ཀྲུང་གོ་བོད་ཀྱི་དྲ་བ།

མོ་ནད་ཚན་ཁག་གི་རྫས་འགྱུར་སྨན་བཅོས་བྱེད་པའི་ནད་པར་བདེ་ཐང་སློབ་གསོ་དྲིལ་སྒྲོག་བྱེད་པ།(དང་པོ།)

ཡོང་ཁུངས། : མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།     སྤེལ་དུས། : 2019-01-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

རྫས་འགྱུར་སྨན་བཅོས་ཀྱི་བྱེད་ཐབས་རིག་པ་དང་སྨན་རྫས་རིག་པ་མྱུར་དུ་འཕེལ་རྒྱས་སུ་སོང་བ་དང་བསྟུན་ནས། རྫས་འགྱུར་སྨན་རྫས་ཀྱིས་འབྲས་སྐྲན་ཚབས་ཆེན་ལ་སྨན་བཅོས་བྱས་པར་གྲུབ་འབྲས་མངོན་གསལ་བླངས་པ་དང་། འབྲས་སྐྲན་ཚབས་ཆེན་ཡིན་པའི་ནད་པ་གང་མང་ཞིག་གི་ནད་གཞི་ཅུང་བདེར་འབབ་དུ་བཅུག་པ་མ་ཟད། ཐ་ན་འགའ་ཤས་ཡོངས་སུ་དྲག་སྐྱེད་ཐུབ་པར་ཡང་གྱུར། ཉེ་སྔོན། རྫས་འགྱུར་སྨན་བཅོས་དེ་མོ་ནད་འབྲས་སྐྲན་ལ་སྨན་བཅོས་བྱེད་པའི་བྱེད་ཐབས་གཙོ་བོ་ཞིག་ཡིན་པས། ང་ཚོས་གཤམ་ནས་རྫས་འགྱུར་སྨན་བཅོས་དང་འབྲེལ་བའི་ཤེས་བྱ་འགའ་ངོ་སྤྲོད་བྱ་རྒྱུ་བྱེད།

རྫས་འགྱུར་སྨན་བཅོས་མ་བྱས་པའི་ཡར་སྔོན།

1. ནད་པའི་སྤྱི་ཚོགས་ཀྱི་ཁོར་ཡུག་མི་འདྲ་བ་དང་རིག་གནས་ཀྱི་ཚད་གཞི་མི་འདྲ་བའི་ཁར་རྫས་འགྱུར་སྨན་བཅོས་ཀྱི་དུས་ཡུན་ཅུང་རིང་ན་རྫས་འགྱུར་སྨན་བཅོས་བྱས་རྗེས་དུག་འགྱུར་ཞོར་སྐྱོན་འབྱུང་སྲིད་པའི་མི་ཚད། ཕན་ནུས་ལྡན་མིན། རྫས་འགྱུར་སྨན་བཅོས་ཀྱི་གྲོན་དངུལ་སོགས་ལ་སེམས་ཁུར་བྱས་ནས་ནད་པ་དག་ལ་ནམ་རྒྱུན་འཇིགས་སྣང་དང་སེམས་ཁྲལ། སོམ་ཉི། རེ་ཆད་སོགས་སེམས་ཀྱི་འགྱུར་བ་སྣ་ཚོགས་འབྱུང་སྲིད། སེམས་ཁམས་མི་སྐྱིད་པ་དེའི་དབང་གིས་རྫས་འགྱུར་སྨན་བཅོས་བྱེད་པར་ཞོར་སྐྱོན་འབྱུང་སྲིད་པ་མ་ཟད། སྨན་བཅོས་བདེ་བླག་ངང་ལེགས་འགྲུབ་འབྱུང་བར་ཡང་ཤུགས་རྐྱེན་ངན་པ་ཐེབས་སྲིད། དེའི་རྐྱེན་གྱིས་ནད་པ་དག་ལ་རྫས་འགྱུར་སྨན་བཅོས་མ་བྱས་པའི་ཡར་སྔོན་དུ་སེམས་ཁམས་རྒྱུན་ལྡན་ཅན་རྒྱུན་བསྲིངས་སྒོས་དངོས་ཡོད་དོན་དངོས་ལ་ཁ་ཕྱོགས་ནས་ནད་གཞི་ལས་རྒྱལ་ཐུབ་པའི་ཆོད་སེམས་ཡང་དག་ཤིག་ཆགས་དགོས།

2. ཆང་དང་དུ་བར་དགའ་མཁན་ནད་པ་དག་གིས་ཆང་དང་དུ་བ་གཅད་དགོས་ཤིང་། དེའི་རྒྱུ་རྐྱེན་ནི་དུ་བ་དང་ཆང་གིས་ནད་གཞི་ཇེ་སྡུག་ལ་གཏོང་བ་ལས་བདེ་ཐང་ལ་མི་ཕན་པ་རེད།

3. རྫས་འགྱུར་སྨན་བཅོས་བྱེད་པའི་ཡར་སྔོན་དུ་བརྟག་དཔྱད་ཅི་རིགས་འཐུས་ཚང་བྱ་དགོས་ཤིང་། དེའི་ནང་དུ་ཁྲག་གི་རྒྱུན་ལྡན་རང་བཞིན། མཆིན་པ་དང་མཁལ་མའི་བྱེད་ནུས། འབྲས་སྐྲན་ཕོག་སའི་གནས་སོགས་གསལ་པོར་ངོས་ཟིན་དགོས།

4. རྫས་འགྱུར་སྨན་བཅོས་མ་བྱས་པའི་ཡར་སྔོན་དུ་ངལ་གསོ་བྱེད་པར་ཁག་ཐེག་ཡོང་དགོས་པ་སྟེ། གལ་ཏེ་ནད་པར་གཉིད་མི་ཁུག་པའི་དཀའ་ཁག་ཡོད་ན་སྨན་པའི་ངག་བཅོལ་གཞིར་བཟུང་ནས་གཉིད་ཁུག་པའི་སྨན་འོས་འཚམ་རེ་བསྟེན་ཆོག དེ་མིན་གཉིད་ཁར་ཆུ་དྲོན་མོའི་ནང་དུ་རྐང་བ་བཀྲུ་བ་དང་འོ་ཇ་ཚ་བོ་འཐུང་དགོས་ཤིང་། དེ་ལས་གཞན་ཞེ་མེར་བ་དང་སྐྱུག་པ་སོགས་ཕོ་རྒྱུ་ལ་གནོད་པའི་ལས་བྱུང་བ་སྔོན་འགོག་བྱེད་དགོས།

རྫས་འགྱུར་སྨན་བཅོས་བྱེད་པའི་བརྒྱུད་རིམ་ཁྲོད།

1. ཟུག་གཟེར་ཡོད་པ། སྨན་ཁབ་རྒྱག་ས་དེར་ཟུག་གཟེར་ཆེ་བ་མ་ཟད། སྐྲངས་ནས་དམར་པོར་འགྱུར་ལ། ཁྲག་རྩའི་སྤུབས་ལམ་དག་ཏུ་སྐྱི་ལྤགས་ལ་ཟ་འཕྲུག་ལངས་བ་སོགས་རྒྱུན་ལྡན་མིན་པའི་གནས་ཚུལ་འབྱུང་ཞིང་། ནད་པས་བཟོད་བསྲན་བྱེད་མི་ཐུབ་ན་དུས་ལྟར་སྨན་བཅོས་མི་སྣ་བོས་ཡོང་ནས་དེའི་འབྲེལ་གསོ་བཅོས་བྱེད་དགོས།

