ཀྲུང་གོ་བོད་ཀྱི་དྲ་བ།

གེ་སར་དད་མོས་ཁྲོད་ཀྱི་གཏོར་མཆོད་སྐོར་ལ་དཔྱད་པ། སྨད་ཆ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བསོད་རྒྱལ་འབུམ།   སྤེལ་དུས། : 2017-06-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

དྲུག་པ། གཏོར་མའི་ཕན་ཡོན་བསྟན་པ།

ཕན་ཡོན་ལའང་བརྒྱད་ཡོད་དེ།ཕན་ཡོན་མང་པོ་བཤད་ཀྱང་འདིར་དོན་བརྒྱད་དུ་བསྡུས་ནས་བསྟན་ཡོད་དེ།གཏོར་མ་འདི་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་ཚང་བ་དང་བསྡུ་བའི་དངོས་པོ་བཞི་ཚང་བ་།སྡོམ་པ་གསུམ་ཚང་བ་དང་བར་ཆད་ཐམས་ཅད་སེལ་བ།ཕྲིན་ལས་ཐམས་ཅད་ཀྱི་སྔོན་དུ་འགྲོབ་དང་ཕྲིན་ལས་ཐམས་ཅད་མྱུར་དུ་འགྲུབ་པ།འཕྲིན་ལསཐམས་ཅད་ཀྱི་མ་ཚང་བ་ཁ་སྐོང་བ་དང་།ཚོགས་གཉིས་མྱུར་དུ་རྫོགས་ཤིང་བླ་ན་མེད་པའི་བྱང་ཆུབ་ཐོབ་པའིཕན་ཡོན་དང་བརྒྱད་དོ།།

གཅིག ཕ་རོལ་ཏུ་ཕྱིན་པ་དྲུག་ཚང་བ་ནི། དངོས་པོ་གཏོང་བ་དེ་སྦྱིན་པ།སེམས་ཅན་ལ་འཚེ་བ་མེད་ཅིང་གཙང་སྦྲ་དང་ལྡན་པ་ཚུལ་ཁྲིམས།དཀའ་བ་དང་དུ་ལེན་པ་བཟོད་པ།གཏོང་བ་ལ་སྤྲོ་བ་བརྩོན་འགྲུས།གཏོང་བའི་དུས་སུ་ཏིང་ངེ་འཛིན་ལས་མ་ཡེངས་པ་དེ་བསམ་གཏན།ཆོ་ག་མ་ནོར་བར་འཁོར་གསུམ་ཡོངས་སུ་དག་པར་ཤེས་པ་ཤེས་རབ་བོ།།དེ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཚང་བའོ།།

གཉིས། བསྡུ་བའི་དངོས་པོ་བཞི་ཚང་བ་ནི། གཏོར་མ་མགྲོན་རྣམ་པ་བཞི་ལ་གཏོང་བ་སྦྱིན་པ།མགྲོན་སོ་སོའི་བསྟོད་པ་བརྗོད་པར་ཚིག་སྙན་པ།མགྲོན་འདོད་པའི་དོན་ལ་གསོལ་པ་འདེབས་པ་སྟེ་དོན་སྤྱོད་པ།འཁོར་གསུམ་ཡོངས་སུ་དག་པར་བསྔོ་བ་སྟེ་དོན་མཐུན་པའོ།།

གསུམ། སྡོམ་པ་གསུམ་ཚང་བ་ནི། གཏོར་མ་གཏོང་བའི་དུས་སུ་གཙང་སྦྲ་དང་འབྲེལ་བ།སེམས་ཅན་ལ་གནོད་པ་མེད་པ་མི་དགེ་བ་མེད་པས་སོ་སོ་ཐར་པའི་སྡོམ་པ།གཞན་དོན་དུ་གཏོང་པས་བྱང་ཆུབ་སེམས་དཔའི་བསླབ་པ།ལྷ་བསྒོམ་དགོས་པས་གསང་སྔགས་ཀྱི་དམ་ཚིག་དང་བཅས་བ་ནི་སྡོམ་པ་གསུམ་ཚང་བའོ།།

བཞི། བར་ཆད་ཐམས་ཅད་སེལ་བ་ནི། གཏོར་མས་བདུད་བཞིའི་བར་ཆད་སེལ་ཏེ།གཏོང་བའི་དུས་སུ་སེམས་བསྐྱེད་བཟང་པོ་དེས་ཉོན་མོངས་པའི་བདུད་འཇོམས་སོ།།གཏོར་མས་ན་ཚ་སྡུག་བསྔལ་སྐྱོབ་ནུས་པས་ཕུང་པོའི་བདུད་འཇོམས་སོ།།བགེགས་རིགས་སྟོང་ཕྲག་བརྒྱད་ཅུའི་གནོད་བ་བསྲུངས་པས་ལྷའི་བུའི་བདུད་ལས་སྐྱོབ་པར་ནུས།འཆི་བ་བཟློག་པས་འཆི་བདག་གི་བདུད་འཇོམས།དེའི་རྒྱུ་མཚན་ཚེ་དང་ལྡན་པ་གཅུང་དགའ་བོས་མཐའ་གཅིག་ཏུ་ཕྱིན་ཙ་ན།ཡི་དྭགས་ཁ་ནས་མེ་འབར་བ་ཅིག་དང་ཕྲད་ནས།ཁྱོད་ད་སྟེ་ཞག་བདུན་ན་འཆི་བ་ཡིན་པས་ངའི་ཟས་སྐལ་ཡིན་ཟེར་བས།གཅུང་དགའ་བོ་ཤིན་ཏུ་བྲེད་ནས་བཅོམ་ལྡན་འདས་ཀྱི་མདུན་ལ་ཕྱིན་ནས།བདག་འཆི་བའི་འཇིགས་པ་ལས་བསྐྱབ་ཏུ་གསོལ།ཞེས་གསོལ་བ་བཏབ་པས་བཅོམ་ལྡན་འདས་ཀྱིས་སྔགས་གཟུངས་གཟི་བརྗིད་ཚད་མེད་པའི་གཏོར་མ་གནང་ནས།གཏོར་མ་བཏང་བས་འཆི་བའི་འཇིགས་པ་ལས་བཟློག་པ་ལྟ་བུའོ། །

ལྔ། འཕྲིན་ལས་ཐམས་ཅད་ཀྱི་སྔོན་དུ་འགྲོ་པ་ནི། ཞི་བའི་འཕྲིན་ལས་ནད་དང་གནོད་པ་ཞི་བ་ལ་གཏོར་མ་དགོས་པ་དང་།རྒྱས་པའི་འཕྲིན་ལས་ཚེ་དང་བསོད་ནམས་སྤེལ་པ་ལ་གཏོར་མདགོས་པ་དང་།དབང་ལ་གཏོར་མ་དགོས་པ་དང་།དྲག་པོའི་འཕྲིན་ལས་གང་སྒྲོལ་བར་ཡང་གཏོར་མ་དགོས་པ་ཡིན།།

