ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་བོད་མཐོ་སྒང་དུ་ལོ་ངོ་ཁྲི་བཞིའི་ཡར་སྔོན་ནས་མིའི་རིགས་འཚོ་སྡོད་བྱས་ཡོད་པ་ར་སྤྲོད་བྱུང་བ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2019-02-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

2018ལོའི་ཟླ11ཚེས30ཉིན། ཨ་རིའི《ཚན་རིག》(Science)དུས་དེབ་སྟེང་ཀྲུང་གོའི་ཚན་རིག་ཁང་གནའ་བོའི་སྒལ་རུས་ཅན་གྱི་སྲོག་ཆགས་དང་གནའ་བོའི་མིའི་རིགས་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ཀྲང་ཞའོ་ལིན་སོགས་ཀྱི་ཞིབ་འཇུག་དཔྱད་རྩོམ་དྲ་ཐོག་ཏུ་སྤེལ་བའི་ནང་དུ། མཚོ་བོད་མཐོ་སྒང་ཉ་དེའུ་གནའ་ཤུལ་གྱི་གལ་ཆེ་བའི་གནའ་རྫས་རྟོག་ཞིབ་གསར་རྙེད་དང་ཞིབ་འཇུག་གྲུབ་འབྲས་ཡོངས་བསྒྲགས་བྱས་པ་རེད། འདིས་མིའི་རིགས་ཐོག་མར་མཚོ་བོད་མཐོ་སྒང་དུ་འཚོ་གནས་བྱས་པའི་ལོ་རྒྱུས་དེ་ལོ་ངོ་ཁྲི4ཡི་ཡར་སྔོན་དུ་དེད་ཡོད་པ་དང་། འཛམ་གླིང་གི་ཁྱབ་ཁོངས་སུ་ཡི་གེ་མ་བྱུང་གོང་གི་མིའི་རིགས་ཀྱིས་ས་མགོ་མཐོན་པོའི་ཁོར་ཡུག་དབང་དུ་བསྡུས་པའི་ཆེས་མཐོ་ཞིང་ཆེས་སྔ་བའི་ལོ་རྒྱུས་བཀོད་ཡོད།

གསར་རྙེད་འདི་གལ་ཅི་ཙམ་ཆེ་བ་རེད་ཟེར་ན། མཚོ་བོད་མཐོ་སྒང་གི་སྔ་ཤོས་དང་། འཛམ་གླིང་ཁྱབ་ཁོངས་ཀྱི་མཐོ་ཤོས་ཡིན་པའི་ཉ་དེའུ་གནའ་ཤུལ་ནི་བོད་ལྗོངས་ནག་ཆུ་ས་ཁུལ་ཤན་རྩྭ་རྫོང་གི་གཞུང་སྨད་ཤང་རྡོ་ར་གྲོང་ཚོའི་ནག་མཚོའི་འགྲམ་དུ་གནས་པ་དང་། ལྷ་ས་གྲོང་ཁྱེར་དང་བར་ཐག་སྤྱི་ལེ300ཡོད་ཅིང་། རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི4600ཡོད་པ་རེད།

