ཀྲུང་གོ་བོད་ཀྱི་དྲ་བ།

《གླིང་སྒྲུང་》ལས“ཇོ་རུ”དང“གེ་སར”ཞེས་པའི་མཚན་དོན་སྐོར་དཔྱད་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ​བསོད་ནམས་དགེ་ལེགས།   སྤེལ་དུས། : 2017-05-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཕྱིའི་སྣོད་ཀྱི་འཇིག་རྟེན་ཁམས་སུ་ནང་བཅུད་མིའི་རིགས་ཀྱི་བླ་སྲོག་བྱུང་བའི་དུས་དེ་ནས་བཟུང་འགྲོ་བ་མིའི་རིགས་ཀྱིས་རང་ལུས་ངོས་འཛིན་བྱེད་པའི་ནུས་པ་རིམ་བཞིན་གོང་མཐོར་ཕྱིན་པས་རང་ཉིད་ཀྱི་འདྲ་རིས་དང་རུས་མིང་། ཐ་ན་ལུས་ཀྱི་གྲིབ་གཟུགས་བཅས་པ་ཐམས་ཅད་ངོ་བོ་ལྐོག་གྱུར་ལ་རྣམ་པ་བྱེ་བྲག་ཅན་དུ་འགྱུར་འགོ་ཚུགས་པ། ལྷག་པར་དུ་“ཁོ་ཚོས་རྒྱུན་གཏན་དུ་རང་ཉིད་ཀྱི་མིང་མཚན་ཡང་རྣམ་པ་བྱེ་བྲག་ཅན་ལ་དོན་དམ་དུ་གནས་པའི་བླ་ན་མེད་པའི་བྱ་དངོས་ཤིག་ལ་ངོས་འཛིན་གྱི་ཡོད།”【1】འཛམ་གླིང་མི་རིགས་གཞན་གྱི་སྲོལ་ལུགས་ལ་ཕྱི་མིག་ཅིག་བལྟས་ན། རྗེས་ཤུལ་དེ་གསལ་པོ་མངོན་ཐུབ་པ་ཡིན་ཏེ། གནའ་རབས་དཔལ་ཡོན་ཤིན་ཏུ་དར་བའི་ཨེ་ཅིས་མི་རིགས་ཀྱིས་ཡུན་རིང་རྒྱུན་སྲོལ་བཞིན་མི་རེ་ལ་མིང་གཉིས་འདོགས་ཀྱི་ཡོད་པ་སྟེ། གཅིག་ནི་རུས་མིང་དང་གཅིག་ནི་གཅེས་མིང་། ཡང་ན་གཅིག་ཆེ་མིང་དང་གཅིག་ཆུང་མིང་ཡིན་པ། ཁོ་ཚོས་རང་མིང་དེ་གཙིགས་ཆེར་འཛིན་ནས་དེར་མ་རུང་ཚིག་གིས་འཕྱ་སྨོད་བྱས་ན་རང་ཉིད་ཀྱི་བློ་སྲོག་ལ་འཚེ་བའི་ངོས་འཛིན་བྱེད་པ། ཡང་དབྱིན་ཏི་ཨན་མི་དང་ཨེ་སི་ཅིས་ནོ་མི་རིགས་སོགས་ཀྱིས་ཀྱང་རང་མིང་དེ་ཁ་མིག་དབང་པོ་བཞིན་ལུས་ཀྱི་གྲུབ་ཆ་ཆ་ཤས་ཤིག་ལ་འཛིན་པ་མ་ཟད་དེར་རང་གི་ཚེ་སྲོག་བཞིན་གཅེས་པར་འཛིན་ནས་ཕྱི་རོལ་གྱི་གནོད་འཚེ་ཐམས་ཅད་འགོག་ཐབས་བྱེད་པ། ཐ་ན་སྐྱེ་བ་རྗེས་མར་མི་ལུས་བསྐྱར་དུ་ལེན་ཕྱིར་རང་ཉིད་ཤི་ཁ་མར་མིང་གསར་པ་རེ་ཡང་འདོགས་ཀྱི་ཡོད། རང་རེ་བོད་མི་རིགས་ཀྱི་མིང་འདོགས་པའི་སྲོལ་ལུགས་ལ་དཔྱད་ན། དཔེར་ན། ང་ཚོའི་འཚོ་བའི་ཁྲོད་དུ་མི་ཕལ་མོ་ཆེར་“དཀོན་མཆོག་”དང་“སངས་རྒྱས།” “མཁའ་འགྲོ་”དང་“ལྷ་མོ་”ལྟ་བུ་རང་འདོད་ཀྱིས་འདུན་སྨོན་མཚོན་པའི་འདོད་རྒྱལ་གྱི་བཏགས་མིང་རེ་ཡོད་པ་དེ་རིགས་ནི་ཕྲུ་གུ་སྐྱེ་བའི་ཉིན་ཤས་མཚམས་སུ་ཡུལ་གྱི་བླ་མ་རྩ་ཆེན་དང་། ཡང་ན་ཕ་མ་སྤུན་མཆེད་གང་རུང་གིས་རང་འདོད་ཀྱིས་བཏགས་པ་ཡིན་ཙང་དེ་རང་གི་རུས་མིང་ལྟ་བུར་ཆགས་པ་དང་། ཡང་མི་ཕལ་མོ་ཆེར་རང་ཉིད་བཙས་མ་ཐག་དང་། ཡང་ན་རིམ་བཞིན་འཚར་ལོངས་བྱུང་བའི་བརྒྱུད་རིམ་ནང་ངོ་གདོང་གི་ཤ་མདོག་ལ་ལྟོག་པའི་“སེར་ཐོ་”དང་“དམར་ལེབ་”དེ་བཞིན་“སྔོ་གཉའ་”ལྟ་བུ་དང་། ལུས་ཀྱི་བྱད་དབྱིབས་ལ་ལྟོས་པའི་“སྣ་ཉག་”དང་“སྒུར་རུ།” དེ་བཞིན་མིའི་བྱ་བྱེད་དང་གཤིས་རྒྱུད་ལ་ལྟོས་པའི་“སྤྲེལ་ཚ་”དང་“ལུག་རྭ་” “ཁྱི་རྔ་”ལྟ་བུ་སོགས་རྗེས་གྲུབ་ཀྱི་མིང་ཕལ་པ་རེ་ཡང་བཏགས་སྲོལ་ཡོད། རྗེས་གྲུབ་ཀྱི་མིང་འདི་གྲུབ་པའི་དུས་ནི་གཅིག་ཤོས་ལས་ཕྱི་བ་ཡིན་རུང་བཏགས་མིང་དངོས་བཞིན་འདིའི་མིང་སྣེར་འཛིན་པའི་འཕྱ་སྨོད་ཀྱི་ཚིག་ངན་དང་སྡང་སེམས་ཀྱི་བྱ་བ་ཐབས་ཅད་ཡི་མི་རངས་བ་ནི་གོང་སྨོས་མི་རིགས་དང་གཉིས་སུ་མེད།

འདི་ལྟ་བུ་གདོད་མའི་མི་རྣམས་ཀྱིས་མི་མིང་དེ་རང་ལུས་དང་བྲལ་ཐབས་མེད་པའི་ཁར་སོ་སོའི་བླ་སྲོག་དང་ཐད་ཀར་འབྲེལ་བ་དང་། ཡང་ན་དེ་དུས་ཀྱི་མིས་དེ་མིང་རྟགས་ཙམ་ལས་དོན་དངོས་སུ་སྙིང་པོ་མེད་པའི་ངོས་འཛིན་པའམ། གང་ལྟར་“མིའི་མིང་མཚན་དེ་ཐོག་མ་ཉིད་ནས་གནད་འགག་ཆུང་ངུའི་བྱ་དངོས་ཤིག་མ་ཡིན་པར་དུས་ནམ་ཡང་མིང་དེའི་གདགས་གཞི་དང་གདགས་གཞི་དེ་ལས་ཐོན་པའི་བཟང་ངན་གྱི་བྱ་བ་མཐའ་དག་དབར་རྒྱུ་འབྲས་ལྟ་བུའི་འབྲེལ་བ་རིམ་ཅན་ཞིག་རྩ་བའི་ཆ་ནས་གྲུབ་ཟིན་པ་རེད།”【2】དོན་དེ་《གླིང་སྒྲུང་》ནང་ཆེས་མངོན་པར་གསལ་བ་ཡིན་ཏེ། སྒྲུང་གཏམ་གྱི་ཐོག་མཐའ་བར་གསུམ་དུ་གནམ་གྱི་སྐར་མ་ས་ལ་འཕོས་པ་ལྟར་གྱི་མི་མིང་ཕོན་ཆེན་ཚོགས་པ་དེ་དག་ཚང་མ་ནི་ཡང་ན་མིའི་རང་འདོད་ལས་རྒྱལ་བའི་འདོད་རྒྱལ་དང་། ཡང་ན་འདྲ་བ་དང་འབྲེལ་བ་རྒྱུ་མཚན་དུ་བྱས་པའི་རྗེས་གྲུབ་ཀྱི་མིང་ཤ་སྟག་ཡིན་པའི་ཁར་གདགས་གཞི་གང་དེ་ལས་ལ་ཞུགས་པའི་བཟང་ངན་འབྲས་བུ་ཡང་རང་དང་ལུས་གྲིབ་བཞིན་དུ་འགྲོགས་པ་ནི་དཔེར་ན། ཁྲོ་ཐུང་ཕྱི་ནང་བྱ་བྱེད་ཚ་བས་“ཌ་རུ་མགོ་”ཞེས་མཚན་ངན་ཚེ་གང་དུ་སྨོས་པ་དེ་བཞིན་ཡིན། གཞན་ཡང་རི་ཆུ་རྩྭ་ཤིང་ཡོད་དོ་ཅོག་རླུང་གི་སྒྲ་བཞིན་དོན་མེད་པ་ཡེ་ནས་མེད་ཀྱང་འདིར་ཁོ་བོས་གླེང་གཞིའི་ཁྱབ་ཁོངས་གནད་དུ་བསྡུས་ནས་《གེ་སར་》ཞིབ་འཇུག་བྱེད་ཕྱོགས་ཀྱི་རྩོད་གཞི་ཆེ་བའི་གནད་དོན་ཏེ་“ཇོ་རུ་”དང་“གེ་སར་”ཞེས་པའི་མཚན་དོན་འདིར་གཙོ་བོ་སྒྲུང་གཏམ་གྱི་བརྗོད་པ་དང་། སྒོས་སུ་བོད་འབྲོག་ཁུལ་གྱི་མི་མིང་འདོགས་སྟངས་ཀྱི་ཁྱད་ཆོས་ཟུང་འབྲེལ་གྱི་དཔྱད་ཐབས་འཛིན་ནས་རང་གི་ལྟ་བ་ཞིག་ཀྱང་འཆད་པར་འདོད།