དྲུག གཏོར་མས་ལྷག་པའི་ལྷ་ལ་བསྙེན་པས་འཕྲིན་ལས་མྱུར་དུ་འགྲུབ། གཏོར་མ་མ་ཆག་པ་གཏང་ན་མི་མ་ཡིན་པ་ཕྲ་མོ་རྣམས་ཀྱིས་དངོས་གྲུབ་སྣ་རེ་སྟེར་བར་བཤད་དོ།།རྣལ་འབྱོར་པ་ཀ་དྷ་རི་པ་བྱ་བ་ཞིག་གཏོར་མ་དུས་རྒྱུན་གཏོང་བའི་དུས་སུ་མི་མ་ཡིན་ཕྲ་མོ་མང་པོ་གླུ་ལེན་ཞིང་རྩེད་མོ་བྱེད་ཅིང་ཐོན་ལ།རྗེས་ཀྱི་ཉིན་ཞིག་ཁོང་རྣམས་ངུ་ཞིང་བྱུང་སྐད།ཁྱེད་རྣམས་ཅི་ཉེས་དྲིས་པས།ཁྱེད་ད་སྟེ་ཞག་བདུན་ན་འཆི་བར་འདུག་པས་ངེད་རྣམས་ལ་གཏོར་མ་སྟེར་མི་མེད་ཟེར་བ་ན།རྣལའབྱོར་པས་ཁྱེད་རྣམས་ལ་འཆི་བ་བཟློག་པའི་ཐབས་མེད་དམ་ཞེས་དྲིས་པས།ཁོང་རྣམས་ན་རེ་ཐབས་ཡོད་ཀྱིས་ཁྱོད་ཀྱིས་བདོག་པ་ཐམས་ཅད་ཐོང་ཞིགངེད་རྣམས་ཀྱིས་ཕྱིའི་རྒྱ་མཚོའི་ཕར་འགྲམ་ན་སྨན་ཆེན་པོ་ཞེས་བྱ་བའི་དངུལ་ཆུ་ཡོད་པས་འཁྱེར་ཡོང་ལ་ཁྱོད་ཀྱིས་དེའི་བཅུད་ལོངས་ཤིགདེ་ཡིས་ཚེ་འཕེལ་བར་འགྱུར་རོ་ཟེར་བས།རྣལ་འབྱོར་པས་རྫས་ཀྱི་དངོས་པོ་ཐམས་ཅད་བཏང་།གཏོར་མ་ལ་བརྩོན་པར་བྱསནས་སྨན་ཆེན་པོའི་བཅུད་བླངས་བས་རིང་བར་གྱུར་ཏེ་ལོ་ལྔ་བརྒྱ་ཐུབ་པར་གྱུར་རོ།།

བདུན། མ་ཚང་བ་ཁ་སྐོང་བར་གྱུར་པ་ནི། སློབ་དཔོན་པདྨའི་ཞལ་ནས།གཟུངས་སྔགས་གཟི་བརྗིད་ཚད་མེད་པ་འདི་ལན་བདུན་བརྗོད་ན་ཆོ་ག་མ་ཚང་བ་ཐམས་ཅད་ཁ་སྐོང་བ་ཡིན།སྔགས་པས་མདོས་གཏོང་བའི་དུས་སུ་ལན་བདུན་བརྗོད་པས་ཆོ་ག་མ་ཚང་བ་ཐམས་ཅད་ཁ་སྐོང་བར་གྱུར་བར་བཤད་ལ།བསྐང་གསོལ་ཐམས་ཅད་གཏོར་མ་ལ་བརྟེན་དགོས་པའི་རྐྱེན་གྱིས་ཡིན་པར་གསུངས་སོ།།

བརྒྱད། ཚོགས་གཉིས་མྱུར་དུ་རྫོགས་པ་ནི་གཏོར་མ་ཞིང་རྣམ་པར་དག་པ་བླ་མ་ཡི་དམ་དཀོན་མཆོག་ལ་དངོས་པོ་རྣམ་པར་དག་པ་མཆོད་པའི་སྤྲིན་ཕུང་བདུད་རྩིའི་རྒྱ་མཚོ་ཕུལ་པས། བསོད་ནམས་ཀྱི་ཚོགས་རྒྱ་ཆེན་པོ་རྫོགས་ཤིང་ཐུགས་རྗེས་སྐྱོབ་པར་འགྱུར་བའི་ཕན་ཡོན་དང་།ཡོན་ཏན་གྱི་མགྲོན་ལ་ཕུལ་བས་ཕན་པ་རྒྱ་ཆེན་པོ་འགྲུབ་ཅིང་གནོད་པ་ཐམས་ཅད་ལས་བཟློག་པའི་ཕན་ཡོན་དང་།སྙིང་རྗེས་མགྲོན་ལ་བསྔོས་པས་གཞན་དོན་འགྲུབ་ཅིང་ཐེག་པ་ཆེན་པོར་འགྱུར་བ་དང་ལོངས་སྤྱོད་འཕེལ་བའི་ཕན་ཡོན་དང་།ལན་ཆགས་ཀྱི་མགྲོན་ལ་བསྔོས་པས་སྔ་མའི་ཤ་འཁོན་བྱང་བ་དང་ཕྱི་མ་གནོད་པ་མི་བྱེད་པའི་ཕན་ཡོན་དང་།ཞིང་དམན་པ་ཡི་དྭགས་ལ་གཏོར་མ་བྱིན་པས་ཚོགས་ཆེ་བ་ནི།སློབ་དཔོན་ཛེ་ཏ་རི་དགྲ་ལས་རྣམ་པར་རྒྱལ་བས་ཡི་དྭགས་ཀྱི་གླིང་དུ་ཕྱིན་ཙམ་ན།ཡི་དྭགས་མོ་ཤིན་ཏུ་རིད་པ་ཞིག་དང་འཕྲད།མོས་བཤད་རྒྱུར་ལོ་དགུའི་བར་དུ་ཆུ་འཐུང་མ་མྱོང་།ང་ལ་ཁྱོ་བོ་ཞིག་ཡོད་པ་འདི་ནས་ཤར་ཕྱོགས་ཀྱི་གླིང་དུ་ཆུ་འཚོལ་དུ་སོང་ཡོད་པ་ཁྱེད་དེ་རུ་འགྲོ་ན་ཆུ་མྱུར་དུ་ཁྱེར་ལ་ཤོག་ཅེས་ངག་བཅོལ་བྱས་པ་ལ།དེ་ངས་མི་ཤེས་ཞེས་ལན་བྱིན་པས།རིད་པ་ཤ་རྩ་སེར་བ་ལག་ན་ཤོག་བུ་ཐོགས་པ་ཞིག་ཡོད་ཅེས་བཤད།དེ་ནས་སློབ་དཔོན་བྱོན་ནས།དེ་ལ་ཁྱོད་རང་གི་བུད་མེད་ལ་ཆུ་མ་བསྐྱལ་ན་འཆི་བར་འདུག་གོ་ཞེ་བཤད་པས་།ང་རང་ལའང་འཐུང་རྒྱུ་ཡང་མ་ཪྙེད།དགེ་ཚུལ་ཞིག་གིས་ལུད་པ་ཞིག་བོར་བས་དེ་ལས་ཆུ་གང་ཡང་མ་ཐོབ་པས་ངས་དེ་ཤོག་བུར་བླུགས་ཀྱང་སྐམས་ནས་མི་འདུགལོ་བདུན་ལ་ཆུ་དེ་ལས་མ་མཐོང་ཟེར་།དེར་སློབ་དཔོན་གྱིས་གཏོར་མ་དང་ཆུ་སྦྱིན་མང་པོ་བཏང་ནས་ཡི་དྭགས་ཚིམ་པར་བྱས་པས་ཁོ་ཡང་ངོམས་པར་བྱས།ཆུང་མར་ཡང་བསྐུར་ནས་སྐོམ་སེལ་བས་ཡི་དྭགས་ལ་ཆུ་སྦྱིན་པ་བས་བསོད་ནམས་ཆེ་བ་མེད་གསུངས།དེ་ལྟར་གཏོར་མ་ནི་བསོད་ནམས་ཀྱི་ཚོགས་དང་།ཡེ་ཤེས་ཀྱི་ཚོགས་ནི་འཁོར་གསུམ་ཡོངས་སུ་དག་པ་སྟེ།གཟུང་འཛིན་གཉིས་ཀྱིས་སྟོང་པར་ཤེས་པར་བྱའོ། །