རྒྱལ་ཁབ་རིག་དངོས་ཅུས་ཀྱིས་ཆོག་མཆན་སྤྲད་པ་བརྒྱུད། ཀྲུང་གོའི་ཚན་རིག་ཁང་གནའ་བོའི་སྒལ་རུས་ཅན་གྱི་སྲོག་ཆགས་དང་གནའ་བོའི་མིའི་རིགས་ཞིབ་འཇུག་ཁང་གི་ཀའོ་ཞིན་ཚན་ཆུང་དང་བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོང་ཞིབ་འཇུག་ཁང་གིས་མཉམ་ལས་སྒོས་གནས་འདི་རུ་རྟོག་ཞིབ་དང་སྔོག་འདོན། ཞིབ་འཇུག་བྱས་པ་རེད། ལོ་ངོ་མང་པོའི་རིང་འབད་བརྩོན་བྱས་པ་བརྒྱུད། གནས་འདི་ནི་གདོད་མའི་ས་ངོས་ཀྱི་རྡོ་ཆས་རྙིང་བའི་དུས་རབས་ཀྱི་རྗེས་ཤུལ་ཡིན་པ་ཤེས་རྟོགས་བྱུང་། ཀྲུང་གོའི་ཚན་རིག་ཁང་གནའ་བོའི་སྒལ་རུས་ཅན་གྱི་སྲོག་ཆགས་དང་གནའ་བོའི་མིའི་རིགས་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ཀའོ་ཞིན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། གནའ་རྫས་རྟོག་ཞིབ་རུ་ཁག་གི་རུ་མི་ཚོས་གནས་འདི་ནས་རྡོ་ལོ་མ་དང་རྡོ་ཧྲུག རྡོ་བཟོས་གཞོག་ཆས་སོགས་རྙེད་པ་དང་། ས་ངོས་དབྱེ་ཞིབ་དང་འོད་ཀྱིས་འོད་འཇལ་བ(ལོ་ངོ་འབྱེད་པའི་ཐབས་ཤེས) ཐཱན་བཅུ་བཞི(ལོ་ངོ་འབྱེད་པའི་ཐབས་ཤེས)ཡིས་ལོ་ངོ་དབྱེ་འབྱེད་བྱས་པ་བརྒྱུད། གནའ་ཤུལ་འདི་རུ་མིའི་རིགས་འགུལ་སྐྱོད་ཀྱི་དུས་ཚོད་ནི་ལོ་ངོ་ཁྲི4ནས་ཁྲི3ཡར་སྔོན་ཡིན་པ་བརྡས་ཐག་བཅད་དེ། ལོ་ངོ་ཁྲི4ནས་ཁྲི3ཡར་སྔོན་ནས་གནའ་མི་མཚོ་བོད་མཐོ་སྒང་གི་ས་མགོ་མཐོ་སར་འཚོ་གནས་བྱས་ཡོད་པ་དང་། འཛམ་གླིང་ཡང་རྩེ་རུ་རྗེས་ཤུལ་གསལ་པོ་བཞག་ཡོད་པ་ར་སྤྲོད་བྱུང་ཡོད།

ཉ་དེའུ་རྗེས་ཤུལ་ནི་བོད་ལྗོངས་ནས་ཐོག་མར་གསར་དུ་རྙེད་པའི་ས་རིམ་དང་ལོ་རབས་རིག་པས་གཞི་འཛིན་ས་གནད་དུ་འཕིགས་པ་ཡོད་པའི་རྡོ་ཆས་རྙིང་བའི་དུས་རབས་ཀྱི་གནའ་ཤུལ་དེ་རེད། མཚོ་བོད་མཐོ་སྒང་གི་རླུང་གི་ཟད་ཚད་དང་གཞོག་ཚད་ཚབས་ཆེ་བས། ས་རིམ་ཕུང་གསོག་བྱས་པའི་འོག་ཏུ་མིའི་རིགས་འགུལ་སྐྱོད་ཀྱི་བདེན་དཔང་ནི་ཉར་ཚགས་བྱེད་དཀའ་བོ་ཡོད། ཀའོ་ཞིན་གྱིས། སྔོན་ཆད་མཐོ་སྒང་གི་མུ་འགྲམ་མཚོ་སྔོན་ས་ཁུལ(རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི3000ནས3500ཡོད)ནས་རྡོ་ཆས་རྙིང་བའི་དུས་རབས་ཕྱི་མ་ནས་རྡོ་ཆས་གསར་པའི་དུས་རབས་ཀྱི་གནའ་ཤུལ་ཁག་ཅིག་རྙེད་ཡོད་པ་རེད། འོན་ཀྱང་བོད་ལྗོངས་སུ་ས་ངོས་ནས་བསྡུས་པའི་རྡོ་བཟོས་ཐོན་རྫས་བྱུང་བ་ལས། ས་རིམ་གཞི་འཛིན་ས་དང་ལོ་རབས་གསལ་བའི་རྡོ་ཆས་རྙིང་བའི་དུས་རབས་ཀྱི་རིག་གནས་གནའ་ཤུལ་རྙེད་མྱོང་མེད། སྔོན་ཆད་གནས་ཚུལ་འགའ་རེ་སྤེལ་བའི་ནང་ས་རིམ་དང་ལོ་ངོ་འབྱེད་པའི་གཏན་ཁེལ་རང་བཞིན་གྱི་གྲངས་གཞི་མེད་པས་རིག་གཞུང་ལས་རིགས་ཀྱི་ཁས་ལེན་ཐོབ་མེད་ཅེས་ངོ་སྤྲོད་བྱས།

