དམངས་ཁྲོད་སྲོལ་རྒྱུན་ལས་ཐལ་བའི་ཕན་ནུས་ཀྱི་སྐོར་བཤད་པ།

གཅིག ཐལ་བའི་རིགས།

དམངས་ཁྲོད་དུ་བཀོལ་སྤྱོད་བྱེད་ཀྱིན་པའི་ཐལ་བ་ལ་རྣམ་པ་སྣ་ཚོགས་ཤིག་ཡོད་དེ།ལྕི་བའི་ཐལ་བ།རིལ་མའི་ཐལ་བ།སའི་ཐལ་བ།ས་དང་རྩི་ཤིང་འདྲེས་པའི་ཐལ་བ།བ་སྤུ་སྣ་ཚོགས་ཀྱི་ཐལ་བ། སྲིང་བལ་གྱི་ཐལ་བ།དེ་མིན་སྨན་རིགས་སྣ་ཚོགས་ཀྱི་ཐལ་བ་སྟེ་སྔོ་ཐལ་དང་ཤིང་ཐལ། རྡོའི་ཐལ་བ་སོགས་བགྲང་གིས་མི་ལངས། །

གཉིས། ཐལ་བའི་བཟང་ངན།

དུས་བཞིའི་འགྱུར་བའི་དབང་གིས་ཐལ་བ་ལ་ཡང་བཟང་ངན་ཡོད་དེ།རྩྭ་དང་རྩི་ཤིང་རྒྱས་བའི་དུས་ཀྱི་དབྱར་སྟོན་གཉིས་ནི་རྩི་ཤིང་དང་སྨན་རིགས་སྣ་ཚོགས་ལོ་འདབ་རྒྱས་པའི་དུས་ཡིན་པས་དེའི་སྐབས་ཀྱི་ལྕི་བ་དང་རིལ་མ།རྟུལ་ལུད་སོགས་ལ་ས་རྡོ་འདྲེས་སུ་མ་བཅུག་པར་བསྲེག་པའི་ཐལ་བ་ནི་ཡང་ཞིང་འཇམ་ལ་རྨ་སོགས་ཀྱི་སྟེང་དུ་བྱུག་ན་ཕན་ནུས་ཧ་ཅང་བཟང་བ་དང་། དགུན་དཔྱིད་གཉིས་ཀྱི་ལྕི་བ་དང་རིལ་མ།རྟུལ་ལུད་སོགས་ནི་ས་དང་ཚྭ།རྩྭ་སྐྱ་ཟོས་བའི་སྙིགས་མ་ཡིན་པས་ངོ་བོ་རྩུབ་ལ་ཕན་ནུས་ཅུང་ཞན་ནོ། །