བདུན་པ།དམངས་ཁྲོད་གེ་སར་དད་མོས་ཀྱི་གཏོར་མའི་མཆོད་སྦྱིན་སྐོར་བསྟན་པ།

བོད་བསྟན་ལས་རྙིང་མའི་གྲུབ་མཐའ་དང་བོད་ཡུལ་ཁམས་ཕྱོགས་སུ་གེ་སར་ལ་དད་མོས་ཤུགས་ཆེ་སྟེ།གྲུབ་མཐའ་དགེ་ལུགས་པ་ཡིན་པའི་དགོན་སྡེ་ཁ་ཤས་ནའང་གེ་སར་ལ་མཆོད་བཀུར་བྱེད་པའི་གནས་ཚུལ་ཡང་མང་པོ་མཐོང་ཐུབ་པས་བོད་མི་རྣམས་ཀྱི་སེམས་ཁོང་གི་གེ་སར་ནི་གཉོམ་ཆུང་སྐྱོང་བའི་ཕ་མ།བཙན་པོ་བརྡུང་བའི་ཐོ་བ།ཕྱོགས་བཞི་དགྲ་བཞི་འདུལ་བའི་དགྲ་ལྷ་ཡིན་པ་མ་ཟད།ནད་པ་ལ་སྨན་དང་དབུལ་བོ་ལ་ནོར་སོགས་འདོད་དོན་ཇི་བཞིན་སྩོལ་བའི་ལྷ་དང་ཐར་བ་དང་ཐམས་ཅད་མཁྱེན་པའི་ལམ་སྟོན་པའི་བླ་མ་དང་སངས་རྒྱས་དངོས་ཡིན་པར་འདོད་ལ།གླིང་གེ་སར་དང་འབྲེལ་བའི་སྐུ་གསུང་ཐུགས་རྟེན་དང་དེ་དག་གི་བརྟེན་པ་ཡང་ཤིན་ཏུ་མང་པོ་ཡོད།དེ་བས།གེ་སར་རྒྱལ་པོའི་ཆོས་ལུགས་གོ་གནས་ནི་བོད་མི་དམངས་ཀྱི་དད་མོས་ལས་བྱུང་བ་ཞིག་ཡིན་ལ།གླིང་སྒྲུང་གང་ཉིད་ལྷ་དད་ཆེ་བའི་བོད་དམངས་ཁྲོད་ནས་འཕེལ་རྒྱས་བྱུང་པ་དང་བསྟུན་ནས་གེ་སར་རྒྱལ་པོ་དེ་ལྷ་དང་དཔའ་བོའི་སྣང་བརྙན་དུ་བསྐྲུན་ཞིང་།མཐར་སྐུ་ཞིང་ལ་གཤེགས་རྗེས་དགོན་སྡེ་དང་གསོལ་མཆོད་རྒྱས་ཤིང་དར་བའི་བྱུང་རིམ་དང་སྒྲིག་གཞི་གྱ་ནོམ་པར་གསར་བསྐྲུན་གྱིས་གེ་སར་རྒྱལ་པོའི་ཆོས་ལུགས་གོ་གནས་འབུར་དུ་ཐོན་པར་བྱས་ཡོད།གེ་སར་འདི་ནི་ངོ་བོ་རྩ་གསུམ་ཀུན་འདུས་ཀྱི་ཨོ་རྒྱན་པད་མ་འབྱུང་གནས་ཡིན་པ་ལ།རྩོད་ལྡན་སྙིགས་མའི་དུས་སུ་ནག་ཕྱོགས་བདུད་དཔུང་འདུལ་བའི་ཁ་གནོན་དུ་དགྲ་ལྷའི་རྒྱལ་པོའི་སྐུར་བཞེངས་ནས་བསམ་བཞིན་དུ་རྒྱལ་བསྟན་རིན་པོ་ཆེ་དང་དེ་འཛིན་གྱི་སྐྱེས་བུ་དམ་པ་རྣམས་སྲུང་སྐྱོབ་དང་།བདུད་ནག་ཆམ་ལ་འབེབས་པ།དབུ་ནག་བོད་ཀྱི་ཁ་འཛིན་མགོན་སྐྱབས་སུ་ཕེབས་པར་གསུངས་ཤིང་།རྩོམ་རིག་དང་།ལོ་རྒྱུས།ཆོས་ལུགས་གསུམ་གའི་ཁྲོད་ཀྱི་གེ་སར་ནི་ཕན་ཚུན་ལ་ཁྱད་པར་ཡོད་པར་མ་ཟད་འབྲེལ་བའང་ཡོད་པས།སྒྲུང་དང་དམངས་ཁྲོད་ནས་བྱུང་བའི་གེ་སར་ལྷ་ཡིན་པའི་སྐོར་འདི་དག་ནི་དད་པ་ཅན་རྣམས་ཀྱིས་རྩོམ་རིག་གི་རབ་བཏགས་ཡིན་པ་ཡེ་ནས་མི་སེམས་ལ།ཨོ་རྒྱན་པད་མ་འབྱུང་གནས་ཡིན་པས་འགྲོ་བའི་ལས་ལ་བསམ་གྱིས་མི་ཁྱབ་པ་བཞིན་དུ་སངས་རྒྱས་ཀྱི་མཛད་པ་ལའང་བསམ་གྱིས་མི་ཁྱབ་པའི་ལྟ་བ་དེ་ལ་སུས་ཀྱང་དོགས་པ་མི་བྱེད།བོད་ཀྱི་རྙིང་མའི་མཁས་པ་ཆེན་པོ་སྟག་ཤམ་པ་དང་འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ་སོགས་ཀྱིས་གླིང་གེ་སར་རྒྱལ་བོ་འདི་ཉིད་སློབ་དཔོན་པད་མའི་རྣམ་སྤྲུལ་ཡིན་པར་བསྒྲུབས་ཡོད་ལ།དེར་བསྐང་གསོལ་དང་བསང་མཆོད།གསོལ་འདེབས།པྲ་སྒྲུབ། གཡང་འགུགས་པ་བཅས་ཀྱི་འདོན་རྟ་དང་ཆོ་ག་སོགས་གང་མང་ཡང་བརྩམས་ཡོད།།ས་ཆ་མང་ཆེ་སར་གེ་སར་ནི་དགྲ་ལྷ་ནས་ཆོས་སྐྱོང་སྲུང་མ་དང་།ནོར་ལྷ།ཚེ་ལྷ། གཡང་ལྷ།སྨན་ལྷ་སོགས་ལྷ་མང་པོ་དང་འཇིག་རྟེན་པའི་ལྷ་རུ་དད་མོས་བྱེད་པ་མ་ཟད།བྱེད་ལས་སྣ་ཚོགས་འཛོམས་པའི་ལྷ་ཆེན་པོ་ཞིག་ཏུ་གྱུར་པ་དང་དེ་ལ་གཏོར་མའི་མཆོད་པའང་རྒྱ་ཆེན་པོ་བྱེད་དོ། །