དང་པོ། ཇོ་རུ་བཤད་པ།

དེ་ཡང་《གེ་སར་》ཞིབ་འཇུག་བྱེད་མཁན་མང་པོ་ཞིག་གིས་《གླིང་སྒྲུང་》འདི་ཐོག་མར་ངག་ཐོག་ནས་བྱུང་བའི་རྩ་བའི་གནད་དོན་འདི་ལྷོད་གཡེང་དུ་བཏང་ཐོག རང་འདོད་ཀྱི་ལྟ་བར་ཅུང་ཟད་འཚམས་པའི་ཚིག་རྐང་རེ་གཉིས་རྟགས་སུ་བཀོད་དེ་སྒྲུང་གཏམ་ནང་འབྱུང་གཞི་དང་འབྱུང་ཁུངས། འབྱུང་རྐྱེན་ཆ་ཚང་བའི་སྐྱོན་འཛུགས་སུ་མེད་པའི་ “ཇོ་རུ་”ཞེས་པའི་ཡི་གེ་འབྲི་ཚུལ་འདི་མི་འགྲིག་ཡིག་ནོར་གྱི་མཐའ་རུ་བསྐྱལ་ནས་ཉམས་སྐྱོ་པོའི་ཚུལ་དུ་གནས་པས་ན་“སྐྱོ་རུ་”དང་། ལྷ་སྐྱོར་བདུད་བཏུལ་བས་“སྐྱོར་རུ”། བྱུ་རུ་ལྟར་མདངས་དམར་བས་“བྱུ་རུ”། མི་འདོད་བྱུར་སྣ་འདྲེན་པས་“བྱུར་རུ་”ལ་སོགས་པའི་སྡོམ་ཚིག་ཅི་རིགས་བཞག་ཡོད་པ་རེད། ལྟ་བ་དེ་འབུར་དུ་ཐོན་བྱེད་ཀྱི་རྟགས་སམ་རྒྱུ་མཚན་སྒྲུབ་བྱེད་ཅི་ཡིན་དཔྱད་ཚེ། སྒྲུང་དེབ་རེ་འགའི་ནང་འབྲི་ཚུལ་དེ་འདྲ་བྱུང་བ་དང་། ཡང་ན་སྒྲུང་པ་ཆེ་གེ་མོའི་ངག་རྒྱུན་ལ་ཐོན་ཞེས་པ་ཙམ་ལས་མ་འདས་པས་དེ་ནི་རྐང་པ་ཚུགས་པ་དཀའ་སྟེ། སྒྲུང་དེབ་ཕལ་ཆེ་བའི་བཞེད་པ་ལས་འདས་པའི་རེ་འགའི་འབྲི་ཚུལ་དེས་མི་སེམས་གོ་བསྐོན་ཐུབ་པ་མ་ཡིན་པ་ནི། སྒྲུང་གཏམ་ཞིག་ངག་ཐོག་ནས་ཐོན་པའི་གོམ་པ་གཉིས་པ་ནས་ཡིག་ཐོག་ཟིན་བྲིས་བཀོད་པ་དང་། དེ་ནས་ཕྱོགས་སྒྲིག་དང་ཞུ་དག་སོགས་ཀྱི་བྱ་བ་རིམ་ཅན་ཞུགས་མཐར་གཞི་ནས་དཔེ་གཟུགས་སུ་གྲུབ་པ་ཡིན་པས་དེའི་རིང་མིས་བཟོས་ཀྱི་འཁྲུལ་པ་ཡོང་བ་མ་ངེས་སམ། སྒྲུང་མཁན་རེ་འགའི་བཞེད་པ་ཡང་དཔེ་དེ་ལྟར་ཏེ། སྔོན་བྱོན་གྲགས་ཅན་སྒྲུང་པ་རིམ་བྱོན་གྱི་ངག་སྒྲོས་ལས་མཐོང་ཐོས་མེད་པའི་བཤད་སྒྲོས་དེ་འདྲ་བ་ལ་འགྲིག་པའི་བརྒྱ་ཆ་ཇི་ཙམ་ཡོད་པའི་ཁག་ཐེག་བདག་གི་ངོས་འཛིན་ལྟར་ན། དོན་འདི་དཔྱད་པར་གདགས་གཞིའི་མིང་དེ་ཐོག་མར་བྱུང་ཚུལ་དང་མིང་དེ་གྲུབ་པའི་རྒྱུ་མཚན། ལྷག་པར་དུ་ངག་ཐོག་རྩོམ་རིག་གི་ཁྲག་རྒྱུན་དང་དམངས་ཁྲོད་ཡུལ་སྐད་རང་བཞིན་གྱི་མིང་མཚན་འདོགས་སྟངས་ཀྱི་ཁྱད་ཆོས་བཅས་པ་ཟུང་དུ་འབྲེལ་ནས་དོན་དེར་ཞིབ་འཇུག་བྱས་ན་གཞི་ནས་མཚན་དོན་དེ་གྲོལ་ཐུབ་པ་ཡིན་སྙམ།

