ཀྲུང་གོ་བོད་ཀྱི་དྲ་བ།

ཚན་རིག་ཁྱབ་སྤེལ་བྱེད་ཕོད་པའི་ཚན་རིག་པ་ནི་དཔའ་རྟུལ་ངོ་མ་ཡིན།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2017-10-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཁར་ས་ཀེན་ནི་ཚན་རིག་པས་ཚན་རིག་ཁྱབ་སྤེལ་བྱེད་པའི་མིག་དཔེ་ཡིན། ངོ་མ་བཤད་ན་ཁོང་ནི་གནམ་དཔྱད་རིག་པ་བ་དང་སྐྱེ་དངོས་རིག་པ་བ། སྐར་མའི་གོ་ལའི་དངོས་ཁམས་རིག་པ་བ་བཅས་ཡིན་ལ། བརྩོན་སེམས་ཆེ་བའི་ཚན་རིག་པ་གྲགས་ཅན་ཞིག་དང་དངོས་ཡོད་མི་ཚུལ་རིང་ལུགས་པ། གོ་ལ་གཞན་གྱི་ཚེ་སྲོག་ལ་དགའ་མོས་བྱེད་མཁན། དགེ་རྒན། རྩོམ་པ་པོ། བརྙན་འཕྲིན་མགོ་འཛིན་པ། ཆབ་སྲིད་ལས་འགུལ་སྤེལ་མཁན་བཅས་ཀྱང་ཡིན། མི་ཕལ་མོ་ཆེ་ལ་མཚོན་ན་གོང་གི་བྱ་བ་དག་ལས་གཅིག་ལེགས་པར་སྒྲུབ་པའང་ཧ་ཅང་དཀའ་མོད། འོན་ཀྱང་ས་ཀེན་གྱིས་གོང་གི་བྱ་བ་ཚང་མ་གཅིག་ལྕོགས་སུ་སྒྲུབ་བཞིན་ཡོད།

ཁར་ས་ཀེན་གྱི་ཤུགས་རྐྱེན་ཇེ་ཆེ་ནས་ཇེ་ཆེར་ཕྱིན་པས། ཁོང་ལ་ཚན་རིག་པ་གཞན་དག་གི་ཟུར་འདེད་དང་འཕྱ་སྨོད་ཐེབས་ཤིང་། ཚན་རིག་ཞིབ་འཇུག་གི་གོ་སྐབས་མང་པོ་ཤོར། སྙན་གྲགས་འབར་བ་དང་བསྟུན་ནས་ཚན་རིག་པ་ཀུན་གྱིས་ཟུར་འདེད་བྱས་པའི་སྣང་ཚུལ་དེ་འདྲ་ལ“ས་ཀེན་སྣང་ཚུལ”ཞེས་འབོད།

ས་ཀེན་འཚོ་གཞེས་གནང་བའི་ལོ་རབས་ཀྱི་ནང་དུ། མང་ཚོགས་དང་ཐ་ན་རིག་གཞུང་ལས་རིགས་ཁག་ཏུ་ཡང་ཚན་རིག་པས་ཚན་རིག་ཁྱབ་སྤེལ་གྱི་ལས་ཀ་བྱེད་པ་ནི་རང་འགན་མི་འཁུར་བའི་སྤྱོད་སྟངས་ཤིག་ཏུ་བརྩི།