མཚོ་སྔོན་མགོ་ལོག་གི་བྲིས་སྒྲུང་བ་ཨ་བུ་དཀར་ལོ་ཞེས་པས་ཉེ་རབས་《གེ་སར་རིག་གནས་》⑿ཞེས་པའི་གེ་སར་ནོར་ལྷ་དང་ཚེ་ལྷ་སོགས་སུ་བསྒྲུབས་ཤིང་འཛིན་པའི་ལྷ་མང་པོའི་འདྲ་སྐུའི་ཁྲོད་ན་གེ་སར་གྱི་རླུང་རྟ་དང་གཏོར་མ་སོགས་ཀྱི་གཟུགས་རིས་ཀྱང་བཞུགས་ཡོད་དེ།གཏོར་མའི་དཔེ་རིས་གཉིས་ཡོད་པ་གང་འཇུ་མི་ཕམ་པས་མཛད་པ་ལྟར་ཡིན་པར་བཤད་ཡོད།དཔེ་རིས་དང་པོ་ནི་མདོག་གསེར་མདངས་བཀྲ་བའི་གཤོང་ང་གྲུ་བཞི་ཞབས་ཕོར་རྡོ་རྗེ་དབྱིབས་ཅན།སྟེང་དུ་གཏོར་མ་དབྱིབས་ཟླུམ་པོ་ལྟོ་ལྡིར་ཞིང་ཞབས་འདའ་བ་མདོག་དམར་པོ་རྩེ་མོ་ཅན་མར་མཚོན་གྱིས་བརྒྱན་པ་དང་།ནོར་བུ་མང་པོའི་དབུས་སུ་ཁང་བཟང་དམར་པོ་སྒོ་སྔོན་པོ་གོང་ཐེམ་ཅན།གཡས་གཡོན་གྱི་ལྡེབས་སུ་པ་ཏྲ་མདོག་དམར་སྔོན་འཐབ་ནས་འཁྱིལ་བ་མཐའ་ནང་ལྗང་མདོག་དང་ཕྱི་དཀར་པོ་ཅན་དང་།ཁང་ཀླད་རྒྱ་ཕབ་སེར་པོ་སྟེང་ན་ནོར་བུ་མེ་འབར་ཡོད་ཅིང་ཕྱོགས་གཉིས་སུ་དར་ལྗང་མདོག་ཅན་སྔོན་དང་དམར་པོ་མཇུག་སེར་པོ་དཀྱིལ་ནས་བརྒྱན་ཞིང་བལྟས་ན་ཉམས་དགའ་བ་ཞིག་འདུག་པ་ཞི་བའི་ཚུལ་དུ་ཡིན་ལ།དཔེ་རིས་གཉིས་པ་ནི་ཐོད་པའི་དབྱིབས་ཅན་གྱི་སྣོད་སུམ་ཚུགས་རྒྱ་ཆེན་པོའི་ནང་ཆུ་གཏེར་ཆེན་པོ་འཁྱིལ་ཞིང་།དེའི་ནང་གཏོར་མ་ཟུར་གསུམ་དམར་པོ་དཀྱིལ་ཐིག་ནག་ཟུར་གསུམ་དང་མར་ཚོན་སྔོན་པོས་བརྒྱན་ཞིང་མེ་རི་འབར་བ་རྩེ་མོ་གདུགས་སེར་པོས་བརྒྱན་པ་བརྗིད་ཉམས་ཆན་འདུག་པ་དྲེགས་པའི་ཚུལ་དུ་ཡིན།འདྲ་རིས་ཀྱི་དཔེ་ཆ་འདིའི་ནང་མཆོད་སྣོད་མདོག་གསེར་མདངས་བཀྲ་བའི་གཤོང་ང་གྲུ་བཞི་ཞབས་ཕོར་རྡོ་རྗེ་དབྱིབས་ཅན་ཕྲ་རྒྱབ་པའི་ནང་།མཆོད་རྫས་བཀྲ་ཤིས་པའི་རྫས་དུང་དཀར་དང་མེ་ཏོག་པདྨ་།རིག་ཆ།གོས་རས།སྤེ་ཕོར།མཆོད་མེ་བཅས་ཀྱི་དཀྱིལ་ན་གཏོར་མ་དབྱིབས་ཟླུམ་པོ་ལྟོ་ལྡིར་ཞིང་ཞབས་འདའ་བ་མདོག་དམར་པོ་རྩེ་མོ་ཅན་མར་མཚོན་གྱིས་བརྒྱན་པ་སོགས་ཀྱང་མཐོང་རྒྱུ་ཡོད་དོ། །

