་དང་།བར་ཐག་ཉེ་བའིི་ཕྲན་གྱི་ཁྱིམ་རབས་ལོ་རྒྱུས་ནང་དུའང་མི་དབང་ཆེན་མོ་ཕྱག་ཤུལ་སྐལ་ཡེ་ནས་སྐྱེས་མཆོག་གེ་སར་ཞེས་གསོལ་མཆོད་ཡང་ཡང་བྱེད་སྲོལ་འདུག་པ་བཅས་དང་།དེང་ལའང་དཔྱོད་ལྡན་མང་པོས་གླིང་རྗེ་གེ་སར་རྒྱལ་པོ་ནི་བོད་སིལ་བུར་རྗེས་ཀྱི་ཁམས་ཕྱོགས་སུ་བྱུང་བའི་རྒྱལ་ཕྲན་ཚོ་བ་ཞིག་གི་རྗེ་དཔོན་དུ་བརྩིས་ཤིང་ལོ་རྒྱུས་བརྟག་གཞིར་བཀོད་དེ་ཞིབ་འཇུག་གནང་མུས་ལྟར་ན་ང་ཚོ་ཕྱོགས་དུ་མའི་སྒོ་ནས་དཔྱད་གསུམ་ཚད་མའི་སྨྱུག་སོ་ཡང་ཡང་བཅར་དགོས་པའང་སྲིད།ལར་རིགས་ཀྱི་ཤེས་དཔལ་འཛམ་གླིང་ལ་ཁྱབ་ཐུབ་པའི་གོ་སྐབས་ཉེར་ལེན་གྱི་ཁུགས་སོ་ནས།གླིང་གེ་འབྲུག་གི་སྒྲུང་ཡིག་འདི་ཀོ་མ་ཉམས་དར་སྤེལ་གྱི་ལས་འགན་འདི་དག་ནི་ཡི་རངས་དགོས་ཤིང་ཤུལ་བཞག་རིག་གནས་དར་སྤེལ་དང་དམངས་ཁྲོད་འཚོ་བ་ཡར་རྒྱས་ཕན་པས་སོ།དེ་ལྟར་ན་གེ་སར་སྒྲུང་ཡིག་པར་སྐྲུན་གྱི་བྱ་བཞག་ཐད་ཉམས་མྱོང་ཕུན་བསམ་ཚོགས་པའི་རྒན་འཇམ་དབྱངས་མཆོག་གི་ནོར་འགྱེད་འདི་ནི་འུ་ཅག་གེ་སེར་ཞིབ་འཇུག་དང་སྒྲུང་ཡིག་དར་སྤེལ་ལ་མིག་ལྟོས་དང་རྗེས་འཇུག་འོས་པའི་དོན་ཚན་འགའ་འདུག་པས་གཤམ་གསལ།

༣.༡ སྟག་གཟིག་ནོར་འགྱེད་ལས་ཕྱག་བྲིས་ཀྱི་སྐོར།

རྒན་འཇམ་དབྱངས་ཀྱི་སྟག་གཟིག་ནོར་འགྱེད་འདི་ལ་སྒྲུང་ཡིག་དཔར་མ་གཞན་དང་མི་འདྲ་བའི་ཁྱད་ཆོས་དུ་མ་ལྡན་པ་ལས་བྲིས་རྒྱུན་དཔེ་ཚུགས་དེ་ནི་ཧ་ལས་པའི་ལོ་རྒྱུས་ཀྱི་དོན་སྙིང་གལ་ཆེན་ལྡན་པར་གཤམ་དུ་གསལ་ཏེ། གེ་སར་རྒྱལ་པོའི་སྒྲུང་ཡིག་འདི་གནའ་ནས་ད་ལྟའི་བར་དུ་གནས་ཚུགས་ཐུབ་པའི་ཆ་རྐྱེན་གཙོ་བོ་དམངས་ཁྲོད་དུ་དར་ཞིང་སྒྲུང་མཁན་དྲན་འཕྲུལ་གྱི་ངག་ནས་ངག་བརྒྱུད་པ་དང་། གཅིག་ཤོས་ནི་སྒྲུང་ཡིག་ལ་བརྟེན་ནས་བརྒྱུད་པ་ཞིག་རེད།དེ་བས་སྒྲུང་ཡིག་ནི་ཡོངས་ཁྱབ་ཀྱི་བཤད་རྒྱུན་དུ་གྱུར་པའི་གླིང་རྗེ་གེ་སར་རྒྱལ་པོའི་རྟོགས་བརྗོད་དང་སྣང་བརྙན་དེ་ཡིན་པས་ཡིག་རིགས་དང་ཡིག་གཟུགས་གང་གིས་རྒྱུན་འཛིན་བྱེད་པར་གལ་ཆེན་པོ་ཞིག་རེད་སྙམ།རྒན་འཇམ་དབྱངས་མཆོག་གིས་གཡང་གི་ནོར་བུ་གཏེར་འབྱེད་སྟག་གཟིག་ནོར་འགྱེད་དུ་བྲིས་པའི་ཕྱག་རྒྱུན་འདི་ནི་ཁོང་ཉིད་སྐུ་ན་ཆུང་དུས་ཀྱི་དགེ་རྒན་ཉི་སྦྱང་ཨ་ཡག་གི་མདུན་དུ་བསླབས་པའི་དཔེ་ཚུགས་ཤིག་ཡིན་པ་དང་།ཁོང་གི་སྐུ་ཚེའི་ཕྱག་རིམ་ནང་དུ་ས་སྦྲུལ་ལོ་རྒྱལ་ཡོངས་སྐབས་དང་པོའི་བོད་ཡིག་ཡིག་གཟུགས་འགྲན་བསྡུར་བོད་ལྗོངས་ལྷ་ས་རུ་བསྡུས་ཤིང་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་བོད་ཡིག་ཡིག་གཟུགས་ཀྱི་རྒྱང་ལམ་ཚུགས་པ་རེད།དེའི་ཁྲོད་དུ་དཔེ་ཚུགས་ཕྱག་རྒྱུན་འདིར་ཨང་གསུམ་པའི་བྱ་དགའ་ཐོབ།དེ་ནས་བཟུང་ནོར་འགྱེད་སོགས་སྒྲུང་ཆེན་དུ་མ་བྲིས་ཤིང་བཀྲམ་པས་ཀུན་གྱི་ཡིད་དབང་འཕྲོག་པ་གྱུར། ལོ་རྒྱུས་ཀྱི་འཕོ་འགྱུར་ཁྲོད་དུ་རྩ་ཆེན་རིན་བྲལ་གྱི་ནོར་བུ་མང་པོ་ཞིག་བརྟན་དུ་ནུབ་འགྲོ་ནའང་། སྟབས་ལེགས་པ་ཞིག་ནི། ད་ལོ་དཔལ་གྱི་ཆོས་འཁོར་ལྷ་ས་ནས་ཕོ་བྲང་པོ་ཏ་ལའི་ནང་དུ་བཞུགས་སུ་གསོལ་བའི་དཔལ་ལྡན་ས་སྐྱའི་གསུང་རབས་རྣམས་ཀྱི་དཀར་ཆག་ཅེས་པའི་དཔེ་དེབ་ཅིག་བསྒྲིགས་འདུག་པ་དང་། དེའི་ནང་དུ་སྐྱ་སའི་དཔེ་རྙིང་གི་མ་ཕྱི་དུ་མ་བསྟར་ཕྲེང་བསྒྲིགས་སྟེ་བཀོད་འདུག་པ་དག་གི་ཡིག་གཟུགས་ནི་སྟག་སྟག་རྒན་འཇམ་དབྱངས་ཀྱིས་ནོར་འགྱེད་སྟེང་དུ་བྲིས་པའི་དཔེ་ཚུགས་དེ་རེད་འདུག