ཀྲུང་གོ་བོད་ཀྱི་དྲ་བ།

བློ་སྒོ་འབྱེད་པའི་ལྡེ་མིག→ཁེད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2017-09-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཨ་ཆགས་ཆགས་དགུ་ཅི་ཁེད།

མཚོ་ཡི་ཐོག་ལ་རྡུལ་ཆགས། །རྡུལ་གྱི་ཐོག་ལ་ཆུ་ཆགས། །ཆུ་ཡི་ཐོག་ལ་དར་ཆགས། །དར་གྱི་ཐོག་ལ་ས་ཆགས། །ས་ཡི་ཐོག་ལ་རྟ་ཆགས། །རྟ་ཡི་ཐོག་ལ་སྒ་ཆགས། །སྒ་ཡི་ཐོག་ལ་མི་ཆགས། །མི་ཡི་ཐོག་ལ་ཞྭ་ཆགས། །ཞྭ་ཡི་ཐོག་ལ་ཏོག་ཆགས། །

ཨ་མཚོ་མཚོ་དགུ་ཅི་ཁེད།

པགས་པ་བལ་གྱི་མཚོ། །མགོ་བོ་ཀླད་པའི་མཚོ། །ཡ་ཆུང་ཁྲག་གི་མཚོ། །མཁལ་མ་ཚིལ་གྱི་མཚོ། །རྒྱུ་ནག་གཉང་བའི་མཚོ། །རུས་པ་རྐང་གི་མཚོ། །རྒྱུ་དཀར་རིལ་མའི་མཚོ། །རྭ་ཅོ་རྭ་སྙིང་གི་མཚོ། །གྲོད་པུ་གཙོ་ཡི་མཚོ། །

ཨ་ཐེ་ཐེ་དགུ་ཅི་ཁེད།

ཐེ་ཐེ་ཉིན་ལ་ཐེ། །ཐེ་ཐེ་སྲིབ་ལ་ཐེ། །ཉིན་སྲིབ་གཉིས་ཀྱི་བར་ལ་ཐེ། །ལ་མགོ་ལུག་ཆུང་བྲེལ་ལ་ཐེ། །བླ་མཚོ་གོར་མོ་རྡོ་ལ་ཐེ། །བླ་རི་སྨུག་པོ་ཤིང་ལ་ཐེ། །བླ་མཚོ་གོར་མོ་རྡོ་ལ་ཐེ། །བླ་རི་སྨུག་པོ་ཤིང་ལ་ཐེ། །གླ་རྩི་དྲི་ཞིམ་སྨན་ལ་ཐེ། །སྤུ་རྟིང་དཀར་པོ་ནོར་ལ་ཐེ། །གཉིས་ཀ་ཙི་གུ་ར་མར་ཐེ། །

ར་མའི་སྟེང་གི་མ་དགུ་ཅི་ཁེད།

ར་མ་ནུ་མ་འོ་མ་དང་། །རྒྱུ་མ་རིལ་མ་རྔ་མ་དང་། །མཁལ་མ་སྙག་མ་ཤ་མ་བཅས། །ར་མའི་སྟེང་གི་མ་དགུ་ཡིན། །

ཨ་འབུམ་འབུམ་དགུ་ཅི་ཁེད།

ཐོད་པ་སྐྱ་རིལ་ཡན་ཆད་ན། །སྐྲ་ནག་པོའི་སྐྱེ་ཚུལ་ཁྲི་མ་འབུམ། །སྣ་ཁུང་བུ་གའི་ཡན་ཆན་ན། །མིག་ཁྲ་རིལ་ལྟ་ཚུལ་ཁྲི་མ་འབུམ། །མ་ནེ་འཇོང་རིལ་ཡན་ཆད་ན། །ལྕེ་དར་མའི་གླེང་ཚུལ་ཁྲི་མ་འབུམ། །ལྟ་བྱེད་མིག་གི་གཡས་གཡོན་ན། །རྣ་བའི་ཐོས་ཚུལ་ཁྲི་མ་འབུམ། །མིད་པ་འཕྲང་རུས་མན་ཆད་ན། །ལག་ལས་ཀ་ལས་ཚུལ་ཁྲི་མ་འབུམ། །ཡ་ཆུང་གངས་དཀར་སེམས་དཀྱིལ་ན། །སེམས་སྐྱ་མོའི་འཆར་ཚུལ་ཁྲི་མ་འབུམ། །རྒྱུ་མ་སྟོང་འཁྱིལ་ཡན་ཆད་ན། །དབུགས་རླངས་པ་གཏོང་ཚུལ་ཁྲི་མ་འབུམ། །སྐེད་པ་ཕྲ་མོ་མན་ཆད་ན། །དཔྱི་འཁོར་ལོ་འཁོར་ཚུལ་ཁྲི་མ་འབུམ། །པུས་མོ་སྐྱ་རིལ་མན་ཆད་ན། །འགྲོ་གོམ་པ་སྤོ་ཚུལ་ཁྲི་མ་འབུམ། །

ཨ་འགུགས་འགུགས་དགུ་ཅི་ཁེད།

འདོ་རིག་རྟ་ཕོ་སྲབ་ཀྱིས་འགུགས། །རི་སྤྱང་སྔོན་མོ་གཟན་གྱིས་འགུགས། །ཁྱུང་དཀར་མཛོ་བོ་སྣ་གཅུས་འགུགས། །ཐང་དཀར་རྒོད་པོ་ཐེད་ཀྱིས་འགུགས། །བོང་རྒན་སྐྱ་བོ་ཆས་ཀྱིས་འགུགས། །ཐོད་དཀར་འབྲི་མོ་སྐད་ཀྱིས་འགུགས། །ཕ་བཟང་བུ་མོ་ཚིག་གིས་འགུགས། །སྐྱ་ཀ་ཁྲ་མོ་ཚིལ་གྱིས་འགུགས། །ངང་པ་སེར་པོ་འདམ་གྱིས་འགུགས། །

ཨ་མེད་མེད་དགུ་ཅི་ཁེད།

ཀུ་རུ་རྟ་ལ་རྭ་ཅོ་མེད། །ཁྱུང་དཀར་མཛོ་ལ་ཡ་སོ་མེད། །གཡང་མོ་ལུག་ལ་ཁལ་འགེལ་མེད། །ཁྱི་རྒན་རྒྱ་བོར་ཕྱི་རྟིང་མེད། །ནམ་མཁའི་བྱ་ལ་གློ་བ་མེད། །རི་བོང་ཁ་ཤོར་མཚེར་བ་མེད། །མགོ་ནག་མི་ལ་རྔ་མ་མེད། །ཙི་ཀི་ར་མ་སྐེ་འཛིན་མེད། །སྲོག་ཆགས་གྲོག་མ་མིག་འབྲས་མེད། །

ཨ་དཀའ་དཀའ་དགུ་ཅི་ཁེད།

ཝ་དམར་པོ་གོན་ནས་མེ་འབུད་དཀའ། །བོའུ་ཁྲ་རིང་འཁུར་ནས་ཞགས་འདེབས་དཀའ། །ཁྲབ་དཀར་མོ་གོན་ནས་སྲུབས་འཛུལ་དཀའ། །དུང་གོར་མོ་བཏགས་ནས་དར་ཤུད་དཀའ། །རླུང་ཡར་གཡུག་སྔོན་ནས་མར་འགྲོ་དཀའ། །ཆུ་ཆེན་དཀྱིལ་ནས་མེ་འབུད་དཀའ། །བྱེ་མའི་དཀྱིལ་ནས་མཁར་བརྡུང་དཀའ། །ཆུ་ཐུར་འབབ་སྔོན་ནས་གྱེན་འབབ་དཀའ། །དར་ཆབ་ཐོག་ནས་རྟ་རྒྱུག་དཀའ། །

གླ་ཡི་ཐེ་ཐེ་དྲུག་ཅི་ཁེད།

གླ་མགོ་དྲེད་ལ་ཐེ། །གླ་ལྤགས་གོས་ལ་ཐེ། །གླ་རྩི་སྨན་ལ་ཐེ། །གླ་ཚིལ་དུང་ལ་ཐེ། །གླ་སྤུ་ཚེར་མ་ཐེ། །གླ་ཁྲག་སྤྱིན་ལ་ཐེ། །

མཆེ་བ་ཅན་གྱི་སྒོང་འཇོག་གསུམ་ཅི་ཁེད།

ཕོ་ཁྱུང་འབྲུག་གིས་གཡུ་སྒོང་འཇོག །སེང་གེ་དཀར་མོས་དུང་སྒོང་འཇོག །ཨ་མ་དྲེད་མོས་མཚལ་སྒོང་འཇོག །རྨིག་པ་ཅན་གྱི་ཤ་ཟན་གསུམ་ཅི་ཁེད། །སྟོད་ཀྱི་ཤྭ་བོས་སྦལ་ཤ་ཟ། །འབྲི་དང་མཛོ་མོས་རང་ཤ་ཟ། །ཕག་མ་ནུ་བཅུས་བུ་ཤ་ཟ། །སྡེར་མོ་ཅན་གྱི་རྩྭ་ཟན་གསུམ་ཅི་ཁེད།རྨ་བྱ་སྔོན་མོས་དུག་རྩྭ་ཟ། །ཐང་དཀར་རྒོད་ཀྱིས་བྲག་རྩྭ་ཟ། །ངང་པ་སེར་པོས་འདམ་རྩྭ་ཟ། །

ས་ཡི་ལྟེ་བ་ཅི་ཁེད།

ཨ་མོ་ལུག་གི་རྡོ་ལེབ་དེ། །དོག་མོ་ས་ཡི་ལྟེ་བ་ཡིན། །

གནམ་གྱི་ཀ་བ་ཅི་ཁེད།

དུས་བཞི་རྒྱལ་མོའི་སྡེར་བཞི་དེ། །དགུང་སྔོན་གནམ་གྱི་ཀ་བ་ཡིན། །

རླུང་གི་བཞུགས་གནས་ཅི་ཁེད།

རི་རབ་ཆེན་པོའི་ཁ་རྒྱུད་དེ། །འཁྱིལ་བའི་རླུང་གི་བཞུགས་གནས་ཡིན། །

གནམ་གྱི་མགོ་གང་ན་ཡོད་པ་ཅི་ཁེད།

གནམ་གྱི་མགོ་བོ་ཤར་ན་ཡོད། །ཉི་ཟླ་སྐར་གསུམ་ཤར་ནས་ཤར། །

ས་ཡི་མགོ་གང་ན་ཡོད་པ་ཅི་ཁེད།

ས་ཡི་མགོ་ནི་ལྷོ་ན་ཡོད། །རིའི་རྒྱལ་པོ་རི་རབ་ལྷོ་ན་ཆགས། །ཆུ་ཡི་མགོ་གང་ན་ཡོད་པ་ཅི་ཁེད།ཆུ་ཡི་མགོ་བོ་བྱང་ན་ཡོད། །མ་ཧཱ་གཡུ་མཚོ་བྱང་ན་འཁྱིལ། །

བཙན་པོའི་རིག་གནས་འཕྲིན་སྟེགས་ལས་བཤུས།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།