བོད་ཀྱི་རྙིང་མའི་སྒོན་སྡེ་མང་ཆེ་ཤོས་དང་གེ་སར་ལྷ་ཁང་མང་པོར་ལོ་རེ་རེ་དང་སྐབས་ཐོག་གང་རུང་དུ་གེ་སར་སྒྲུབ་མཆོད་བསྐང་གསོལ་གྱི་རིམ་གྲོ་སྒྲུབ་བཞིན་པས།བོད་ཀྱི་དགོན་སྡེ་ལ་ལར་གེ་སར་གྱི་ཆོས་མཆོད་རྒྱ་ཆེན་པོ་འཛིན་པའི་སྲོལ་ཡོད་ལ།སྐབས་ཐོག་དེར་མཆོད་སྦྱིན་གྱི་གཏོར་མ་ཡང་ཞི་རྒྱས་དབང་དྲག་གང་རུང་གི་སྒོ་ནས་རྒྱ་ཆེར་འབུལ་བཞིན་ཡོད།གེ་སར་ཉིད་ལྷ།དང་བླ་མ།ཡི་དམ། མཁའ་འགྲོ།ཆོས་སྐྱོང་དང་ཡུལ་ལྷ་གཞི་བདག་གཅིག་འདུས་ཀྱིས་བཀུར་བས།གཏོར་མ་འབུལ་དུས་ཀྱང་མཆོད་སྦྱིན་གྱི་གཏོར་མ་འབུལ་རྒྱུ་གཙོ་བོར་འཇོག་ཅིང་།དཀར་ཕྱོགས་ཀྱི་དན་གྲོགས་གེ་སར་ལྟ་བུ་ལ་མགྲོན་བྱེད་པ་དང་བ་སྟེར་བའི་ཆོ་ག་ཡི་དུས་སུ་ཆོ་ག་སྒྲུབ་མཁན་གྱིས་ཡི་དམ་ལྷ་ཡི་རྟེན་དང་བརྟེན་པའི་དཀྱིལ་འཁོར་བསྒོམ་པའི་དམིགས་རྟེན་ལྷ་ཡི་རྟེན་གཏོར་དང་།ཡི་དམ་གྱི་ལྷ་དང་སྲུང་མའི་དམ་ཚིག་ཉམས་པ་རྣམས་བསྐང་བར་བྱེད་པའི་རྨད་བྱུང་གི་བསྐང་གཏོར།དེ་བཞིན་སེམས་ཅན་བདེ་སྐྱིད་དང་བསོད་ནམས་ཀྱི་ཚོགས་བསྐྱེད་ནུས་པའི་སྟོབས་དང་ནུས་བ་ལྡན་པའི་ལྷ་འདི་ལ་དཀར་པོ་ཟླུམ་གཏོར་གཙོ་བྱས་པའི་གཏོར་མ་བཅའ་ལ།དཀར་གསུམ་དང་མངར་གསུམ་སྟེ་ཀ་ར་བུ་རམ་སྦྲང་རྩི་དང་་ཞོ་འོ་མ་མར་བཅས་དང་།འབྲུ་སྨན་གྱི་མཆོད་པ།ཤ་ཁྲག་མ་ཡིན་པའི་ཞལ་ཟས་སྣ་ཚོགས།སྤོས་ངད།གཙང་ཆབ། མར་མེ།མེ་ལོང་།མེ་ཏོག་སོགས་དུག་རིགས་མ་ཡིན་པའི་སྨན་སྣ་གང་འཛོམས་ཀྱིས་མཆོད་པར་བྱེད་པ་ཡིན་ལ།དེ་བཞིན་རྔ་དང་གཤང་དང་།དྲིལ་བུ་སོགས་རོལ་མོའི་སྒོ་ནས་སྒྲའི་མཆོད་པ་བྱེད་ཅིང་།སྔགས་དང་ཕྱག་རྒྱ།ཏིང་ངེ་འཛིན་སོགས་ཀྱིས་འགྲོགས་པར་བྱས་པ་ཡིན་པ་གོང་ནས་བཤད་པའི་གེ་སར་བྲིས་སྒྲུང་བ་ཨ་བུ་དཀར་ལོའི་དཔེ་རིས་ལས་ཀྱང་ཤེས་ཐུབ་ལ།གེ་སར་ལ་མཆོད་པ་བྱེད་སྐབས་ཆོ་ག་སྒྲུབ་པ་པོས་ཀྱང་ཤ་རིགས་ཀྱི་ཁ་ཟས་ལ་མི་སྤྱོད་པར་ལུས་ངག་ཡིད་གསུམ་གྱི་སྒོ་ནས་ལག་ལེན་གྱི་ལས་ལ་ཞུགས་དགོས་པ་དེ་སྔོན་གཏེར་སྒྲུང་པ་གུ་རུ་རྒྱལ་མཚན་གྱིས་གེ་སར་ལ་གཏོར་མཆོད་འབུལ་བཞིན་པའི་ཆོ་ག་བརྙན་གཟུགས་སུ་ཕབ་བཞིན་པ་ལས་དངོས་སུ་མཐོང་ཉུང་།སྟེགས་བུ་རིམ་པ་གཉིས་ཅན་གྱི་སྟེང་དུ་གཏོར་མ་དབྱིབས་ཟླུམ་པོ་ལྟོ་ལྡིར་ཞིང་ཞབས་འདའ་བ་མདོག་རྩམ་པའི་མདོག་ཅན།རྩེ་མོ་ཅན་མར་མཚོན་མེ་ཏོག་གིས་བརྒྱན་པའི་ཁྲོད་དར་ཆ་སྣ་ལྔས་བར་བར་བརྒྱན་ཡོད་པ་མ་ཟད།སྟེགས་ཐེམ་འོག་མའི་སྟེང་མར་མེ་དང་མཎྜལ་སོགས་མཆོད་རྫས་མང་པོ་བཤམ་ཡོད་པར་བལྟས་ན་བོད་ཀྱི་ནང་བསྟན་དགོན་སྡེ་དག་གི་དུས་མཆོད་སྨོན་ལམ་སྐབས་ཀྱི་གཏོར་མ་དང་།ནང་བསྟན་གྲུབ་མཐའ་སོ་སོའི་གཏོར་མའི་གཞུང་ལུགས་དང་ཡང་ཀུན་ནས་མཐུན་ནོ། །