ཁར་ས་ཀེན་ལ་མིའི་རིགས་ཀྱི་འགན་འཁྲིའི་འདུ་ཤེས་དྲག་པོ་ཞིག་དང་མི་ཚུལ་བརྩེ་སེམས་མངའ་ལ། ཡང་ན་ཁོང་ནི་དཔའ་རྟུལ་ཞིག་རེད་ཅེས་བརྗོད་ཀྱང་ཆོག གཞན་གྱི་ཟེར་སྒྲོས་སྣ་ཚོགས་ཤིག་ཁོང་གི་རྣ་ཐོས་སུ་སོང་ཡོད་སྲིད་ཀྱང་། ཁོང་གིས་དེ་དག་ལ་ཡིད་འཇོག་ཅི་ཡང་མི་བྱེད་པར་རང་གི་བསམ་ཚུལ་མཐའ་འཁྱོངས་བྱེད། ང་རང་གི་བསམ་པར་ཡང་ཚན་རིག་ཁྱབ་སྤེལ་ནི་ཤིན་ཏུ་གལ་ཆེ་བར་སྙམ། སྤྱི་ཚོགས་དང་མང་ཚོགས་ལ་དེ་འབྲེལ་གྱི་དགོས་མཁོ་ཆེན་པོ་ཡོད་པར་མ་ཟད། རྒྱལ་ཁབ་ཀྱི་མ་འོངས་པའི་འཕེལ་རྒྱས་དང་ན་གཞོན་དག་གི་མ་འོངས་མདུན་ལམ་ལ་ཡང་དོན་སྙིང་གལ་ཆེན་ལྡན། དེ་བས་སྤྱི་ཚོགས་ཀྱི་དགོས་མཁོ་དང་བསྡུར་ན་ཚན་རིག་ཁྱབ་སྤེལ་གྱི་འདོན་སྤྲོད་ནི་ད་དུང་འདང་གིན་མེད་པའི་ཚོད་ཡིན། ཚན་རིག་ཞིབ་འཇུག་ནི་སྤྱི་ཚོགས་ཀྱི་དགོས་མཁོ་སྐོང་བ་ཡིན་ལ་ཚན་རིག་ཁྱབ་སྤེལ་ཡང་དེ་དང་དེ་བཞིན་ཡིན།

ཉེ་བའི་ལོ་འགར། རང་རྒྱལ་གྱིས་ཚན་རིག་ཁྱབ་སྤེལ་གྱི་གལ་ཆེན་རང་བཞིན་ཡང་ཡང་ནན་བཤད་བྱེད་ཀྱིན་ཡོད་ལ། འགྱུར་ལྡོག་ཀྱང་མངོན་གསལ་བྱུང་ཡོད། ཚན་རིག་ཁྱབ་སྤེལ་སྐོར་གྱི་གླེང་ཕྱོགས་ལ་འགྱུར་ལྡོག་འབྱུང་བཞིན་ཡོད་ལ། སྲིད་ཇུས་ཀྱི་ཁ་ཕྱོགས་ཀྱང་འགྱུར་བཞིན་ཡོད་པས། ད་གཟོད་དེ་འདྲའི་དགའ་འོས་པའི་འགྱུར་ལྡོག་བྱུང་བ་རེད། ཀྲུང་གོའི་ཚན་རིག་ཁྱབ་སྤེལ་གྱི་ད་ཡོད་གནས་ཚུལ་གྱི་མི་འདང་ས་ནི་སྒྲོག་སྤེལ་བྱེད་ཐབས་དང་སྒྲོག་སྤེལ་ཕན་འབྲས། ན་གཞོན་ལོ་ཆུང་གི་སློབ་གསོ་དང་ཟུང་འབྲེལ་བྱེད་སྟངས། ཚན་རིག་པ་ཁྱབ་སྤེལ་གྱི་བྱ་བར་ཞུགས་ཚུལ་སོགས་ཀྱི་ཕྱོགས་ན་ཡོད། ང་ཚོའི་རྒྱལ་ཁབ་ལ་དཀོན་པ་ནི་སློབ་གསོ་དང་ཚན་རིག་གཉིས་ཀར་མཁས་པའི་མི་ཡིན། ཀྲུང་གོའི་ཚན་རིག་ཁྱབ་སྤེལ་ལས་དོན་ཐད་དགོས་མཁོ་ཆེ་བ་ནི་ཏག་ཏག་ཚན་རིག་སྒྱུ་རྩལ་པ་དང་ཚན་རིག་སློབ་གསོ་པ། ཚན་རིག་ཁྱབ་སྤེལ་པ་སོགས་ཡིན།

མ་འོངས་པའི་ལོ་གསུམ་ནས་ལྔའི་ནང་། ཀྲུང་གོའི་ཚན་རིག་ཁྱབ་སྤེལ་ལས་དོན་ཐད་དར་རྒྱས་ཆེན་པོ་འབྱུང་ངེས། ད་སྐབས་ངས་སྒྲུབ་འདོད་པ་ནི་སྔར་ལས་མང་པོའི་ན་ཟླ་དང་ན་གཞོན་ཚན་རིག་པར་སྐུལ་སློང་དང་སྣེ་ཁྲིད་དེ། ཁོ་ཚོ་ཚན་རིག་ཁྱབ་སྤེལ་གྱི་ལས་ཀར་མོས་པ་དང་དེ་སྒྲུབ་ཕོད་པ་ཞིག་ཏུ་བསྒྱུར་བ་དང་། ལས་ཀ་དེ་ལེགས་པར་བསྒྲུབ་ནུས་པ་ཞིག་ཡོང་བར་འབད་རྒྱུ་དེ་ཡིན།

