འཛམ་གླིང་གེ་སར་རྒྱལ་པོའི་བསང་ཁྲི།

མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་ཡོད་ས་ནི་རྟ་བོ་གྲོང་བརྡལ་རེད། ས་ཆ་འདིའི་འབྲོག་པ་རྣམས་ཀྱིས་རྟ་བོ་གྲོང་བརྡལ་ཡོད་སའི་ས་མིང་ལ་རྒུ་གཞུང་ཞེས་འབོད་ཀྱི་ཡོད། ས་འདི་ནི་ཁོད་སྙོམས་ཤིང་། ས་བབ་ཤིན་ཏུ་བདེ་བའི་ཐང་ཆེན་རེད། བཤད་རྒྱུན་ལྟར་ན། ས་ཆ་འདི་ནི་གླིང་གེ་སར་རྒྱལ་པོ་དང་། དཔལ་རྟུལ ་སུམ་ཅུ་སོགས་ཀྱིས་རྟ་རྒྱུག་འགྲན་བསྡུར་བྱེད་སའི་ས་ཆ་ཞིག་ཡིན་ཟེར་སྲོལ་ཡོད་པ་རེད། གླིང་དཀར་པོའི་ཡུལ་གྱི་རྒྱལ་བློན་རྣམས་ཀྱི་རྟ་རྒྱུག་སའི་ཆ་འདི་ཡིན་དགོས་པའི་རྒྱུ་མཚན་གང་ཡིན་ནམ་ཟེར་ན། གནང་དོན་འདི་ནི་འཛམ་གླིང་སེང་ཆེན་སྐྱེས་བུ་ཆེན་པོ་གེ་སར་ནོར་བུ་དགྲ་འདུལ་གྱི་བསང་ཁྲི་ལ་འབྲེལ་བ་ཧ་ཅང་དམ་པོ་ཞིག་ཡོད།