གེ་སར་དད་མོས་ཀྱི་གཏོར་མའི་ཆོ་ག་དང་ཕྱག་ལེན་སོགས་ཀྱང་ནང་བསྟན་གྱི་གཞུང་ལྟར་ཡིན་ལ།གཏོར་མ་འབུལ་བའི་ཚུལ་ནི་འཇུ་མི་ཕམ་པའི་《གེ་སར་སྐྱེ་བུ་ཆེན་པོ་རྡོ་རྗེ་ཚེ་རྒྱལ་གྱི་བསྐང་གསོལ་འདོད་དགུ་མྱུར་འགྲུབ་》ལས།“རབ་འབྱམས་ཞིང་ཁམས་རྒྱ་མཚོའི་མཆོད་པའི་སྤྲིན།།མེ་ཏོག་བདུག་སྤོས་མར་མེ་དྲི་ཆབ་དང་།།ཞལ་ཟས་རོལ་མོ་འདོད་པའི་ཡོན་ཏན་ལྔ། །ཁྲག་ཆང་ཨཪྒྷཾ་དབང་པོའི་མེ་ཏོག་དང་།།ཚིལ་གསུར་ཙོང་ཐུག་ཞུན་ཆེན་སྒྲོན་མེ་དང་།།ཤ་ཆེན་རྐང་གླིང་ཐོད་རྔ་དྲག་པོའི་རྫས།།བདུད་རྩི་སྨན་དང་དམར་ཆེན་རཀྟ་དང་།།བ་ལིང་གཏོར་མ་ཛ་གད་དཔའ་བོའི་ཕུད།།བདེ་ཆེན་དགའ་བཞི་འདྲེན་པའི་རིག་མ་འབུམ།།གོ་མཚོན་ཡུལ་མཁར་ཟས་གོས་རྒྱན་ཆས་ཕྱུག།རྒྱལ་སྲིད་རིན་ཆེན་ཉེ་རྫས་ནོར་སྣ་ཚོགས།།”⒀ཞེས་སྤྱིར་གཏོར་མའི་མཆོད་རྫས་སུ་ཙོང་སྒོག་སོགས་མི་འགྲོ་བ་ལ་འདིར་འགྲོ་བ་ལྟར་འདུག་པ་ནི་མགྲོན་གང་ལ་གང་མཁོ་ལྟར་བྱས་ན་དེ་བས་དགེ་རྩ་ཆེ་ཚུལ་ལ་བསྟུན་པ་ཡིན་ཞིང་།གཏོར་མ་དང་ལྷན་དུ་མཆོད་རྫས་སྣ་ཚོགས་འབུལ་བས་‘མཆོད་རྫས་སུ་དམིགས་པའི་གཏོར་མ་’མང་པོ་མཐོང་རྒྱུ་ཡོད་པས་འདི་ནི་དཔེ་མཚོན་ཙམ་མོ། །

《གེ་སར་རྡོ་རྗེ་ཚེའི་རྒྱལ་པོའི་གཞུང་དང་མན་ངག་གི་སྐོར་བདུད་རྩིའི་བུམ་བཟང》ལས“གོང་ནོན་སྒྲུབ་གཏོར་སློབ་མ་ཡི༔སྤྱི་བོར་བསྐུར་ལ་འདི་ལྟར་བརྗོད༔ཧྲྰི༔དབང་ཆེན་རྔམས་པ་དྲེགས་པའི་ལྷ༔དྲེགས་པ་ཟིལ་གནོན་ཆེན་པོ་ཡི༔སྐུ་ཡི་དབང་བསྐུར་བྱིན་བརླབས་པས༔བུ་ཁྱོད་ལྷ་དང་སྐལ་མཉམ་ཤོག༔”⒁ཅེས་གཏོར་མ་བསྐོར་ནས་བླ་མས་རྗེས་སུ་འཛིན་པའི་རང་གི་བུ་སློབ་ལ་ཚེ་དབང་བསྐུར་བཞིན་ཡོད་ལ།གེ་སར་ལ་གཏོར་མ་ཕུལ་ནས་གསོལ་མཆོད་བྱེད་པའི་དམིགས་ཡུལ་གཙོ་བོའང་《གསོལ་མཆོད་ཕྲིན་ལས་མྱུར་འགྲུབ།》ལས“དགྲ་བླའི་རྒྱལ་པོ་ཆེན་པོ་གེ་སར་ནོར་བུ་ཨ་དཀར་འོད་ཀྱི་ཝེར་མ་འཁོར་དང་བཅས་པ།མཆོད་དོ།མངའ་གསོལ་ལོ།།གཟེངས་བསྟོད་དོ།།ཐུགས་དམ་བསྐང་ངོ་། །དཔའ་སྐྱེམས་འབུལ་ལོ། །ཉམས་པ་བཤགས་སོ།།དགྱེས་པ་བསྐྱེད་དོ།། ཐུགས་དམ་བསྐུལ་ལོ།།རིག་འཛིན་རྣལ་འབྱོར་པ་བདག་ཅག་གི་ནད་གདོན་བར་ཆད་བཀྲ་མི་ཤིས་པ་སོགས་རྒུད་པའི་སྐལ་བ་ངན་པ་ཐམས་ཅད་ཉི་མས་མུན་པ་བཅོམ་པ་ལྟར་སོལ་ཅིག།དགྲ་བྱུང་ན་བྱ་ཐོངས་ཤིག།དུག་འོངས་ན་སྨན་ཐོངས་ཤིག།བྲག་ལམ་མེད་ལ་ལམ་གྱིས་ཤིག།ཆུ་ཟམ་མེད་ལ་ཟམ་ཚུགས་ཤིག།བཟང་དང་ལ་ཁར་སྤྲོད་ཅིག།ངན་དང་ལུང་ཁུང་བསྣོལ་ཅིག།མི་ཁ་དང་ཁ་སྨྲས་མ་གཏོང་ཤིག།རྐྱེན་ངན་དང་བར་ཆད་མ་གཏོང་ཤིག།བྱིང་ན་སློངས་ཤིག།བརྗེད་ན་སྐུལ་ཅིག།བྲོས་པའི་རི་བོང་གྱིས་ཤིག།གབ་པའི་ནགས་ཚལ་གྱིས་ཤིག།བརྟེན་པའི་མཁར་རྫོང་གྱིས་ཤིག།སྲ་བའི་གོས་གྱིས་ཤིག།རྣོ་བའི་མཚོན་གྱིས་ཤིག།མི་ཤེས་པ་སློབས་ཤིག།མ་མཐོང་བ་སྟོན་ཅིག།ཉིན་གྱི་བྱ་ར་མཛོད་ཅིག །མཚན་གྱི་མེལ་ཚེ་གྱིས་ཤིག།གཞི་ལ་ཁ་འཛིན་གྱིས་ཤིག།བྱེས་སུ་བསུ་སྐྱེལ་གྱིས་ཤིག།ཤེས་རབ་ཡེ་ཤེས་ཀྱི་རྩ་སྒོ་ཕྱེས་ཤིག།རིག་གསང་རྟེན་འབྲེལ་གྱི་འཆར་སྒོ་སྟོན་ཅིག།སྤོབས་པ་ནམ་མཁའ་དང་མཉམ་པར་གྱིས་ཤིག།ཤེད་མོང་བསྐལ་པའི་མེ་རླུང་ལྟར་བསྐྱེད་ཅིག།བདེ་སྐྱིད་སྙན་པའི་རོལ་མོ་འཁྲོལ་ཅིག།”⒂ཅེས་པ་ལས་ལེགས་པར་རྟོགས་ཐུབ།གེ་སར་སྒྲུང་བ་དང་གེ་སར་གསོལ་མཆོད་ཆོ་ག་ལ་བྱང་ཆུབ་པའི་གུ་རུ་རྒྱལ་མཚན་ལ་དྲིས་པ་ལྟར་ན།འདི་ལྟར་བཤམས་ཤིང་མཆོད་པའི་གཏོར་མའི་མགྲོན་ལའང་རིགས་གཉིས་ཡོད་དེ་གེ་སར་རྒྱལ་པོའི་ཆོས་སྐྱོང་སྲུང་མ་དང་གཞི་བདག་གམ་གཏེར་བདག་ཨ་མྱེ་རྨ་ཆེན་ལྟ་བུ་ལ་གཏོར་མཆོད་བྱེད་པ་དང་།གེ་སར་སྐྱེ་བུ་ཁོ་རང་དགྲ་ལྷ་དང་ཆོས་སྐྱོང་ལ་བཀུར་ནས་བརྔན་དང་མཆོད་པའི་གཏོར་མ་འབུལ་བ་སྟེ།གེ་སར་བཀའ་སྲུང་གི་བསྐོར་ལ་འབུལ་བའི་གཏོར་མ་དག་ཅུང་མྱུར་བའི་སྒོ་ནས་བསང་ལ་སྒྲོན་དགོས་ལ།གོང་ནས་བཤད་པ་ལྟར་གཏོར་མ་ཡོད་ཚད་འཕྲལ་དུ་འགྱེད་པ་མ་ཡིན་པར་མཆོད་རྫས་སུ་དམིགས་ནས་ཡིན་རིང་ལ་འཇོག་པའང་ཡོད་པ་བཞིན།གཞན་རྣམས་རྗེས་སུ་འདོན་པ་ཐམས་ཅད་བཏོན་ཚར་རྗེས་གནས་མཐོ་ས་དང་ས་གཙང་སར་གཤེགས་དགོས་པར་བཤད།སྐབས་དེའི་འདོན་པ་ནི་འཇུ་མི་ཕམ་ཚང་གཙོ་བྱས་པའི་བོད་མཁས་བ་སྔ་མ་དག་གིས་བརྩམས་པའི་གེ་སར་གྱི་གསོལ་མཆོད་དང་བསྐང་གསོལ་སྒྲུབ་འདོན་སོགས་ཡིན་པ་ལས་ཆོ་ག་ཕྱག་ལེན་གཞན་བོད་ནང་བསྟན་ཆོས་ལུགས་སུ་ཡོད་པའི་གཏོར་མའི་ཆོ་ག་ཕྱག་ལེན་དང་འདྲའོ། །