གསར་རྙེད་འདི་ལ་ཁུངས་ཅི་ཙམ་ལྡན་ཞེ་ན། དེ་ལ་གནད་དུ་འཕིགས་པའི་ས་རིམ་དང་ལོ་རབས་རིག་པའི་གཞི་འཛིན་ས་ཡོད།

ཀྲུང་གོའི་ཚན་རིག་ཁང་གནའ་བོའི་སྒལ་རུས་ཅན་གྱི་སྲོག་ཆགས་དང་གནའ་བོའི་མིའི་རིགས་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་གཞོན་པ་ཀྲང་ཞའོ་ལིན་སོགས་ཀྱིས་ཉ་དེའུ་གནའ་ཤུལ་གྱི་ཞིབ་འཇུག་ནང་། འདི་ནི་འཛམ་གླིང་ཡང་རྩེའི་མིའི་རིགས་འགུལ་སྐྱོད་བྱེད་ས་ཆེས་ཐོག་མ་དེ་ཡིན་པར་མ་ཟད། ད་དུང་འཛམ་གླིང་ཁྱབ་ཁོངས་སུ་མིའི་རིགས་ས་མགོ་མཐོ་བའི་ས་ཁུལ་དུ་འཚོ་གནས་བྱས་པའི་བདེན་དཔང་སྔ་ཤོས་དེ་ཡིན་པ་ཐག་གིས་བཅད་ཡོད།

《ཚན་རིག》དུས་དེབ་ཀྱི་རྒྱལ་སྤྱིའི་རྩོམ་ཞུས་ཆེད་མཁས་པས། “ཉ་དེའུ་གནའ་ཤུལ་རྙེད་པ་དེས་རྒྱུན་འཛིན་རིག་པ་དང་གནའ་རྫས་རྟོག་ཞིབ་རིག་པས་མིའི་རིགས་མཚོ་བོད་མཐོ་སྒང་དུ་འཚོ་གནས་བྱས་པའི་དུས་ཚོད་སྔ་ཤོས་ལ་ངོས་འཛིན་མི་འདྲ་བ་ཡོད་པའི་གནད་དོན་ཐག་བཅད་ཡོད”པ་བསྟན།

དུས་མཉམ་དུ། མཚོ་བོད་མཐོ་སྒང་དང་འཛམ་གླིང་ཐོག་ཆེས་མཐོ་ཞིང་ཆེས་སྔ་བའི་གནའ་རྫས་རྗེས་ཤུལ་ཡིན་པའི་ཆ་ནས། ཉ་དེའུ་རྗེས་ཤུལ་གྱིས་ང་ཚོའི་མིའི་རིགས་འཚོ་གནས་བྱེད་པའི་ནུས་པའི་ཐད་ཀྱི་གོ་རྟོགས་ཇེ་མཐོར་བཏང་ཡོད་པ་བསྟན།

འདི་གསར་རྙེད་བྱུང་བས་དོན་ཅི་ཞིག་ཐག་གཅོད་ཐུབ་ཅེ་ན། གནའ་བོའི་མིའི་རིགས་ཀྱིས་ས་མགོ་མཐོ་ས་དབང་དུ་བསྡུས་ཚུལ་ཤེས་ཐུབ།

གནའ་བོའི་མིའི་རིགས་ནི་དུས་ནམ་ཞིག་ལ་མཐོ་སྒང་གི་ལྟེ་བར་མཆེད་པའི་གནད་འདི་ནི་རིག་གཞུང་ལས་རིགས་ཁག་དང་མང་ཚོགས་ཀྱིས་དོ་སྣང་བྱ་ཡུལ་རེད། རྒྱུ་ཆ་ལྟར་ན། ལོ་ངོ་ཁྲི3ནས་ཁྲི4ཡར་སྔོན་ལ། མིའི་རིགས་ཀྱིས་གླིང་ཆེན་ཨེ་ཤ་ཡའི་འཁྱགས་རོམ་གྱིས་ཁེབས་མེད་པའི་གནས་ཚང་མ་དབང་དུ་བསྡུས་ཡོད་ཅིང་། ཐ་ན་བྱང་སྣེ་ཡི་མཐའ་ཁུལ་དུ་འཚོ་སྡོད་བྱས་མྱོང་ཀྱང་སྲིད། འོན་ཀྱང་ཁོར་ཡུག་སྡུག་ཆགས་ཀྱི་རྐྱེན་པས་མཚོ་བོད་མཐོ་སྒང་ནི་མི་མེད་པའི་གནས་སུ་གྱུར།

ཉ་དེའུ་གནའ་ཤུལ་རྙེད་པ་དེས་གནའ་མིའི་གནས་སྤོ་དང་། མཉམ་འདྲེས། རིག་གནས་སྤེལ་རེས་བཅས་ཀྱི་ཐད་ལའང་དོན་སྙིང་གལ་ཆེན་ལྡན་ཡོད། ཀའོ་ཞིན་གྱིས་གསལ་བཤད་གནང་དོན། རྗེས་ཤུལ་འདི་ནས་རྡོ་ལོ་མའི་ལག་རྩལ་གྱི་ཁྱད་ཆོས་གཙོར་བྱས་པའི་རིག་གནས་རྗེས་ཤུལ་འབོར་ཆེན་ས་ངོས་སུ་བུད་པ་དང་། རྡོ་ལོ་མའི་ལག་རྩལ་ནི་རྡོ་ཆས་རྙིང་བའི་དུས་རབས་ཕྱི་མའི་ཡོ་ཆས་བཟོ་བའི་ལག་རྩལ་དམིགས་བསལ་བ་ཞིག་ཡིན་པ་དང་། དེ་ལ་ལས་རིམ་བརྟན་འཇགས་ཡོད་ཅིང་། དེའི་ཐོན་རྫས་ཚད་དང་ལྡན་ཞིང་། སྤུས་དག་ལ་རྣོ་ངར་གྱི་ཁྱད་ཆོས་ལྡན་པས། དེས་མིའི་རིགས་ཀྱི་རྡོ་ཆས་ལག་རྩལ་དང་ཤེས་རྟོགས་ནུས་པ་མཚོན་ཐུབ་ཅིང་། མཐོ་སྒང་ལ་སོགས་པའི་ཁོར་ཡུག་ཉམས་ཐག་ས་དབང་དུ་འདུལ་བའི་སྒྲིག་ཆས་བཟང་པོ་མཁོ་སྤྲོད་བྱས་ཡོད། ལག་རྩལ་འདི་ནི་ཧྥེ་གླིང་དང་ཡོ་རོབ། གླིང་ཆེན་ཨེ་ཤ་ཡ་ནུབ་མ་དང་། ཞི་པོ་ལི་ཡ་སོགས་ས་ཁུལ་དུ་དར་ཡོད་པ་དང་། ཀྲུང་གོའི་བྱང་ཕྱོགས་ཀྱི་གནའ་ཤུལ་ཉུང་ཤས་སུ་གསར་རྙེད་བྱུང་ཡོད། དེའི་ཕྱིར། ཉ་དེའུ་གནའ་ཤུལ་གསར་རྙེད་བྱུང་བ་ནི་ས་ཁུལ་མི་འདྲ་བའི་མི་རྣམས་ཀྱི་གནས་སྤོ་དང་སྤེལ་རེས་ལ་གནའ་རྫས་ཀྱི་བདེན་དཔང་གལ་ཆེན་མཁོ་འདོན་བྱས་ཡོད་ཅེས་ཀའོ་ཞིན་གྱིས་བཤད། །   

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།