བསང་ཁྲི་འདི་རྡོ་ཆེན་པོ་འབའ་ཞིག་ལས་བརྩིགས་པ་ཞིག་ཡིན་ཞིང་། བསང་ཁྲིའི་མཐོ་དམན་དང་ཁ་ཞེང་རིང་ཐུང་ཚང་མ་ཆ་མཉམ་ཞིག་ཡིན་ལ། བསང་ཁྲིའི་འཁྲིས་ལ་ལབ་རྩེ་ཆེན་པོ་ཞིག་བརྩིགས་ཡོད། ལབ་རྩེ་དང་བསང་ཁྲི་གཉིས་ཀའི་བར་ན་རིང་ཐུང་དང་ཕྲ་སྤོམ་ཕལ་ཆེར་མཚུངས་པའི་ཀ་ར་བརྒྱ་ཕྲག་དུ་མ་ཞིག་བཙུགས་ཤིང་། ཀ་ར་དང་ཀ་རའི་བར་ལ་གཟུངས་སྔགས་དང་མདོ་གདུགས་སོགས་དམ་པའི་ཆོས་སྣ་ཚོགས་དང་སྐུ་འདྲ་སོགས་དཔར ་ཡོད་པའི་དར་ལྕོག་ཁ་དོག་དཀར་དམར་ལྗང་ཁུ་སོགས་ཀྱིས་སྤྲེལ་ཡོད། རླུང་བུ་ལྡང་བའི་དུས་སུ་རླུང་གིས་དར་ལྕོག་ཕྱར་བའི་སྒྲ་ནི་འུར་སྒྲ་དང་ལྡིར་སྒྲ་དུས་གཅིག་ལ་ལྡིར་བའི་ཚེ་ན། འབྲུག་སྟོང་གི་སྒྲ་དབྱངས་དུས་གཅིག་ལ་ལྡིར་བ་ལྟ་བུའི་སྒྲ་སྐད་ཅིག་ཐོན་པའི་ཚེ་ང་ཚོའི་བློ་ཡིད་འཕྲོག་པའི་སྣང་བ་ཞིག་འཆར་ཡོང་གི་རེད། ཀ་ར་དང་ཀ་རའི་བར་ལ་དར་ལྕོག་ཁ་ཞེང་ཆེན་པོ་མང་པོ་སྦྲེལ་ཡོད་པར་མ་ཟད། ད་དུང་ཅོད་པན་ངོས་ལ་སྟག་སེང་ཁྱུང་འབྲུག་སོགས་གཟུགས་བརྙན་སྣ་ཚོགས་ཀྱང་བཀོད་འདུག ལབ་རྩེ་དང་བསང་ཁྲིའི་བར་གྱི་རྡེའུ་འབུམ་དག་གི་ངོས་ནས་འཇིམ་ལས་གྲུབ་པའི་སྐུ་དང་ཚ་ཚ་མང་པོ་ཡང་བསྒྲིགས་ཡོད། སྔར་གྱི་བསང་ཁྲི་དང་དེའི་ཉེ་འགྲམ་གྱི་ལབ་རྩེ་གཉིས་ཀ་འཛམ་གླིང་སེང་ཆེན་རྒྱལ་པོ་སྐུ་དངོས་ཀྱིས་བཞེངས་པའི་ཤོད་སྲོལ་འདུག ལབ་རྩེ་འདི་དང་བསང་ཁྲི་ཆེན་པོ་འདི་ཡོད་སའི་མིང་ལ་བསང་གི་ཁ་ཟེར། དེ་ནི་བསང་ཁྲི་ཡོད་སའི་ཉག་ཁ་ཞེས་པའི་དོན་རེད། ཉག་ཁ་འདི ་ནས་ཕར་ནུབ་བྱང་ཕྱོགས་སུ་བལྟས་ན་རྨ་ཆེན་གངས་རི་མཐོང་ཐུབ། རྨ་ཆེན་གངས་རི་ཟེར་བ་ནི་བོད་སྲིད་པ་ཆགས་པའི་ལྷ་ཆེན་པོ་དགུའི་ཡ་གྱལ། ཡུལ་མདོ་སྨད་རིག་པ་འབྱུང་པའི་ཞིང་ཁམས་སྐྱོང་མཁན། ས་བཅུ་བ་ཐོབ་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་ཤར་རྨ་རྒྱལ་སྦོམ་རའི་བསྟི་གནས་སུ་གྱུར་བའི་གངས་རི་དེ་རེད། གངས་རི་འདི་ནི་བོད་སྤྲེལ་ཚ་རིགས་བཞིའི་བླ་རི་ཡིན་པས་འདི་ལ་རྟག་ཏུ་གནས་བསྐོར་བྱེད་མཁན་བརྒྱ་ཕྲག་མང་པོ་ཡོད་པ་རེད། རྨ་ཆེན་རྫོང་གི་རྟ་བོ་ཤང་དང་སྡོམ་ཁོག་ཤང་གཉིས་ཀྱི་ས་མཚམས་ན་བསང་གི་ཉག་ཁ་ཟེར་བའི་ཆ་འདི་ཡོད། བསང་གི་ཉག་ཁའི་གནའ་སྔ་མོའི་བསང་ཁྲི་དང་ལབ་རྩེ་གཉིས་ཀ་དུས་རབས་ཉི་ཤུ་པའི་ལོ་རབས་དྲུག་ཅུ་པའི་ནང་ལ་གཏོར་བརླག་ཏུ་བཏང་ཟིན། གོང་དུ་ཞུས་པ་ནི་དུས་རབས་ཉི་ཤུ་པའི་ལོ་རབས་བརྒྱད་ཅུ་པའི་ནང་ལ་སླར་ཡང་ཉམས་གསོ་བྱས་པའི་བསང་ཁྲི་དང་ལབ་རྩེའི་གནས་ཚུལ་ཡིན།

དམངས་ཁྲོད་གཏམ་རྒྱུད་ཀྱི་བཤད་ཚུལ་ལྟར་ན། གེ་སར་སྐྱེས་བུ་ཆེན་པོས་གླིང་གི་ཡུལ་ལ་དབང་བསྒྱུར་བའི་དུས་དེར་དམག་འཁྲུག་སོགས་ཡུལ་ཁམས་གནོད་འཚེ་ཆེན་པོ་བྱུང་བའམ། བོད་ཀྱི་དུས་ཆེན་དག་གི་སྐབས་སུ། གླིང་གི་རྒྱལ་བློན་ཚང་ནས་ལུས་ལ་ཁྲབ་རྨོག་གྱོན། མདའ་མདུང་རལ་གྲི་སོགས་གོ་མཚོན་བྱེ་བྲག་པ་སྣ་ཚོགས་ཐོགས། གེ་རས་སྐྱེས་བུ་ཆེན་པོས་རྟ་རྐྱང་རྒོད་ཧར་བ་བཅིབས། གླིང་གི་དཔའ་རྟུལ་སུམ་ཅུ་སོགས་གླིང་གི་དཔའ་བོཚང་མ་ཁྲིད་ནས་བསང་མཆོད་དུ་བྱོན། བསང་མཆོད་གསུང་མཁན་གྱི་བླ་སེར་རྣམས་ཀྱང་དེར་བྱོན། བསང་གི་ཉག་ཁ་ནི་ཆོས་ལུགས་བྱེད་སྒོ་རྒྱ་ཆེན་པོ་བྱེད་ཡུལ་བསང་མཆོད་འདུལ་བའི་ས་ཆ་ཡིན། བསང་མཆོད་མ་ཕུལ་བའི་གོང་ལ་བསང་མཆོད་ཀྱི་ལས་ཀར་ཞུགས་པའི་མི་ཚང་མས་རང་རང་གི་ལག་པ་འཁྲུ། ལུས་པོར་གཙང་སྦྲ་བྱས། ཚང་མས་གྱོན་ཆས་གསར་པ་གྱོན་ཞིང་རྒྱན་ཆ་བཏགས། བསང་ཁྲིའི་སྟེང་ལ་ཤིང་དང་ཤུག་པ་མང་པོ་སྤུངས། དེའི་ཐོག་ལ་ཟས་རིགས་དཀར་གསུམ་མངར་གསུམ་དང་ཙན་དན་དཀར་དམར། ཨ་ཀར་སྒྲོན་ཤིང་། གོས་དར་དང་རིན་པོ་ཆེའི་རིགས། ཤིང་ཏོག་དང་འབྲུ་རིགས་སོགས་བསང་རྫས་མ་ཚང་བ་མེད་པ་གྲབ་གཤོམས་བྱས། བསང་མཆོད་ཀྱི་མཛད་སྒོ་འགོ་ཚུགས་མ་ཐག་ཏུ་བླ་སེར་རྣམས་ཀྱིས་བསང་མཆོད་ཀྱི་ཆོ་ག་འདོན། ཤིང་ཤུག་སྒྲོན་པའི་མེ་ཐོག་ཏུ་བསང་རྫས་རྣམས་གོ་རིམ་ལྟར་དུ་འབུལ། གླིང་གི་རྒྱལ་བློན་རྣམས་ཀྱིས་བསང་ཁྲི་ལ་བསྐོར་བ་ལན་བདུན་རྒྱག་པ་དང་། སྐད་གསང་མཐོན་པོའི་ངང་ནས་མཆོག་རྩ་བ་གསུམ་གྱི་ལྷ་དང་ཁྱད་པར་དུ་མདོ་སྨད་སྐྱོང་བའི་གཞི་བདག་གི་ཚུལ་འཛིན། ས་བཅུ་བ་ཐོབ་པའི་བྱང་ཆུབ་སེམས་དཔའ་ཆེན་པོ། བོད་སྲིད་པ་ཆགས་པའི་ལྷ་དགུའི་ཡ་གྱལ། ཤར་རྨ་རྒྱལ་སྦོམ་ར་གང་གི་མཚན་ནས་འབོད། བསང་མཆོད་འབུལ། གཞན་ཡང་ཡུལ་འདིའི་ལྷ་ཀླུ་གཞི་བདག་མ་ཚང་བ་མེད་པའི་མིང་ནས་བོས་ཏེ་བསང་མཆོད་འབུལ། བོད་གླིང་གི་ཡུལ་ལ་བདེ་ཞིང་ལེགས་པ་ཞིག་འོང་རྒྱུ་དང་། གླིང་གི་ཡུལ་གྱི་མི་སེར་ལ་བདེ་སྐྱིད་དང་ཡུལ་ཁམས་ཀུན་ལ་བཀྲ་ཤིས་བདེ་ལེགས་དང་། ཁྱད་པར་དུ་ནག་ཕྱོགས་བདུད་ཀྱི་དགྲ་ལས་རྣམ་པར་རྒྱལ་ཏེ། སངས་རྒྱས ་ཀྱི་བསྟན་པ་རིན་པོ་ཆེ་ས་ཕྱོགས་ཀུན་ཏུ་དར་རྒྱུའི་སྐྱབས་འཇུག་དང་འདོད་གསོལ་ཡང་ཡང་ཞུ། འདོད་གསོལ་འདི་དག་ཞུ་བའི་ཚེ་ན་བསང་གི་མེ་དཔུང་རབ་ཏུ་འབར་ཞིང་བསང ་གི་དུ་བ་ནམ་མཁའི་དབྱིངས་སུ་འཁྲིགས་ཏེ། རོ་བརྒྱ་ལྡན་པའི་ཟས་རིགས་ཀྱི་དྲི་ངད་ཕྱོགས ་ཀུན་ཏུ་ཁྱབ་ཅིང་། བསང་མཆོད་ཀྱི་ཆོ་ག་གསུངས་པའི་ཆོས་སྒྲ་དང་བསང་མཆོད་འབུལ་བའི་འུར་སྒྲ་མཐོན་པོས་རི་ལུང་ཡོངས་ལ་གྲགས་པ་བྱེད་ཀྱི་ཡོད། ཆོ་ག་འདིའི་མིང་ལ་བསང ་མཆོད་ཅེས་པར་གྲགས། བསང་གི་ཉག་ཁའི་ཤར་ཕྱོགས་སུ་ཆུ་བོ་ཆུང་ཞིག་འབབ། ཆུ་བོ་འདིའི་མིང་ལ་བསང་ཆུ་ཟེར།