དེ་ནི་ལོ་ངོ་དགུ་བརྒྱ་ཙམ་གྱི་ལོ་རྒྱུས་ཡོད་པའིི་ས་སྐྱའི་དཔེ་ཚུགས་ཤིག་ཡིན་པར་ཁུངས་ལུང་བཙན་པོ་རྙེད་ཅིང་སྔར་ས་སྐྱའི་འདོན་ཆའི་བྲིས་རིས་ཙམ་གྱི་ཐོས་རྒྱུན་ཡོད་པ་དེ་སོམ་ཉི་མི་དགོས་པ་གྱུར།ཡང་ཀརྨ་པ་སྐུ་འཕྲེང་གཉིས་པ་མཆོག་གིས་མཛད་པའི་གེ་སར་གསོལ་མཆོད་ཀྱི་ཡིག་ཚུགས་དེ་ནི་ནོར་འགྱེད་ཀྱི་དཔེ་ཚུགས་དང་འདྲ་བས་རྗེ་ཀརྨ་པ་མཆོག་ནས་མ་ཕྱི་རྒྱུ་ཆ་གནང་ཏེ་ནོར་འགྱེད་ཀྱི་དབུ་རྒྱན་དུ་མཛེས་པར་བྱས་འདུག དེ་ཡང་ཀརྨ་པཀྵི་མཆོག་གི་འཁྲུངས་འདས་ལོ་ཚིགས་ལྟར་ན་ལོ་ངོ་བརྒྱད་བརྒྱ་ལྷག་སོན་འདུག མ་གཞི་སྔོན་ཆད་དཔེ་ཆ་དང་ཁ་བཏོན།རྒྱུན་སྤྱོད་ཡིག་ཆ་རིགས་འབོར་ཆེན་ཞིག་དཔེ་ཚུགས་འདི་ཉིད་མཛད་བཞིན་པའང་དན་རྟགས་དང་ར་སྤྲོད་བྱུང་།ད་ལོའང་ཕ་ཡུལ་དུ་སྒྲུང་སྣ་ལྔ་བཅུ་ལག་བྲིས་བྱེད་དགོས་པའི་ལས་དོན་ལྟར་ས་སྐྱའི་དཔེ་ཚུགས་འདི་ཉིད་དེར་འདེམས་ཐོན་བྱུང་ཡོད་པ་དང་། དཔེ་ཚུགས་འདི་ཉིད་ལོ་རྒྱུས་ཀྱི་ཆུ་ཀླུང་རིང་མོའི་ཁྲོད་དུ་མི་ནུབ་དར་བའི་ཆེད་དུ་རྒན་ཁོང་གིས་གེ་སར་སྒྲུང་ཡིག་གི་ལམ་ནས་རྩལ་དུ་བཏོན་འདུག་པས་གེ་སར་ཞིབ་འཇུག་དང་སྒྲུང་ཡིག་དར་སྤེལ་གྱི་ཕྱག་ལས་མཛད་མཁན་དག་གིས་ལོ་རྒྱུས་ཀྱི་ཁྲག་རྒྱུན་སིམ་ཞིང་ས་གནས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པའི་ས་སྐྱའི་དཔེ་ཚུགས་སམ་ལྒ་བའི་ཡིག་གཟུགས་འདི་ཉིད་རྒྱུན་འཛིན་བྱེད་པར་ངོ་གནོང་མི་དགོས་པར་སེམས།

༣.༢  སྟག་གཟིག་ནོར་འགྱེད་ལས་བསྐྱོར་འདོན་གྱི་སྐོར།

ཀུན་གྱི་མཁྱེན་ཆོས་ལྟར།འཛམ་གླིང་སྐྱེས་བུ་ཆེན་མོའི་རྟོགས་བརྗོད་གེ་སར་སྒྲུང་འདི་མེད་པ་ནས་ཡོད་པ་དང་། ཡོད་པ་ནས་གནས་པ། གནས་པ་ནས་དར་ཞིང་རྒྱས་པའི་གོ་རིམ་ཁྲོད་དུ་ཐོས་སྒྲུང་དང་རྒྱུད་སྒྲུང་། བབས་སྒྲུང་། པྲ་སྒྲུང་སོགས་སྒྲུང་རབས་རྒྱུད་འཛིན་གྱི་མི་སྣ་མང་པོ་ཡོད་ནའང་།སྒྲུང་གི་ཁྱད་ཆོས་གཙོ་བོ་བཅད་ལྷུག་སྤེལ་མ་ལྟར་འདོན་བཤད་ཟུང་སྦྲེལ་གྱིས་ངག་གི་རྟ་ལ་དྲངས་ནས་ཐོན་པ་གཅིག་མཚུངས་རེད།རྒན་འཇམ་དབྱངས་མཆོག་གི་ནོར་འགྱེད་འདི་ལ་བསྐྱོར་འདོན་གྱི་ཁྱད་ཆོས་འབུར་དུ་ཐོན་པར་མཛད་ཅིང་སྒ་བའི་སྒྲུང་ངག་ཁོ་ན་ཉེར་བཞི་ལྷག་བསྡུས་ཤིང་བསྐྱོར་ཡོད་པས་དམངས་ཁྲོད་ཀྱི་གེ་སར་རིག་གནས་ཐད་མ་ཉམས་དར་སྤེལ་དང་ནུབ་ལ་ཉེ་བ་དག་མྱུར་སྐྱོབ་ཀྱི་མཛད་རྗེས་ཆེན་པོ་བཞག་འདུག་པ་འདི་དག་གལ་ཆེན་དུ་འཛིན་རུ་བ་ཞིག་མིན་ནམ་སྙམ།དམངས་ཁྲོད་དུ་གེ་སར་སྐྱེས་བུའི་སྒྲུང་འདི་ཉིད་དར་སྤེལ་ཐུབ་པའི་ནུས་པ་གཅིག་ཤོས་ནི་བོད་གདོད་མ་ནས་ཡོད་པའི་མགུར་གླུ་སོགས་ལྟར་ངག་ལ་བསྐྱོར་དུ་ཡོད་པའི་ཁྱད་ཆོས་ཡིན་པའང་བསྙོན་མེད་ཅིག་རེད།ད་དུང་རྒན་ཁོང་གི་དྲུང་དུ་བཅར་ནས་བཀའ་འདྲི་ཞུ་དུས་དེང་སང་ནི་ཁོང་ཉིད་སྐུ་ན་འགྲེས་པའི་རྐྱེན་གྱིས་ངག་བཀུག་པར་ངལ་དུབ་ཆེ་ཞིང་ནོར་འགྱེད་ཁྲོད་ཀྱི་སྒྲུང་ངག་དེ་ཚོའང་དཔེ་སྟོན་ཙམ་ལས་མིན་ཚུལ་དང་ཕྱིས་སུ་འདི་ལྟ་བུའི་གོ་སྐབས་ལྡན་ན་གཞས་པ་གཞས་མ་མང་པོས་སྒྲུང་ངག་གསར་པ་འདོན་ཐུབ་ན་བཟང་ཚུལ་སོགས་ཡིད་མགུ་ཐེབས་པའི་བསླབ་བྱ་མང་པོ་གནང་བྱུང་།སྔར་ལོ་རྒྱུས་ནང་དུ་ལྒ་བའི་གཞས་དང་སེང་ཟེར་གྱི་བྲོ་ཞེས་མིང་དུ་གྲགས་པ་བྱུང་ལ། ཕྱིས་སུ་ཁམས་སྟོད་ཡུལ་ཤུལ་ལ་གླུ་གར་གྱི་རྒྱ་མཚོ་ཞེས་གྲགས་པའང་སྲོལ་རྒྱུན་དེའི་བག་ཆགས་ཡིན་ངེས་འདུག དེ་བས་རྒན་འཇམ་དབྱངས་མཆོག་གི་དགོངས་པ་ལྟར་སྒྲུང་ཡིག་ནང་གི་གླུ་གཞས་མང་པོ་གཞས་པ་གཞས་མ་དག་གིས་བཏང་ན་སྒྲུང་ཡིག་གི་འདོན་པའི་ཁྱད་ཆོས་ཉམས་དམན་དུ་མི་འགྲོ་བའི་ནུས་པ་གལ་ཆེན་ཐོན་སྲིད་སྙམ། དེ་ལྟར་ན་ཕྱིས་སུ་གེ་སར་སྒྲུང་ཡིག་དཔར་བ་ལ་ལག་གིས་བྲིས་ཤིང་ངག་ནས་འདོན་པ་གཉིས་ནི་མེད་ཐབས་བྲལ་བ་ཞིག་ཡིན་པས་འདི་ཡང་མིག་དཔེར་འོས་པར་སྨོས་ག་ལ་དགོས།