མཇུག་གི་གཏམ།

གཏོར་མ་ནི་བོད་ཀྱི་ནང་བསྟན་གྱི་ཐུན་མོང་མ་ཡིན་པའི་ཆོས་ལུགས་ཆོ་གའི་ཁྱད་ཆོས་གཙོ་བོ་ཞིག་ཡིན་པ་ན།འདི་ལ་ཞིབ་འཇུག་གི་རིན་ཐང་ཆེན་པོ་ཡོད་པར་འདོད་ནས་སློབ་དཔོན་པདྨའི་《རྒྱག་བརྔན་ལྷ་བསང་།》དང་་ཞྭ་དམར་སྐུ་ཕྲེང་ལྔ་པའི་《གཏོར་མ་དེ་ཉིད་བདུད་རྩིའི་དགའ་སྟོན།》འགྲོ་མགོན་ཕག་མོ་གྲུ་བའི་《གཏོར་མའི་དེ་ཉིད་བཞུགས་སོ།།》སོགས་གཞིར་བཟུང་ནས་གཏོར་མའི་གོ་དོན་དང་འབྱུང་ཁུངས།གཏོར་མའི་རྒྱུ་དང་དབྱེ་བ།དེའི་ཕན་ནུས་སོགས་ལ་དབྱེ་ཞིབ་བྱས་རྗེས་བོད་ཁུལ་མང་ཆེ་སར་ཡོད་པའི་གེ་སར་དད་མོས་ཁྲོད་ཀྱི་གཏོར་མའི་ཆོ་ག་སྟེ།བོད་ཀྱི་རྙིང་མའི་དགོན་སྡེ་མང་ཆེ་ཤོས་དང་མདོ་དབུས་ཁམས་གསུམ་ན་ཡོད་པའི་གེ་སར་ལྷ་ཁང་།དམངས་ཁྲོད་ན་གེ་སར་ལྷ་རུ་མཆོད་པའི་ཆོས་ལུགས་བྱ་འགུལ་གྱི་ཁྲོད་ན་ཡང་གཏོར་མའི་མཆོད་སྦྱིན་གྱི་ཆོ་ག་རྒྱ་ཆེན་པོ་ཡོད་ཚུལ་དཔེ་མཚོན་གྱིས་གསལ་བཤད་བྱས་ཡོད།ས་གནས་དང་མི་རིགས་མི་འདྲ་བའི་དཔའ་བོའི་ལོ་རྒྱུས་བརྗོད་པའི་སྒྲུང་རབས་ཆེན་མོ་གང་ཡིན་ཡང་ལྷ་སྒྲུང་དང་འབྲེལ་བ་མེད་པ་ཞིག་མེད་ལ།ཆོས་ལུགས་ཆོ་ག་དང་ཡང་འབྲེལ་བ་ཡོད་དེ་ལོ་རྒྱུས་བརྗོད་པའི་སྒྲུང་རབས་ཆེན་མོ་དག་ཐོག་མར་གྲུབ་དུས་ཆོས་ལུགས་ཆོ་གའི་རྣམ་པའི་ཚུལ་འགོ་བརྩམས་ཤིང་རྨང་གཞི་ཆགས་པར་དཔའ་བོའི་ལོ་རྒྱུས་བརྗོད་པའི་སྒྲུང་རབས་ཆེན་མོ་ལ་ཞིབ་འཇུག་བྱེད་མཁན་ཀུན་གྱིས་བཤད་ལ།མཱ་ལིན་ནོར་ཧྥུ་ཟི་ཅིས་བཤད་པ་ལྟར་ན་“ལྷ་སྒྲུང་གིས་གདོད་མའི་སྤྱི་ཚོགས་སུ་མེད་དུ་མི་རུང་བའི་ཕན་ནུས་ཐོན་གྱིན་གདའ་སྟེ།ལྷ་སྒྲུང་གིས་དད་མོས་མཚོན་པ་མ་ཟད་།དད་མོས་ལ་ཤུགས་བསྣན་ཏེ་དད་མོས་གཞུང་ལུགས་སུ་བསྒྱུར་པ་རེད”⒃ཅེས་བཤད་ཡོད་ལ།དོན་དངོས་ཀྱང་དེ་ལྟར་འདུག་སྟེ་བོད་དམངས་ཁྲོད་ན་གེ་སར་སྒྲུང་འདི་ཆོས་ལུགས་དང་འབྲེལ་བ་ཟབ་མོ་ཆགས་ཡད་པ་མ་ཟད།གེ་སར་དཔའ་བོ་ནས་དགྲ་ལྷ་རུ་གྱུར་ཞིང་བོད་ཀྱི་ཆོས་སྐྱོང་དང་ཡུལ་ལྷའི་ཚུལ་དུ་གསོལ་བསྟོད་ཀྱང་མང་པོ་བརྩམས་ཤིང་།མཆོད་རྫས་སྣ་ཚོགས་ཀྱིས་མཆོད་སྦྱིན་རྒྱ་ཆེན་པོ་འབུལ་བའི་ཁྲོད་ན་གཏོར་མས་ཀྱང་ཆ་ཤས་མང་པོ་ཟིན་ཡོད་པས་ན།དེ་ལའང་ཆོས་ལུགས་རིག་གནས་ཀྱི་རིན་ཐང་དང་ཞིབ་འཇུག་གི་རན་ཐང་རྒྱ་ཆེན་པོ་ཡོད་པར་འདོད་དོ། །