འོ་ན་མིང་འདི་ཐོག་མར་བྱུང་སྟབས་དང་འབྱུང་རྐྱེན་ཇི་ལྟར་ཡིན་ཞེ་ན། 《འཁྲུངས་གླིང་མེ་ཏོག་ར་བ་》ཡི་ནང་“མ་འགོག་མོའི་པང་དུ་བུ་ཡིད་དུ་འོང་བ་ཞིག་འཁྲུངས་པར་རྒྱ་བཟའི་ཡིད་ལ་ཐེ་ཚོམ་སྐྱེས་ནས་རྒྱ་ཚའི་མདུན་དུ་མཁྱེར། རྒྱ་ཚས་རང་གི་ནུ་བོ་དེ་པང་དུ་བླངས་ནས་ཡིད་སྤྲོ་བས་དབུ་ཐོད་གཏུགས་པས་ཕྲུ་གུ་དེས་རྒྱ་ཚ་ལ་དགའ་བའི་རྣམ་འགྱུར་ཚད་མེད་བསྟན་ཏེ་ཇོ༵་རུ༵་སེ༵་བཞུ༵གས་པ་ན། རྒྱ་ཚས་ངའི་ནུ་བོ་འདི་ལ་རེ་ཞིག་བར་ཇོ༵་རུ༵་བཏགས་པས་ཆོག”ཅེས་གསལ་བ་དང་། ཡང་གྲགས་ཅན་སྒྲུང་པ་གྲགས་པ་ལགས་ཀྱི《འཁྲུངས་གླིང་》ནང་ཨ་ཁུ་ཁྲོ་ཐུང་གིས་འགོག་མོའི་བུ་ཆུང་བཀུམ་པའི་ལས་གཤམ་ནས་“ལག་པ་དང་རྐང་པ། བྲང་ཁ་བཅས་ལ་ལྕགས་ཀྱི་ཕུར་པ་བཏབ། དགྲ་ལྷ་གཉན་སྟག་དམར་པོས་བུ་ཆུང་དེ་མགོན་ནས་ལྕགས་ཕུར་ལས་ཐར་ནས་ཁྲོ་ཐུང་ལ་ཉེས་ཆད་བཏང་བས་ཁྲོ་ཐུང་སྐྲག་ནས་གསེར་ཕྱེ་ཕུལ་གང་སྐྱབས་རྟེན་དུ་ཕུལ་ནས་“ཨ་ཞོ་ཇོ་ཞོ་རིན་པོ་ཆེ། ……ཁྱེད་རུ་སེ་ལངས་ནས་ཇོ་རུ་ཟེར། གེ་སར་ལངས་ནས་གེ་སར་ཟེར། སེང་སེ་འགྱིང་ནས་སེང་ཆེན་ཟེར། མིང་འདི་ལས་ལྷག་པ་ཅི་ལ་ཡོད་”ཅེས་དང་། 《མུ་ཏིག་ཕྲེང་བ》【5】ནང་ཇོ་རུ་འཁྲུངས་མ་ཐག་“མ་ཡི་པང་དུ་དྲིན་ལན་དང་པོའི་གླུ་ཆུང་བླངས་ནས་རང་མིང་ལ་འགོག་མོའི་ཇོ་རུ་བཏགས་”པ་དང་། དེ་བཞིན་བསམ་གྲུབ་ཀྱི་《འཁྲུངས་གླིང་》【6】ནང་“ཉག་ཚས་འགོག་བུ་ལ་མིང་ཅི་ཞིག་བཏགས་ན་དགའ་ཟེར་བ་དང་དཔག་བསམ་སྡོང་པོའི་རྩེ་ནས་བྱ་ནེ་ཙོས་ཞལ་འབྱིན་ནས་བུ་དེ་ལ་ཇོ་རུ་ཐོགས་”ཟེར་ཞེས་མིང་མཚན་དེ་འབྱུང་ཚུལ་དང་འབྱུང་རྐྱེན་མི་གཅིག་པ་དུ་མ་མཆིས་ཀྱང་ཕྱི་མ་གཉིས་ནི་གདགས་གཞི་གང་དེར་འདྲ་བ་དང་འབྲེལ་བ་རྒྱུ་མཚན་གང་གི་ཆ་ནས་མིང་དེ་ལྟར་བཏགས་པའི་ཚིག་འགྲེལ་ཅི་ཡང་མི་གསལ་བར་རང་འདོད་ཀྱིས་བཏགས་པའི་ཚུལ་དུ་ཟད། དེ་ལྟར་ན་“ཇོ་རུ་”ཞེས་པ་དེ་གནམ་གྱི་ལྷའམ་བར་གྱི་གཉན་དང་འདྲེ་སྲིན་འབྱུང་པོ། ཡང་ན་སེམས་ལྡན་སེམས་མེད་ཀྱི་དངོས་པོ་ག་གེ་མོ་ཞིག་ཡིན་དགོས་པ་ན་དེར་འདི་ཡིན་གྱི་མཛུབ་མོ་འཛུགས་ཐབས་ཤིན་ཏུ་དཀའ། དུས་ཀྱི་ཆ་ནས་དཔྱད་ན། མིང་འདི་ཐོག་མར་རྒྱ་ཚས་བཏགས་པར་འདོད་ན། ཕྱི་རོལ་འཇིག་རྟེན་ཁམས་ཀྱི་གནས་ཚུལ་དང་བཟང་ངན་ལས་ཀྱི་དགའ་སྡང་གི་ཚོར་བ་ཅི་ཡང་མེད་པའི་སྐྱེས་མ་ཐག་པའི་ཕྲུ་གུ་ཞིག་ལ་རང་འདོད་ལས་རྒྱལ་བའི་མིང་དང་ཡང་ན་ཕྲུ་གུའི་བྱད་བཟོ་དང་ཤ་མདོག་སོགས་འདྲ་བ་རྒྱུ་མཚན་དུ་བྱས་པའི་མིང་བཏགས་པའི་སྲོལ་ཡོད་ཀྱང་འབྲེལ་བ་རྒྱུ་མཚན་དུ་བྱས་པའི་མིང་ཞིག་བཏགས་པ་ནི་ཆོས་ཉིད་དང་མི་མཐུན་སེམས། ལྷག་པར་དུ་མིང་བཏགས་མཁན་དེ་དང་གདགས་གཞིའི་བར་ཕ་གཅིག་གི་རྒྱུད་ལས་ཆད་པའི་ཕུ་བོ་དང་ནུ་བོའི་ཤ་ཁྲག་གི་འབྲེལ་བ་གྲུབ་པའི་ཁར་རྒྱ་ཚས་རང་ཉིད་ཀྱི་ནུ་བོ་དེ་མཐོང་བའི་སྐད་ཅིག་ཏུ་ཐུགས་སེམས་ཤིན་ཏུ་སྤྲོ་བའི་རྣམ་འགྱུར་ཤུགས་ཆེན་བསྟན་པའི་ཚུལ་གང་ལས་ཀྱང་རང་གི་ནུ་བོ་ལ་མིང་མཚན་ངན་པ་ཞིག་འདོགས་པ་ནི་ཆེས་མི་སྲིད་པ་ཞིག་མ་རེད་དམ། སྔ་མ་གཉིས་ནི་ཕྱི་མ་དང་མི་འདྲ་སྟེ། གདགས་གཞི་གང་དེ་མིང་འདོགས་པའི་སྔ་རོལ་དུ་“ཇོ་རུ་སེ་བཞུགས་”པའམ་“ཇོ་རུ་སེ་ལངས་པའི་ལུས་ཀྱི་བྱད་བཟོ་དེ་རྒྱུ་མཚན་དུ་ཟིན་ནས་བཏགས་པའི་རྗེས་གྲུབ་ཀྱི་མིང་ཡིན། འདི་ལྟ་བུའི་མིང་བཏགས་སྟངས་ནི་བོད་ཀྱི་འབྲོག་ཁུལ་དུ་ད་ལྟའི་བར་མི་ནུབ་པར་དར་ཁྱབ་ཆེན་པོ་ཡོད་པ་དཔེར་ན། འབྲོག་ཁུལ་གྱི་འཚོ་བའི་ཁྲོད་དུ་ཕྲུ་གུ་རྣ་ཅོག་ཀྲོང་ལ་མགོ་བོ་ཆེ་བ་ལ་“ཇོ་རྫ་”དང་རྣ་ཅོག་རྭ་ལྟར་ཀྲོང་བ་ལ་“ཇོ་རྭ་”རྣ་ཅོག་ཀྲོང་ལ་ལུས་ཀྱི་འགུལ་སྤྱོད་རང་ཚུགས་དོད་པ་ལ་“ཇོ་སེ།” དེ་བཞིན་ས་ལ་བཙུགས་པ་བཞིན་ལ་“ཇོ་བཙུག”རི་རྩེར་བསླངས་པ་བཞིན་ལ་“ཇོ་ཐོ་”ལ་སོགས་འདྲ་བ་རྒྱུ་མཚན་གྱིས་མིང་བཏགས་པ་ཇི་སྙེད་ཡོད། དེས་ན་འབྲོག་པའི་ཡུལ་སྐད་རང་བཞིན་གྱི་མིང་བཏགས་པའི་དོན་འདི་ལ་དཔྱད་ན། “ཇོ་”ཞེས་པ་འདི་ཕལ་ཆེར་མིའི་རྣ་ཅོག་གི་བཟོ་དབྱིབས་ཀྲོང་ངེར་བ་ལ་གོ་ཆེ་བ་འདྲ། འོ་ན་རྒྱ་ཚས་ཇོ་རུ་སེ་བཞུགས་པ་ལ་“ཇོ་རུ་”བཏགས་པའི་དོན་དང་མི་འགལ་ལམ་ཞེ་ན། དེར་སྐྱོན་ཆེར་མེད་དེ། ལུས་རུ་སེའམ་གཙུག་སེ་གནས་པ་དེ་གཙོ་བོ་མགོ་བོ་བཏེགས་ཤིང་རྣ་ཅོག་ཀྲོང་བའི་ཉམས་ལས་ཐོན་པ་ཡིན། འོན་ཀྱང་ལུས་ཀྱི་བྱད་དབྱིབས་ཀྱི་ཆ་ནས་“ཇོ་རུ་”ཐོགས་པའི་སྙན་ཚིག་གི་འགྲེལ་པ་དེ་ནི་གདོད་མ་ཉིད་ཀྱི་འབྲོག་ཁུལ་གྱི་སྲོལ་རྒྱུན་གོམས་འགྲོས་དང་ཡོངས་སུ་མཐུན་པ་མ་ཟད་འབྲོག་པའི་ཡུལ་སྐད་རང་བཞིན་གྱི་འཚོ་བའི་ཁོར་ཡུག་དེ་ལས་ཐོན་པའི་དམིགས་བསལ་གྱི་རྗེས་ཤུལ་ཞིག་ཡིན་པར་སུས་ཀྱང་བསྙོན་དུ་མེད་དོ།།

གཉིས་པ། གེ་སར་བཤད་པ།

གེ་སར་ཞེས་པའི་མིང་གི་གོ་དོན་ཅི་ཡིན་དཔྱད་པར་དང་ཐོག་གནད་དོན་འདི་འདྲ་ཞིག་ཐག་ཆོད་དགོས་པ་འདུག་སྙམ་སྟེ། གེ་སར་ཞེས་པའི་མཚན་འདི་བོད་སྤྱི་སྐད་ཀྱི་ཆ་ནས་བཏགས་པའམ་ཡང་ན་ས་ཁུལ་རང་བཞིན་གྱི་ཁ་སྐད་དམ་ཕལ་སྐད་ལས་གྲུབ་པ་ཡིན་མིན་འདིའོ། རང་རེའི་མཁས་པ་མི་ཉུང་བ་ཞིག་གིས་《གླིང་སྒྲུང་》གི་གདོད་མའི་ཞིང་ས་སྟེ་རྗོད་བྱེད་ངག་ཐོག་གི་ཁྱད་ཆོས་དེ་དོགས་མེད་གཡེང་བ་བཏང་ཐོག་ཡིག་འབྲུ་ནག་འདེད་ཀྱིས་ཚིག་མཛོད་ཀྱི་འགྲེལ་པ་འབའ་ཞིག་གི་རྗེས་སུ་འབྲངས་ནས་དེ་ནི་བློ་རིག་མེ་ཏོག་པདྨའི་ཟེའུ་འབྲུ་བཞིན་འབུས་པས་ན་གེ་སར་དང་། ཡང་ན་གཡུལ་ན་བརྟན་པའི་དཔའ་བོ་འགྲན་ཟླ་བྲལ་བས་ན་གེ་སར་ཟེར་བའི་དོན་འགྲེལ་གནང་ཡོད། འོན་ཀྱང་བདག་གི་ངོས་འཛིན་ལྟར་ན། 《གླིང་སྒྲུང་》ནི་མཐོ་བོད་མི་རིགས་འདི་ཐོག་མར་གསར་ཆགས་དང་རིམ་བཞིན་འཕེལ་འགྲིབ་བྱུང་བའི་ལོ་རྒྱུས་བརྗོད་བྱར་ཟིན་པའི་གདོད་མའི་སྙན་རྩོམ་ཞིག་ཡིན་པ་དང་། འདིའི་རྗོད་བྱེད་ངག་གི་ཁྱད་ཆོས་ནི་ཡུལ་སྐད་ཆེན་མོ་གསུམ་དུ་དབྱེ་བའི་ཁམས་ཕྱོགས་ཡུལ་སྐད་ཀྱི་ཁོངས་སུ་གཏོགས་པ་ནི་ཐེ་ཚོམ་མེད་པའི་ཐུན་མོང་བའི་ལྟ་བ་ཞིག་རེད། དེས་ན་ང་ཚོས་ཁམས་ཕྱོགས་ཡུལ་སྐད་ཀྱིས་གཞི་གྲུབ་པའི་སྙན་རྩོམ་གྱི་ཐ་སྙད་མིང་ཚིག་གང་ཞིག་དཔྱད་པ་ལ་དམིགས་བསལ་གྱི་འཚོ་བའི་ཁོར་ཡུག་དེ་དམ་པོར་འཛིན་ཐོག་དེའི་ཡུལ་སྐད་ཀྱི་ཁྱད་གཞི་དང་ཁྱད་ཆོས་ཟུར་དུ་འབྲེལ་ནས་ཞིབ་འཇུག་བྱས་ན་དོན་དེར་གནད་དུ་འཕིགས་པའི་སྡོམ་ཚིག་ཅིག་གཞི་ནས་འཇོག་ཐུབ་པ་ཡིནས་སྙམ།