༣.༣  སྟག་གཟིག་ནོར་འགྱེད་ལས་ཡིག་བསྒྱུར་གྱི་སྐོར།

ཡིག་སྒྱུར་བྱ་བ་ནི་རིག་གནས་ཀྱི་བླ་སྲོག་གནས་པར་ཡར་འདེབས་ཀྱི་དེང་རབས་རིག་ཚན་ཞིག་ཡིན་ལ། མི་རིགས་སོ་སོའི་ཕ་སྐད་མ་ཡིག་རྒྱུན་བསྲིངས་ཐུབ་མིན་གྱི་ཟུངས་ཁྲག་ལྟ་བུའང་ཡིན།དེང་གི་དུས་རབས་ནི་རིག་གནས་ཕུན་ཚུལ་མཉམ་འདྲེས་དང་སྐད་ཡིག་རིག་གནས་ཁྱབ་རྒྱ་ཆེ་བའི་བརྡ་འཕྲིན་གྱི་དུས་རབས་ཤིག་ཡིན་པས། འུ་ཚོའི་ཕ་མེས་ནས་བརྒྱུད་པའི་སྐད་ཡིག་འདི་ཉིད་ཡུན་དུ་གནས་དགོས་ན་དེང་རབས་ཀྱི་དངོས་པོ་མང་པོ་ཚུར་ལེན་དང་ཡིག་བསྒྱུར་བྱེད་དགོས་ལ།རང་རིགས་ཆེད་དུ་མངའ་བའི་དམངས་ཁྲོད་རིག་གནས་སོགས་གཞན་ཡུལ་དུ་ཁྱབ་བརྡལ་འགྲོ་ཐུབ་ན་བཀྲ་ཤིས་པའི་དོན་ཞིག་ཏུ་ཅི་ལ་མི་བརྩི། དེ་བས་ས་ཁྱབ་རྡོ་ཁྱབ་ཏུ་འགྲོ་བཞིན་པའི་གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་འདི་ཡང་ཡིག་རིགས་མང་པོ་ཐོག་ལ་བསྒྱུར་བསྐྲུན་མཛད་བཞིན་མཆིས་པ་ལྟར་མུ་མཐུད་དུ་འཐུས་སྒོ་ཇེ་ཚང་དང་ཚད་གཞི་ཡོད་པའི་ལམ་དུ་སྐྱོད་རྒྱུ་ནི་ཁ་ཚ་དགོས་གཏུགས་ཏུ་སྣང་། དེ་ཡང་རྒན་ལགས་ཀྱི་ནོར་འགྱེད་ལས་རིན་ཐང་ལྡན་པའི་ཁྱད་གཤིས་མི་ཉུང་བ་ཡོད་པར་གོང་དུ་སོང་ཟིན་པ་བཞིན་ད་དུང་གླེང་རན་པའི་ཁྱད་ཆོས་གཅིག་ནི་ཡིག་སྒྱུར་གྱི་སྐོར་རེད། གང་ཡིན་ཟེར་ན།གེ་སར་སྒྲུང་ནི་རང་རེའི་བོད་ཙམ་མ་ཟད་མིའི་རིགས་དཀར་ནག་སེར་གསུམ་ཚང་མའི་རྣ་བའི་བདུད་རྩི་དང་མིག་གི་དགའ་སྟོན་དུ་གྱུར་དང་འགྱུར་བཞིན་པའི་འཛམ་གླིང་རང་བཞིན་གྱི་རིག་མཛོད་ཆེན་མོ་ཞིག་རེད། ཅི་ཙམ་མི་རིགས་ཀྱི་ཁྱད་ཆོས་ཟབ་ན་དེ་སྲིད་འཛམ་གླིང་རིག་གནས་ཀྱི་ཉིང་བཅུད་ཡིན་ཟེར་བའི་དཔེ་བཞིན་གེ་སར་རྒྱལ་པོའི་རྟོགས་བརྗོད་ཀྱི་གཞི་རྐང་ཆགས་ས་དང་མེས་པོའི་ཤུལ་བཞག་གི་རིག་གནས་འདི་ཡི་བདག་པོ་མཐར་ཐུག་ནི་གངས་ཅན་པ་འུ་ཅག་ཡིན་པས། མེས་པོ་གོང་མ་དག་གི་བགྲང་བྱ་ཡུན་རིང་བརྒྱུད་མཐོང་མོང་གིས་བསྐྲུན་པའི་རིན་ཆེན་གྱི་ངག་རིག་སྒྱུ་རྩལ་འདི་ཉིད་གཞན་གྱི་ཡིག་རིགས་མང་ཙམ་དུ་སྤོས་ཚད་ལྡན་པ་བསྒྱུར་ཐུབ་ན་རིག་གནས་ཀྱིས་མི་རིགས་ལ་ཞབས་འདེགས་ཞུ་ཐུབ་པ་ཞིག་རེད།རྒན་མཆོག་གི་ནོར་འགྱེད་དུ་བོད་ཡིག་གི་ཚེག་ཁྱིམ་དུ་ཡོད་པ་དེ་བཞིན་དུ་རྒྱ་ཡིག་ལའང་དེ་ཡོད་པར་མཛད་འདུག་དེ་ནི་སྒྱུར་བའི་སྐབས་ཀྱི་ཚད་གཞི་ཞིག་རེད་སྙམ།དེ་ལ་རྒྱ་ཡིག་ལམ་ནས་བསྐྱོར་འདོན་བྱས་ན་སྟབས་བདེ་ཞིང་སྒྲུང་ཡིག་མ་རྐང་གི་རྩ་དོན་ཡང་འཁྱོལ་མི་འདུག་པས་ཁྱད་ཆོས་དེའང་གླེང་རིན་པ་ཞིག་རེད།སྤྱིར་བསྒྱུར་སྟངས་མང་པོ་ཡོད་སྲིད་ཀྱང་གེ་སར་སྒྲུང་གི་མ་ཡིག་བརྗོད་བྱ་གཙོ་བོར་བཟུང་ཏེ་ཐོག་མ་གཞུང་ཆེན་བརྩོན་པའི་གང་ཟག་གིས་བསྒྱུར་ན་སྤུས་དག་པ་དང་། དེ་ན་གཞན་ཡིག་ལ་བྱང་ཆུད་པའི་མཁས་པས་དག་ཐེར་བྱས་ན་ཚད་གཞི་ལྡན་པ་གྲུབ་པར་སྨོས་མི་དགོས།ད་དུང་སྟག་གཟིག་ནོར་འགྱེད་ཁྲོད་ཀྱི་བར་བཅུག་རི་མོའི་སྐོར་དེ་ཡང་ཁྱད་ཆོས་ཧ་ལས་པ་ལྡན་ཡང་གནས་སྐབས་ཞོར་འཕྲོས་ཙམ་དུ་མ་གཏོགས་འབྲི་ཁོམ་མ་བྱུང་།

མཇུག་སྐྱོང་པ།

དུས་རབས་ཉེར་གཅིག་གི་སྐྱ་རེངས་གསར་པའི་འོད་སྣང་ཁྲོད་རང་རེ་བོད་ལ་མཚོན་ན་སྔར་མེད་པའི་ཤེས་བྱ་སྣ་མང་སྤྱི་ཚོགས་སུ་དར་བའི་མགོ་ཚུགས་པ་དང་། སྒོས་སུ་སྔར་ཡོད་ཀྱི་ཤེས་དཔལ་ཡང་ཉམས་པ་སླར་གསོའི་ཕྱོགས་སུ་གོམ་གང་མདུན་སྤོས་ཀྱི་ཚུལ་དུ་འཕེལ་རྒྱས་འགྲོ་བཞིན་པའང་མངོན་སུམ་རེད། དེ་ལས་ཉེ་བའི་ལོ་འདི་གར་འཕེལ་རྒྱས་ཆེས་མྱུར་བ་དང་གྲངས་ཀ་ཆེས་མང་བ་དག་ལས་སྐྱེས་མཆོག་གེ་སར་རྒྱལ་པོའི་སྒྲུང་འདི་ཨང་རིམ་མགོ་མ་གྲས་སུ་བཞག་ཀྱང་ཐལ་མི་ཆེ་སྙམ། དེའི་རྒྱུ་མཚན་གཞི་བརྟན་ནི་སྐྱེས་མཆོག་གེ་སར་རྒྱལ་པོའི་སྒྲུང་འདི་གཞི་རྒྱ་ཆེ་བའི་རིག་གནས་ཚན་པའི་གྲལ་དུ་ཚུད་ཅིང་། འཛམ་གླིང་མེས་པོའི་རིག་གནས་ཤུལ་བཞག་གི་གདན་སའི་སྟེང་དུ་ངང་ངམ་ཤུགས་ཀྱིས་འགྱིང་པ་རེད། ལས་ཚན་གྱི་གོ་རིམ་ཁྲོད་དུ་སྣང་ཚུལ་མི་ལེགས་པ་འགའ་རྒྱུན་འབྱམས་སུ་སོང་འདུག་པ་དཔེར་ན།གེ་སར་སྒྲུང་ཡིག་སྣ་ཁ་ཅི་ཙམ་ཐོན་ཡང་གླུ་བརྒྱ་ངག་གཅིག་ལྟ་བུའི་བསྐྱར་དཔར་དང་ཡང་དཔར་ཞུ་བཞིན་མང་ཚོགས་ཟུངས་ཁྲག་ལས་ཐོན་པའི་རྒྱལ་ཁབ་སྒོར་མོ་གྲངས་མེད་ཆུད་ཟོས་སུ་འགྲོ་བཞིན་འདུག་ཅིང་། སྒྲུང་གི་གཞི་རྩའི་ཁྱད་ཆོས་ཚང་པའི་པར་སྟངས་མི་འདྲ་བ་ནི་མཁའ་ཡི་པདྨ་དང་ཉིན་མོའི་སྐར་མ་ལྟ་བུ་སྣང་། འོན་ཀྱང་མཁས་དབང་ལྡན་མ་འཇམ་དབྱངས་ཚུལ་ཁྲིམས་ཀྱི་སྟག་གཟིག་ནོར་འགྱེད་འདི་ལ་ཞིབ་ཏུ་བལྟས་ཚེ་མཐུན་མོང་མ་ཡིན་པའི་ཆོས་ཁྱད་མང་པོར་ལྡན་པས་མ་འོངས་གེ་སར་ཞིབ་འཇུག་གི་སྟེགས་བུའི་ཁྲོད་ཁོང་ལྟ་བུའི་ཤེས་འཇོན་ཅན་དོན་ཐུབ་པའི་སྨོན་འདུན་དང་སྒོས་སུ་གེ་སར་ཞིབ་འཇུག་སྤྲོ་བའི་མི་སྣ་དག་ངེས་པར་དུ་ཁོང་ལྟ་བུའི་ངག་ནས་འདོན་ཤེས་པ་དང་། ལག་གིས་འབྲི་ཤེས་པ། ནང་དོན་ཉམས་ཞིབ་གནང་ཤེས་པ་བཅས་ཀྱི་རིག་སྒོ་ཡོད་པར་ཅིས་ཀྱང་གལ་ཆེ་ཚུལ་དུ་དཔྱད་གླེང་འདི་སྤེལ་བ་ཡིན།འདི་ནི་ཁོ་བོས་སློབ་གསེང་གི་ཞོལ་དུ་སྨིན་དང་མ་སྨིན་གྱི་མནོ་བསམ་སྐོར་ཞིག་གིས་བསྡུས་ཤིང་གྲུབ་ཁུལ་ཡིན་པས།འདི་ལ་བཟང་ངན་ཅི་ཡོད་སྙིགས་དོར་བཅུད་ལེན་གནང་པར་ཐུགས་རྗེ་ཆེ་ཞུའོ། །  

ཆབ་འགག་ཇོ་རུའི་རིག་གནས་འཕྲིན་སྟེགས་ལས་བཤུས།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།