ཟུར་ལྟའི་དཔྱད་གཞི།

གཅིག⑴⑹མཁས་དབང་《དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་ཕྱོགས་བསྒྲིགས།》﹝M﹞དེབ་དང་པོ།བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་།(༡༩༩༠ལོའི་ཟླ༤ལ།)ཁྲོད་ཀྱི་《རྒྱལ་ཁམས་རིག་པས་བསྐོར་བའི་རྩོམ་ཡིག་གསེར་གྱི་ཐང་མ།》ཡི་ཤོག་ངོས༡༩དང༦༤རུ་གསལ།

གཉིས།⑵⑾རེབ་གོང་མཁར་རྩེ་རྒྱལ།《འཇིག་རྟེན་མཆོད་བསྟོད》﹝M﹞(༢༠༠༩ལོའི་ཟླ༧ལ།)ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།ཤོག་ངོས་༡༣༩དང་༡༤༤ན་གསལ།

གསུམ།⑶《བོན་གྱི་ལོ་རྒྱུས་ཡིག་ཆ་ཕྱོགས་བསྒྲིགས》﹝M﹞བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་།(༢༠༡༢ལོའི་ཟླ༨ལ།)ཁྲོད་ཀྱི་《གཡུང་དྲུང་ལྷའི་བོན་མདོ་འདུས་པ་རིན་པོ་ཆེའི་རྒྱུད་བཞུགས་སོ》ཞེས་པའི་ཀོག་ངོས་༧༠ན་གསལ།

བཞི།⑷ནམ་མཁའ་ནོར་བུའི་གསུངས་རྩོམ་ཕྱོགས་བསྒྲིགས་ནང་ལུང་དྲངས་ཡོད་པའི་《སྣང་སྲིད་སྤྱི་མདོས》﹝M﹞ན་གསལ་པར་བཤད།

ལྔ།⑸དོང་རྡོ་རྗེས་བསྒྲིགས་པའི་《བསྟན་འགྱུར་དཀར་ཆག་བོད་རྒྱ་ཤན་སྦྱར།》﹝M﹞མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།(༢༠༡༠ལོའི་ཟླ༧ལ།)ཤོག་ངོས༦༡༧ན་གསལ།

དྲུག⑺⑽འགྲོ་མགོན་ཕག་མོ་གྲུ་བའི་《གཏོར་མའི་དེ་ཉིད་བཞུགས་སོ།།》﹝M﹞དམངས་ཁྲོད་ལག་བྲིས་མ།

བདུན།⑻ཞྭ་དམར་སྐུ་ཕྲེང་ལྔ་པའི་《གཏོར་མ་དེ་ཉིད་བདུད་རྩིའི་དགའ་སྟོན།》﹝M﹞དམངས་ཁྲོད་ཤིང་དཔར་མ།

དགུ།⑼《གསར་རྙིང་གི་རྒྱན་དང་རོལ་མོའི་བསྟན་བཅོས་སུ།》﹝M﹞བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་།(༢༠༠༩ལོའི་ཟླ༩ལ།)ཤོག་ངོས༡༦༩ན་གསལ།

བཅུ།།⑿སྒྲུང་པ་ཨ་བུ་དཀར་ལོས་བརྩམས།《གེ་སར་རིག་གནས།》﹝M﹞མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།(༢༠༡༡ལོའི་ཟླ༤ལ།)ཤོག་ངོས༡༠༤དང་༡༡༩ན་གསལ།

བཅུ་གཅིག⒀⒁⒂《གླིང་གེ་སར་རྒྱལ་པོའི་གསོལ་མཆོད་སྐོར་ཕྱོགས་བསྒྲིགས།》﹝M﹞སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།(༡༩༩༦ལོའི་ཟླ༦ལ།)ཁྲོད་ཀྱི་《གེ་སར་སྐྱེ་བུ་ཆེན་པོ་རྡོ་རྗེ་ཚེ་རྒྱལ་གྱི་བསྐང་གསོལ་འདོད་དགུ་མྱུར་འགྲུབ་》དང་《གེ་སར་རྡོ་རྗེ་ཚེའི་རྒྱལ་པོའི་གཞུང་དང་མན་ངག་གི་སྐོར་བདུད་རྩིའི་བུམ་བཟང་།》《གསོལ་མཆོད་ཕྲིན་ལས་མྱུར་འགྲུབ།》བཅས་སུ་ཤོག་ངོས་༥༡དང་༡༤༣དང་༡༣༡ནས་༡༣༢་ན་གསལ།

བཅུ་གཉིས།⒃མཱ་ལིན་ནོར་ཧྥུ་ཟི་ཅིས་《མཱ་ལིན་ནོར་ཧྥུ་ཟི་ཅིས་གསུང་རྩོམ་ཕྱོགས་བསྒྲིགས》﹝M﹞ལའོ་ཉིན་སློབ་ཆེན་དཔེ་སྐྲུན་ཁང་།(༡༩༨༥་ལོའི་ཟླ༩ལ།)


རྩོམ་ཁུངས། ཀྲུང་གོའི་བོད་རིག་པ། 2012ལོའི་འདོན་ཐེངས་བཞི་བ།

རྩོམ་པ་པོ། བསོད་རྒྱལ་འབུམ། མཚོ་སྔོན་ཞིང་ཆེན་གེ་སར་སྒྲུང་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ཆེན་མོ། འབུམ་རམས་པ།

གོང་གི་ནང་དོན་དག་ཆབ་འགག་ཇོ་རུའི་རིག་གནས་འཕྲིན་སྟེགས་ལས་བཤུས།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།