ང་ཚོ་མི་རེ་རེའི་སྟོབས་ཤུགས་ནི་ཆུང་ཡང་། གལ་ཏེ་མཉམ་དུ་བསྡུས་ན་འཇིག་རྟེན་བསྒྱུར་ཐུབ། ང་ལ་རེ་བ་ཞིག་ཡོད་པ་ནི། ཚན་རིག་ཞིབ་འཇུག་པ་རེ་རེས་ལོ་རེར་ཚན་རིག་ཁྱབ་སྤེལ་གྱི་རྩོམ་ཡིག་རེ་འབྲི་བ་དང་ཚན་རིག་ཁྱབ་སྤེལ་གྱི་སྙན་ཞུ་ཞིག་ཕུལ་ནས། ཚེ་གང་པོར་ཚན་རིག་ཁྱབ་སྤེལ་གྱི་དཔེ་ཆ་ཞིག་རྩོམ་པ་དེ་ཡིན།

ཁར་ས་ཀེན་ནི་མི་ཅི་འདྲ་ཞིག་ཡིན།

1934ལོར་ཁར་ས་ཀེན་ནེའུ་ཡོག་པུའུ་ལོ་ཁུ་ལིན་ས་ཁུལ་གྱི་ཁྱིམ་ཚང་དཀྱུས་མ་ཞིག་ཏུ་འཁྲུངས་པ་དང་། 1996ལོའི་ཟླ12པའི་ཚེས་20ཉིན་སྐུ་གཤེགས། ས་ཀེན་གྱིས་མི་ཚེ་ཐུང་ཐུང་ནང་ཁྱད་དུ་འཕགས་པའི་བྱས་རྗེས་བཞག

དུས་རབས20པའི་ལོ་རབས60པར། ས་ཀེན་གྱིས་སྐར་མ་པ་སངས་ལ་ཞིབ་འཇུག་མ་བྱས་གོང་། མི་མང་པོས་སྤྲིན་རིམ་མཐུག་པོའི་ནང་གི་སྐར་མ་པ་སངས་ཀྱི་ཕྱི་ངོས་ནི་ཅི་འདྲ་ཞིག་ཡིན་པ་མི་ཤེས། ཐ་ན་མི་ཁ་ཤས་ཀྱིས་སྐར་མ་པ་སངས་ཀྱི་ཕྱི་ངོས་སུ་སྐྱེ་དངོས་མང་པོ་ཡོད་པར་འདོད། ཡིན་ཡང་ས་ཀེན་གྱིས་སྐར་མ་པ་སངས་རང་སྟེང་གི་ཁྱབ་འགྱེད་ཁྱད་ཆོས་ལྟར་རྩིས་བརྒྱབ་ནས་དེའི་ཕྱི་ངོས་ནི་ཚ་གདུག་ཧ་ཅང་ཆེ་བའི་འཇིག་རྟེན་ཞིག་ཡིན་པ་དང་། ཐ་ན་ཞ་ཉེ་ཡང་ཞུ་ཐུབ་པ་ཤེས་སོང་། དེ་ནི་ས་ཀེན་གྱི་ཚན་རིག་གྲུབ་འབྲས་ཤིག་རེད། དེའི་རྗེས་སུ་སུའུ་ལེན་གྱི་སྐར་མ་པ་སངས་འཚོལ་ཞིབ་འཕྲུལ་ཆས་ཀྱིས་དེའི་ཕྱི་ངོས་དྲོད་ཚད་ནི་ཧྲེ་ཧྲི་ཏུའུ500ཡིན་པ་ར་སྤྲོད་བྱས། ཚ་གདུག་དེ་འདྲ་ཆེ་བ་ཞིག་བྱུང་བའི་རྒྱུ་མཚན་ནི་ཐལ་དྲགས་པའི་དྲོད་ཁང་ནུས་པས་ཡིན། ཚན་རིག་ལས་རིགས་སུ་དྲོད་ཁང་ནུས་པ་མི་ཤེས་པ་དང་། མི་རྣམས་ཀྱིས“སའི་གོ་ལ་ཇེ་དྲོར་འགྲོ་བཞིན་པ”ཤེས་མེད་དུས། ས་ཀེན་གྱིས་མི་རྣམས་ལ་མིའི་རིགས་ཀྱི་བྱ་འགུལ་ལས་དྲོད་ཁང་ནུས་པ་བྱུང་ནས། མིའི་རིགས་ཀྱི་འཚོ་བར་ཉེན་ཁ་བཟོ་ངེས་པའི་ཉེན་བརྡ་བསྒྲགས།

