ཀྲུང་གོ་བོད་ཀྱི་དྲ་བ།

མཉེན་ཆས་འདི་དག་གིས་ཁྱེད་ཀྱི་ཁ་པར་གྲོན་དངུལ་རྐུ་ཉེན་ཡོད།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2019-02-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཚེས13ཉིན་གསར་འགོད་པས་རྒྱལ་ཁབ་དྲ་སྦྲེལ་འཕྲལ་སྡོམ་ལྟེ་གནས་ཐེན་ཅིན་ཡན་ལག་ལྟེ་གནས་ནས་ཤེས་རྟོགས་བྱུང་བ་སྟེ། རང་བདག་ལྟ་ཞིབ་ཚད་ལེན་དང་མ་དཔེ་བརྗེ་ལེན་གྱི་རྣམ་པ་བརྒྱུད་དེ། རྒྱལ་ཁབ་དྲ་སྦྲེལ་འཕྲལ་སྡོམ་ལྟེ་གནས་ཀྱིས་ཉེ་ཆར་རིན་དངུལ་འཐེན་པའི་རིགས་ཀྱི་ཁ་པར་མཉེན་ཆས་རྒྱུད་འགྱུར་ཅན16ཤེས་རྟོགས་བྱུང་བ་དང་། མཉེན་ཆས་དེ་དག་གིས་བེད་སྤྱོད་མཁན་གྱིས་མི་ཤེས་པའི་གནས་ཚུལ་འོག་རང་དགར་དམིགས་འཛུགསSPཨང་གྲངས་ལ་མངག་ཉོ་བྱེད་པའི་འཕྲིན་ཐུང་བསྐུར་ཏེ། བེད་སྤྱོད་མཁན་གྱི་ཁ་པར་ནང་གི་གྲོན་དངུལ་འཐེན་གྱིན་ཡོད་པ་རེད།

རྒྱལ་ཁབ་དྲ་སྦྲེལ་འཕྲལ་སྡོམ་ལྟེ་གནས་ཐེན་ཅིན་ཡན་ལག་ལྟེ་གནས་ཀྱི་བདེ་འཇགས་ཆེད་མཁས་པས་ངོ་སྤྲོད་བྱས་པར་གཞིགས་ན། གནག་སེམས་མཉེན་ཆས་དེ་དག་གིས་གཙོ་བོ་མངོན་ནས་འཐེན་པའམ་ཡང་ན་ལྐོག་ཏུ་འཐེན་པའི་བྱེད་ཐབས་སྤྱོད་བཞིན་ཡོད་པ་དང་། མངོན་ནས་འཐེན་པར་གཙོ་བོ་མངོན་གསལ་མིན་པའི་དྲན་སྐུལ་དང་། སྦ་སྐུང་དང་། རབ་རིབ་ཀྱི་བྱེད་ཐབས་སྤྱད་དེ་བེད་སྤྱོད་མཁན་ལ་མགོ་སྐོར་བཏང་སྟེ་གཏོང་སྤྲོད་བྱེད་དུ་འཇུག་གིན་ཡོད། ལྐོག་འཐེན་ནི་དྲན་སྐུལ་གང་ཡང་མེད་པའི་གནས་ཚུལ་འོག་ཏུ་གཏོང་སྤྲོད་བྱེད་དུ་འཇུག་པ་དེ་ཡིན། མངོན་འཐེན་ལ་གཙོ་བོ་དངུལ་སྤྲོད་འབོ་དང་སྐད་འཕྲིན་གཏོང་སྤྲོད་སྤྱོད་བཞིན་ཡོད་པ་དང་། ལྐོག་འཐེན་ལSPདངུལ་འཐེན་འཕྲིན་ཐུང་ངམWAPལས་སྒོའི་དྲ་གནས་ལ་འཛུལ་དུ་བཅུག་ནས། ཟླ་རྩིས་ལས་སྒོ་ཞིག་མངག་ཉོ་བྱེད་དུ་འཇུག་པ་དེ་ཡིན།

གནག་སེམས་ཀྱི་མཉེན་ཆས་དེ་དག་དང་རིང་དུ་གྱེས་ཆེད། བདེ་འཇགས་ཆེད་མཁས་པས་དྲན་སྐུལ་འདི་འདྲ་བྱས་འདུག

ཁ་པར་བཀོལ་སྤྱོད་རྒྱུད་ཁོངས་དང་མི་སྒེར་གྱི་ཆ་འཕྲིན་ལ་དགོས་མེད་ཀྱི་བདེ་འཇགས་འཇིགས་སྐུལ་མི་ཐེབས་པའི་ཆེད་དུ། རྒྱ་ཆེའི་ལག་འཁྱེར་ཁ་པར་སྤྱོད་མཁན་རྣམས་ཀྱིས་གནག་སེམས་མཉེན་ཆས་དེ་དག་ཕབ་ལེན་བྱེད་མི་རུང་།

མཉེན་ཆས་ཕབ་ལེན་བྱེད་སྐབས་ངེས་པར་དོགས་ཟོན་ཆེན་པོ་བྱེད་དགོས། ཁ་པར་གྱི་ཐོན་ཁུངས་ཕབ་ལེན་དྲ་ཚིགས་དང་གློག་རྡུལ་ཚོང་ར་ཆུང་གྲས་སོགས་གནག་སེམས་མཉེན་ཆས་བརྒྱུད་ལམ་དེ་དག་ལ་གཡོལ་དགོས་པ་ལ། ཐབས་ལམ་ཡག་ཤོས་ནི་གཞུང་ཕྱོགས་དྲ་ཚིགས་བརྒྱུད་པའམ་ཡང་ན་དངོས་གཞིའི་ཉེར་སྤྱོད་ཚོང་ཁང་ནས་ཕབ་ལེན་བྱེད་རྒྱུ་དེ་ཡིན།

རྒྱུ་རྐྱེན་གང་ཡང་མེད་པར་ཐོན་པའི་སྦྲེལ་མཐུད་དམ་ཡང་ན་ཡིག་ཆ། ལྷག་པར་ཆ་རྒྱུས་མེད་པའི་འཕྲིན་ཐུང་དང་སྐད་འཕྲིན་སོགས་ཀྱིས་བསྐུར་བའི་སྦྲེལ་མཐུད་དང་ཡིག་ཆ་མི་མནོན་པའམ་དང་ལེན་མི་བྱེད་རྒྱུ་གལ་ཆེ།

དཔེར་ན་འབྲེལ་གཏུག་ཐོ་གཞུང་སོགས་ཁ་པར་ཐོག་གི་ཆ་འཕྲིན་གལ་ཆེན་དུས་བཅད་ལྟར་གྲབས་ཉར་བྱེད་དགོས་པར་མ་ཟད། App རིགས་སྣ་ཚོགས་ཀྱི་ལྟ་སྤྱོད་དབང་ཚད་ལ་ཚོད་འཛིན་བྱེད་དགོས།

དུས་མཚུངས་སུ། ལག་འཁྱེར་ཁ་པར་ཐོག་ནས་བརྙན་ལ་ལྟ་བའམ་ཡང་ན་ཆ་འཕྲིན་ལ་ལྟ་བཤེར་བྱེད་སྐབས། ཕྱུག་པོ་ཆགས་ཐབས་དང་ཁེ་བཟང་རེག་ཐབས་བརྗོད་པ་སོགས་ཀྱི་བརྡ་ཁྱབ་སྦྲེལ་མཐུད་མནོན་མི་རུང་། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།