2. ཆུ་མང་པོ་བཏུང་དགོས། རྫས་འགྱུར་སྨན་བཅོས་བྱེད་སྐབས་སུ་ནད་པས་ཆུ་མང་པོ་བཏུང་དགོས་ཤིང་། ནང་སྒོས་སུ་རྫས་སྦྱོར་གྱི་འདྲེས་ཚད་ཅུང་སྟུག་པོས་ནད་པས་མང་པོ་འཐུང་དགོས། ཉིན་རེར་ཕལ་ཆེར་ཆུ་ཧའོ་ཧྲིན2000-3000བར་འཐུང་ནས་ཕྱིར་གཏོང་ཚད་ཀྱང་ཧའོ་ཧྲིན3000གཡས་གཡོན་གྱི་དབར་བྱས་ནས་མགྱོགས་མྱུར་སྒོས་ལུས་སྟེང་གི་སྨན་རྫས་རྙིང་ཚབ་གསར་བརྗེ་བྱས་ནས་ཕྱིར་ཕུད་དེ་མཁལ་མར་གྱོང་གུད་ཐེབས་ཚད་ཇེ་ཉུང་དུ་གཏང་དགོས་པ་མ་ཟད། རྫས་འགྱུར་སྨན་རྫས་ཀྱིས་ཕོ་རྒྱུའི་རྒྱུ་ཤུན་ལ་ཟུག་གཟེར་ཐེབས་ཚད་ཡང་ཉུང་དུ་གཏོང་དགོས།

3. བཟའ་བཏུང་། རྫས་འགྱུར་སྨན་བཅོས་བྱེད་པའི་སྐབས་སུ་འཇུ་སླ་བ་དང་སྣུམ་ཅུང་ཉུང་བའི་ཟས་རིགས། སྤྲི་དཀར་གྱི་འདུས་ཚད་མོད་པ། ཚི་སྣའི་རྒྱུ་ཆ་མཐོ་བ་སོགས་ཀྱི་ཟས་རིགས་བཟའ་དགོས། དཔེར་ན་ཤ་དང་བྱ་སྒོང་། འོ་མ། ཉ་ཤ དེ་མིན་ཤིང་ཏོག་དང་སིལ་ཏོག་གསར་པའི་རིགས་སོགས་མང་པོ་ཟོས་ན་ལུས་པོའི་དུག་འགོག་ནུས་པ་མཐོར་འདེགས་སུ་གཏང་ཐུབ། ད་རུང་ནད་པ་དག་གིས་རྫས་འགྱུར་སྨན་བཅོས་མ་བྱས་པའི་ཡར་སྔོན་དང་རྫས་འགྱུར་སྨན་བཅོས་བྱས་ཚར་མ་ཐག་བཅས་ལ་ཟས་རིགས་མང་པོ་ཟ་མི་རུང་བར་སྐྱ་ཟས་སྐྱ་ཆུའི་རིགས་བཏུང་དགོས། ཟ་མ་ཟོས་རྗེས་དུས་ཚོད1-2དབར་དུ་ཅོག་ཙེའི་སྟེང་ཙོག་པུར་བསྡད་ནས་ངལ་གསོ་བྱེད་རྒྱུ་ལས་ཉལ་ཁྲིའི་སྟེང་ཀན་རྐྱལ་དུ་ཉལ་མི་རུང་།

4. རྫས་འགྱུར་སྨན་བཅོས་བྱེད་སྐབས་གཟའ་འཁོར་རེའི་ནང་དུ་ཁྲག་གི་འཁོར་རྒྱུགས་རྒྱུན་ལྡན་ཡིན་མིན་ཐེངས1-2ལ་བལྟ་དགོས་ཤིང་། དེ་ཡང་ཕྲ་ཕུང་དཀར་པོ་དེ 4.0×109/L ལས་དམའ་བའམ་ཡང་ན་ཁྲག་རྔུལ་དེ 50×109/L ལས་དམའ་བའི་སྐབས་སུ་སྨན་པས་ལྟོས་བཅོས་ཀྱིས་སྨན་ཁབ་རྒྱག་ཚད་ཉུང་དུ་གཏོང་བའམ་ཡང་ན་སྨན་བཅོས་མཚམས་བཞག་ནས་ཕྲ་ཕུང་དཀར་པོ་དང་ཁྲག་རྔུལ་འོས་འཚམ་ཞིག་ཡར་འཕར་དུ་འཇུག་པའི་སྨན་རྒྱག་སྲིད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།