ས་ཀེན་གྱིས་ད་དུང་སྐར་མ་པ་སངས་ཕྱི་ངོས་ཀྱི་ཁ་དོག་ནི་དུས་ཚིགས་ལྟར་འགྱུར་བཞིན་པ་དང་། དེ་ནི་སྐྱེ་དངོས་སྐྱེས་པ་ལས་བྱུང་བ་མིན་ཏེ། བྱེ་འཚུབ་ཆེན་པོ་ལས་བྱུང་བ་ཡིན་པ་ཤེས་སོང་། ཁོང་གིས་ད་དུང་སྤེན་པའི་འཁོར་སྐར་དྲུག་པ“ཐེ་ཐན”དང་སྤེན་པའི་འཁོར་སྐར་གཉིས་པ“ཨོ་ལོ་པ” ལ་ཞིབ་འཇུག་བྱས། ཨ་མེ་རི་ཁའི་རྒྱལ་ཁབ་འཇིག་རྟེན་དང་མཁའ་སྐྱོད་ཅུས་ཀྱི་སྐར་མ་པ་སངས་ཐོག་བབས་པའི“མཚོ་ཇག་རྟགས་ཅན”གྱི་ཞིབ་འཇུག་འཕྲུལ་འཁོར་དང་། “ཡུལ་སྐོར་པ་ཨང་རྟགས་དང་པོ་དང་ཡུལ་སྐོར་པ་ཨང་རྟགས་གཉིས་པ”ཡི་ཉི་མའི་ཁྱིམ་རྒྱུད་ཀྱི་འཚོལ་ཞིབ་འཕྲུལ་ཆས། “ཅ་ལི་ལོས་རྟགས་ཅན”གྱི་སྤེན་པའི་འཚོལ་ཞིབ་འཕྲུལ་ཆས་སོགས་མཁའ་དབྱིངས་ཀྱི་འཚོལ་ཞིབ་ཚད་ལེན་བྱེད་དུས་ས་ཀེན་གྱིས་ནུས་པ་གལ་ཆེན་བཏོན་ཅིང་། དེའི་རྐྱེན་གྱིསNASAཡིས་གནང་བའི་ཁྱད་འཕགས་ཚན་རིག་གྲུབ་འབྲས་བྱ་དགའ་དང་། ཨ་པའོ་ལོ་གྲུབ་འབྲས་བྱ་དགའ་ཐོབ། ཁོང་གི་ཚན་རིག་ཁྱབ་སྤེལ་ཁྲོད་ཀྱི་བྱ་བར་གཟེངས་བསྟོད་བྱེད་ཆེད། ས་ཀེན་ལ་ད་དུངNASAཡིས་གནང་བའི་སྤྱི་སྤྱོད་ཞབས་ཞུ་བྱ་དགའ་ཐེངས་གཉིས་ལ་ཐོབ།

ས་ཀེན་གྱིས་ཚེ་གང་པོའི་ནང་ཚན་རིག་ཁྱབ་སྤེལ་སྐོར་གྱི་རྩོམ་ཡིག་དང་དཔེ་ཆ་མང་པོ་པར་དུ་བསྐྲུན་པས། ཁོང་ལ“མང་ཚོགས་གནམ་གཤིས་རིག་པ་བ”དང“མང་ཚོགས་ཚན་རིག་པ”ཡི་མཚན་སྙན་ཐོབ། ཁོང་གིས་བརྙན་འཕྲིན་ཚན་རིག་ལེ་ཚན་ལ་མགོ་འཛིན་བྱས་མྱོང་། མུ་འབྲེལ་བརྙན་འཕྲིན་ལེ་ཚན《འཇིག་རྟེན》ཞེས་པར་འཛམ་གླིང་ཀུན་གྱིས་དོ་སྣང་ཆེན་པོ་བྱས། 《མཐོ་རིས་སྐྱེད་ཚལ་གྱི་འཕུར་འབྲུག》ཅེས་པར་ཨ་མེ་རི་ཁའི་གསར་འགྱུར་ལས་རིགས་ཀྱི་ཆེས་མཐོའི་བྱ་དགའ་སྟེ་ཕུའུ་ལི་ཚིར་བྱ་དགའ་ཐོབ། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།