དེང་སང་ང་ཚོའི་མིག་དང་རྣ་བའི་དབང་པོས་མཐོང་ཐོས་སུ་གྱུར་པའི་དམངས་ཁྲོད་ཀྱི་སྒྲུང་པ་ན་རིམ་དང་ཡུལ་གྲུ་སྟོད་སྨད་ནས་ཐོན་པའི་སྒྲུང་དེབ་ཕལ་མོ་ཆེའི་རྗོད་བྱེད་ཀྱི་ཆ་ལ་ས་ཁོངས་ཀྱིས་རྒྱས་བཅད་པའི་ཡུལ་སྐད་ཀྱི་བྲོ་བ་སྟུག་པོ་ཡོད་པ་རྟོགས་ཐུབ། དཔེར་ན་གེ་སར་ཞེས་པའི་མཚན་འགྲེལ་ལ་“གེ་སར་སར་སྡང་བ་དགྲ་ལ་སར། །དོན་འགྲུབ་པ་ཁྲ་མོ་གླིང་ལ་འགྲུབ། །”【7】ཅེས་དང་། སྒྲུང་མཁན་གྲགས་པའི་《འཁྲུངས་གླིང་》ནང་“གེ་སེ་ལངས་ནས་གེ་སར་”ཐོགས་པ། ཡང་དམངས་ཁྲོད་སྒྲུང་པའི་ངག་སྒྲོས་སུ་“ཁྲོ་ཐུང་སྤྲོ་མ་ཐུང་ན། གེ་སར་གེ་མི་སར་”ཞེས་གྲགས་པས་འདིའི་ཚིག་གསེང་ལས་“གེ་སར་སར་”དང་“གེ་སེ་ལངས་”“གེ་མི་སར་”ཞེས་པའི་ཚིག་ནི་གེ་སར་མཚན་འགྲེལ་གྱི་འགག་རྩའི་ཚིག་ཡིན་པས་འདི་ལ་མེ་ཏོག་པདྨའི་ཟེའུ་འབྲུ་འབུས་པ་ལ་སོགས་པའི་འགྲེལ་པ་བྱས་ན་ཅིས་ཀྱང་འབྲེལ་ཆགས་པ་མ་ཡིན། འོ་ན་ཁམས་ཀྱི་ཡུལ་སྐད་དུ་ཚིག་དེ་དག་ལ་གོ་དོན་ཅི་ཡོད་ཟེར་ན། དམངས་ཁྲོད་ཀྱི་ཁ་དཔེ་ལ་“ཤིང་གེ་རུ་མ་ལ་འབར་རྒྱུ་མེད། །མི་གེ་རུ་མ་ལ་སྐྱིད་རྒྱུ་མེད། །”ཟེར་གྲགས་པ་ལས་“གེ་རུ་མ་”འམ་“གེ་མ་”“གང་རུང་དེར་གྲོགས་མེད་གཅིག་པུའི་དོན་ཡིན་པ། ཡང་”“ལོ་སར་”དང་“ཕོ་སར་”ཟེར་ན་དེར་གནམ་ལོ་གསར་པ་དང་མི་ཕོ་གཞོན་གྱི་དོན་ཡིན་རུང་“ལོ་སར་བ་”དང་“ཕོ་སར་བ་”ཞེས་བརྗོད་ན་དེ་ནི་བྱ་ཚིག་ཏུ་འགྱུར་བ་སྟེ་ལོ་གསར་གཏོང་བ་དང་གཞོན་ནུའི་ལང་ཚོ་ཚད་རྫོགས་པའི་དོན་ཡོད་པ་ཡིན། རྒྱུ་མཚན་དེས་ན་“གེ་སར་སར་སྡང་བ་དགྲ་ལ་སར་”ཟེར་བར་གྲོགས་མེད་ཁེར་རྐྱང་གིས་དགྲ་ལ་འཐབ་འཐབ་ནས་གཡུལ་གྱི་བྱ་བ་བྱང་ཆུབ་པའམ་རྩེར་སོན་པའི་དོན་ཡིན་པ། “གེ་མིས་ར་”ནི་དེ་ཡི་དོན་ལྡོག་དང་། “གེ་སེ་ལངས་”ནི་རོགས་མེད་ཁེར་རྐྱང་ལངས་པའི་དོན་ཡིན།

འགག་རྩའི་ཚིག་གནད་འདི་དག་འགྲེལ་ཆགས་པ་ན་“གེ་སར་”ཞེས་པའི་གླེང་གཞིའི་མཚན་དོན་འདི་གྲོལ་བ་སླ་སྟེ། གདགས་གཞི་འགོག་མོའི་བུ་ཆུང་དེ་མི་ཡུལ་དུ་སྐུ་ལུས་བསྒྱུར་ནས་གླིང་རྟ་རྒྱུག་གི་རྒྱལ་ཁ་བླངས་པའི་བར་གྱི་སྐྱེ་ངན་ལུས་ངན་གྱི་ཇོ་རུ་ཞེས་མཚན་འཛིན་པའི་དགུང་ལོ་བཅུ་གཉིས་རིང་ཁོང་ལ་ཡབ་སེང་བློན་དང་ཕུ་བོ་རྒྱ་ཚ་སོགས་ཤ་རུས་འབྲེལ་བའི་གཉེན་ཉེ་འཁོར་ཡང་སྟག་ཏོ་རོང་ཁྲོ་ཐུང་དབང་ཤེད་ཆེ་བ་དང་རྒྱ་བཟའ་རུ་ང་ཕྲག་དོག་ཚ་བས་བུ་ཆུང་དེ་བྱམས་པས་སྐྱོང་མ་ཐུབ་པར་གླིང་དཀར་མི་ཡི་གྲལ་མཐར་ཕུད་པ་མ་ཟད། དུག་དྲངས་བ་སོགས་བསམ་སྦྱོར་ངན་པས་བུ་ཆུང་གི་ཚེ་སྲོག་འགུམས་པའི་བྱ་བ་ཇི་སྙེད་བརྩམས་ཀྱང་ལྷ་ཡི་ཁ་འཛིན་སྡོང་གྲོགས་དང་རང་ཤེས་སྒྱུ་འཕྲུལ་སྟོབས་ཀྱིས་གཡོ་ཇུས་ངན་པའི་བར་ཆད་རེ་རེ་བཞིན་སེལ། ཁྲོ་ཐུང་གི་གཡོ་ཇུས་ཀྱི་རེ་བ་ཐམས་ཅད་སྟོད་པར་སོང་མཐར་བྱ་ཐབས་མེད་པར་རྨ་སྨད་འདྲེ་ལུང་སུམ་མདོར་རྒྱང་འབུད་བཏང་། དུས་དེ་ནས་བཟུང་འགོག་མོ་མ་བུའི་འཚོ་བ་ནི་ཨབ་ར་གསོད་ན་དགོང་ཡོད་དང་། ཨབ་ར་མ་གསོད་དགོང་མེད་ཀྱི་ཡ་ངའི་གནས་སུ་ལྷུང་ནས་དཀའ་སྡུག་བརྗོད་ཀྱིས་མི་ལངས་བ་མྱང་། ཡིན་ན་ཡང་དེ་ནི་ལྷ་ནས་བསྐོས་པའི་མི་ཡུལ་གྱི་འགྲོ་དོན་རགས་པས་སྐུ་ལུས་ཀྱི་བརྟུལ་ཞུགས་སྤྱོད་པས་ཉིན་མོ་མི་དང་ཤག་ཀ་བཀྱེ། དགོང་མོ་བཙན་དང་ཤོ་རྡེལ་རྩོད། མཚན་མོ་བདུད་དང་ཆོ་ལོ་འགྲན་ཏེ་རྨ་ཡུལ་གྱི་གཟུགས་ཡོད་དང་གཟུགས་མེད་ཀྱི་འདྲེ་སྲིན་རྣམས་དམ་ལ་བཏགས་ནས་རྨ་ས་བཟུང་གི་འཕྲིན་ལས་མཐའ་ནས་བསྐྱངས། གླིང་དཀར་རྟ་རྒྱུག་གི་ལས་བརྩམས་པ་ན། ཇོ་རུ་ཡིས་སྔོན་འདམ་གྱི་སྦུབས་སུ་གནས་པའི་པདྨོ་བཞིན་སྦས་པའི་ཆས་ངན་ལུས་ངན་གྱི་བརྟུལ་ཞུགས་སྤྱོད་པ་དོར་ནས་ལྷ་སྲས་ཀྱི་གཟུགས་སྐུའི་བཀོད་པ་མངོན་པར་གསལ་བར་བསྟན་ནས་རྟ་རྒྱུག་གི་རྟིང་མ་བླངས་ནས་གླིང་དཀར་གྲལ་མཐར་སྙིགས་པའི་འགོག་མོའི་ཇོ་རུ་ཡིས་གླིང་དཀར་གསེར་ཁྲིར་དབང་བསྒྱུར་མཛད་དེ་མཐའ་ཡི་བདུད་སྲིན་དབང་དུ་བསྡུ་བའི་སྲིད་དབང་གི་རྩིག་རྨང་གཞི་ནས་འདིང་ཐུབ་པ་བྱུང་ཡོད།