བསང་མཆོད་ཆེན་པོ་འདི་ཕུལ་ཚར་པའི་རྗེས་སུ། གླིང་གི་རྒྱལ་བློན་རྣམས་ཀྱིས་རང་དབང་གི་ངང་ནས་ཇ་འཐུང་བ་དང་ཟས་རིགས་ཞིམ་པོ་ཟ། ཨ་རག་མངར་མོ་འཐུང་། དེ་ནས་རྒྱལ་བློན་ཚང་མས་གླུ་ལེན། བྲོ་འཁྲབ། དེའི་རྗེས་སུ་འུར་སྒྲ་ཆེན་པོའི་ངང་ནས་རྟ་རྩལ་འགྲན་བསྡུར་བྱེད། བསང་གི་ཉག་ཁ་ནས་རྟ་རྩལ་འགྲན་བསྡུར་གྱི་འགོ་བརྩམས། ད་ལྟའི་རྟ་བོ་གྲོང ་བརྡལ་གྱི་ཐད་ཀའི་སྒོ་མོ་ན་ཟེར་བའི་ཆ་བརྒྱུད་ནས་བདེ་སྣར་ཟེར་བའི་ལུང་པའི་མདའ་ལ་མ་སླེབས་བར་དུ་རྟ་རྒྱུག་བྱེད། རྟ་རྒྱུག་གི་སྐབས་སུ་རྟ་འགྲེ་ལོག་བརྒྱབ་པའམ་དངོས་རྫས་བོར་གཏོར་སོགས་བྱུང་ན་བཀྲ་མི་ཤིས་པར་བརྩི། རྟ་རྒྱུག་གི་བྱ་བ་འདི་ཡང་བསང་མཆོད་ཀྱི་ཆོ་གའི་ཁོངས་སུ་གཏོགས་སྟབས། རྟ་རྒྱུག་གི་བྱ་བ་འདི་བརྩམས་ནས་མཇུག་མ་རྫོགས་བར་དུ་དགའ་སྤྲོ་འཁོལ་བའི་ངང་ནས་བསྒྲུབ་དགོས།

གནའ་སྔ་མོའི་དུས་སུ་གེ་སར་རྒྱལ་བློན་གྱིས་བརྩིགས་པའི་བསང་ཁྲི་དེ་ད་ཆ་ལྷག་མེད། ད་ལྟའི་བསང་ཁྲི་འདི་རྗེས་ནས་ཉམས་གསོ་བྱས་པ་དེ་རེད། མི་རྣམས་ཀྱི་སེམས་ནང་ན་བསང་གི་ཉག་ཁ་ཟེར་བའི་ས་ཆ་འདི་ནི་ཤིན་ཏུ་རྩ་ཆེན་ཞིག་ལ་བརྩི། རྟ་བཞོན་པ་དང་གཡག་བཞོན་པའི་མི་རྣམས་བསང་གི་ཉག་ཁར་ཐོན་དུས་རྟ་ནས་བབས། ཞྭ་མོ་ཕུད། ཐལ་མོ་སྦྱོར། རྨ་རྒྱལ་གངས་རིའི་ཕྱོགས་སུ་ཁ་ཕྱོགས་ནས་ཨ་མྱེས་རྨ་རྒྱལ་སྦོམ་ར་དང་གེ་སར་རྒྱལ་པོར་གསོལ་བ་འདེབས། བསང་ཁྲི་ལ་བསྐོར་བ་བྱེད། ས་འདིའི་མི་རྣམས་ཀྱི་སེམས་ནང་དུ་ཨ་མྱེས་རྨ་རྒྱལ་སྦོམ་ར་དང་གེ་སར་སྐྱེས་བུ་ཆེན་པོ་གཉིས་ཀ་སྐྱབས་གནས་དཀོན་མཆོག་གི་གྲས་སུ་གཏོགས་པའི་ལྷ་ཞིག་ལ་བརྩི་གི་ཡོད་པ་རེད།

《རྣ་བའི་བདུད་རྩི་བོད་ཀྱི་དམངས་ཁྲོད་ངག་རྒྱུན་གཅེས་བསྡུས》

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།