དགུང་ལོ་བཅུ་གཉིས་རིང་གི་ཉམས་དམན་པའི་རིགས་རུས་ཐོབ་ཐང་དང་། ཡ་ང་བའི་འཚོ་བའི་གནས་བབ། སྐྱི་གཡའ་བའི་ལས་ཀྱི་བར་ཆད། དེ་བཞིན་ཡིད་སྨོན་པའི་དཀའ་སྡུག་གི་མཐའ་འབྲས་འདི་ནི་“གེ་སར་”ཞེས་པའི་མིང་མཚན་འདི་གྲུབ་པའི་ལོ་རྒྱུས་ཀྱི་འབྱུང་རྐྱེན་ནམ་འབྲེལ་བའི་རྒྱུ་མཚན་ཡིན་ཏེ། འགོག་མོའི་ཇོ་རུ་དེ་ཆུང་ཨ་མའི་པང་ལས་འཁྲུངས་པའི་ཉིན་དེ་ནས་བཟུང་གཉེན་ཉེ་དང་འདྲེ་སྲིན་མ་རུངས་བ་སོགས་ཕྱི་ནང་གི་སྡང་སེམས་བར་ཆད་མཐའ་དག་གྲོགས་མེད་རང་རྐྱ་འཕེར་པོས་ཐད་དུ་བཟློག་ནས་སྲིད་པའི་ཁྱོན་ན་སྙན་པའི་གྲགས་པ་རབ་ཏུ་འཚེར་བའི་གླིང་དཀར་གྱི་རྒྱལ་པོ་ཞིག་ཏུ་འཚར་ལོངས་བྱུང་བས་ན་“གེ་སར་”ཞེས་རྗེས་གྲུབ་ཀྱི་མིང་འདི་ཐོགས་པ་ཡིན་ནོ། །


མཆན་འགྲེལ།

【1】【2】《གདོད་མའི་འདུ་ཤེས་》རྒྱ་ཡིག་ཤོག་གྲངས༡༢.༧༩ལས་བསྒྱུར།

【3】སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་བསྐྲུན་པའི་《འཁྲུངས་གླིང་མེ་ཏོག་ར་བ་》ཤོག་གྲངས༧༩

【4】མི་རིགས་དཔེ་སྐྲུན་ཁང་ནས་བསྐྲུན་པའི་སྒྲུང་མཁན་གྲགས་པའི་《འཁྲུངས་གླིང་》ཤོག་གྲངས༣༢

【5】【7】བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་ནས་བསྐྲུན་པའི་《སེང་ཆེན་ནོར་བུ་དགྲ་འདུལ་གྱི་རྟོགས་བརྗོད་མུ་ཏིག་ཕྲེང་བ་སྒྲ་འཛིན་བཅུད་ཀྱི་ཐིག་ལེ་》ཤོག་གྲངས༡༥.༡༩༢

【6】བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་བསྐྲུན་པའི་སྒྲུང་མཁན་བསམ་གྲུབ་ཀྱི་《འཁྲུངས་གླིང་》ཤོག་གྲངས༢༩༩

རྩོམ་སྒྲིག་པ། : ཀླུ་མོ་མཚོ།