གསུམ་པ། རྒྱུན་མཐོང་ཐལ་བ་འགའི་ཕན་ནུས་དང་ལག་ལེན།

རང་རེའི་བོད་ཁམས་ཀྱི་དམངས་ཁྲོད་དུ་ལྕི་བའི་ཐལ་བ་དང་རིལ་མའི་ཐལ་བ་སོགས་ཀྱིས་དཀར་ཡོལ་ལ་དུག་སེལ་བྱེད་པའི་སྲོལ་ཡོད་པ་ལ་མི་མང་པོ་ཞིག་གིས་འཕྱ་དམོད་དང་ཞེན་ལོག་བྱེད་ཀྱིན་ཡོད་མོད།འོན་ཀྱང་དེ་ནི་གནའ་བོའི་བོད་མི་རིགས་ཀྱི་དུག་སེལ་དང་གཙང་སྦྲ་བྱེད་པའི་ཐབས་མཆོག་ཅིག་ཡིན་པར་མ་ཟད།འབྲོག་པ་གང་མང་ཞིག་གིས་ལྕི་བ་དང་རིལ་མའི་ཐལ་བ་བཀོལ་ནས་བྱིས་པའི་སྐེ་དང་མཆན་ཁུང་།བརླ་བར་སོགས་བརླན་ཆེ་སར་བྱུག་སྟེ་རྨ་འབྲུམ་དང་པགས་པ་རེད་པ།མི་གཙང་བ་སོགས་སྔོན་འགོག་བྱེད་ཀྱིན་ཡོད། དེ་མིན་ད་རུང་བྱིས་པ་ཐལ་དོང་དུ་གཅེར་བུར་འཇོག་པ་དང་ཕྲུ་གུ་སྐྱེས་མ་ཐག་དང་ཡང་ན་བང་ནང་དུ་སྡོད་པའི་སྐབས་སུ་རྨ་གསོ་བའི་ཆེད་དུ་ཐལ་འཇམ་དྲོན་མོའི་སྟེང་འདུག་པ་སོགས་བྱེད་ཀྱིན་ཡོད་ལ།དེར་དུག་སེལ་དང་རྨ་གསོ་བ།རླུང་ཁ་གནོན་པ་སོགས་ཀྱི་ནུས་པ་ཆེན་པོ་ལྡན།དེའི་མི་ཚད་ད་རུང་གནའ་མི་བོད་ཀྱི་ཁ་དཔེར།མི་གཙང་ཡང་ལམ་མི་གཙང་། །ཞེས་པའི་དཔེ་ལྟར་ལམ་ཐག་རིང་བོ་ནས་ཡོང་བའི་ཉེ་མི་དང་མགྲོན་པོ་སོགས་དང་ལྷན་དུ་ཡོང་བའི་གཟུགས་མེད་ཀྱི་གནོད་པ་སེལ་ཕྱིར་མེ་དང་དུ་བ།ཤུག་བདུག ཐལ་བ་སོགས་གཏོར་ནས་དུག་སེལ་བྱེད་པ་དང་།སྤྱང་ཀིས་རྟའི་རྔུལ་དྲི་ལ་བསྣོམ་ནས་འབྲོས་འདེད་བྱེད་པའི་གནོད་པ་སེལ་བ་ལ་རྟའི་རྨིག་རྗེས་སུ་ཐལ་བ་གཏོར་བའི་སྲོལ་དེ་ཕྱུགས་ལས་ས་ཁུལ་དུ་ད་རུང་རྒྱུན་འཛིན་དང་ལག་ལེན་བྱེད་ཀྱིན་ཡོད་པ་སོགས་ལ་དེང་སྐབས་ཚན་རིག་གིས་ཀྱང་ཁས་ལེན་བྱས་ཏེ་ཞིབ་འཇུག་བྱེད་ཀྱིན་ཡོད། །མངོན་སུམ་དུ་མཐོང་བའི་ནད་རིགས་ཀྱི་ཆ་ནས་བརྗོད་ནའང་སྲོག་ཆགས་གང་མང་གི་ཁ་ནང་དང་རྐང་ལག་གི་མཛུབ་མོའི་བར་ལ་རྨ་རིགས་བྱུང་བ་ལ་ཁ་ནང་དང་མཛུབ་མོའི་བར་ལ་ཐལ་བ་བྱུག་ན་ཉིན་འགའི་ནང་རྨ་སོས་པ་དང་སྲིན་གསོད་ཐུབ་པ་དང་།དུ་བ་ཕྱེ་མར་བཟོས་ནས་དེའི་ནང་དུ་ཤུག་པའི་ཡལ་ག་དང་སྡོང་བོ་སོགས་བསྲེགས་པའི་ཐལ་བ་ཅུང་ཙམ་བསྲེས་ནས་འཐེན་ལ། དེ་ནི་དུ་བའི་སྐྱོ་བ་གསོད་པ་ཁོ་ནའི་ཆེད་མ་ཡིན་པར། སྣ་སྲིན་འགོག་པའི་ཐབས་ཤེས་བཟང་བོ་ཞིག་ཡིན་པ་དང་།དེ་རྒྱུན་འཛིན་བྱས་ན་སྣ་སྲིན་སྔོན་འགོག་གི་ནུས་པ་ཤིན་ཏུ་ལེགས། དེ་དག་ནི་བོད་རིགས་མི་དམངས་ཀྱིས་ཡུན་རིང་བོའི་རང་བྱུང་ཁོར་ཡུག་གི་འཐབ་རྩོད་བརྒྱུད་ནས་བྱུང་བའི་ལག་ལེན་ཉམས་མྱོང་ཡིན་པ་ལས།གང་དྲན་དྲན་བྱེད་པ་ཞིག་གཏན་ནས་མིན་ནོ། །

ལྕི་བ་དང་རིལ་མའི་ཐལ་བ་ནི་སྲོག་ཆགས་ཀྱིས་རང་བྱུང་གི་རྩི་ཤིང་དང་།སྨན་རིགས་ཟོས་པའི་སྙིགས་མའི་སྙིགས་མ་མེར་བསྲེགས་པ་ཡིན་པས།དེའི་ནང་དུ་འབུ་སྲིན་དང་དུག་རིགས་ཨེན་ཙམ་ཡང་མི་འདུས་སྟབས།དེ་ནི་གདོད་མའི་དུག་སེལ་གྱི་ལག་ལེན་ཚན་རིག་དང་མཐུན་པ་ཞིག་དང་།རང་བྱུང་གི་བྱུག་སྨན(爽身粉)མཆོག་ཏུ་གྱུར་བ་ཞིག་ཡིན། སྤུ་རིགས་དང་སྲིང་བལ་བསྲེག་པའི་ཐལ་བ་རྨའི་སྟེང་དུ་བརླན་ན་ཁྲག་གཅོད་པ་དང་རྨ་རེད་པ་སོགས་མི་འབྱུང་བའི་ཕན་ནུས་ལྡན་པས་དམངས་ཁྲོད་དུ་བཀོལ་སྤྱོད་ལག་ལེན་བྱེད་བཞིན་ཡོད་པ་དང་ཕན་ནུས་ཀྱང་ལེགས་པོ་འདུག སྨན་པ་རྒན་གྲས་འགའ་ཤས་ཀྱིས་གཏར་གའི་ཁྲག་གཅོད་པ་ལ་སྲིང་བལ་དང་སྤུ་རིགས་བསྲེགས་ནས་ཁྲག་གཅོད་བྱེད་པ་མངོན་སུམ་དུ་མཐོང་ལ་ཁྲག་གཅོད་ཀྱི་ནུས་པ་ཤིན་ཏུ་ལེགས།བོད་ཀྱི་གསོ་རིག་དཔལ་ལྡན་རྒྱུད་བཞི་ལས།ཁྲག་མ་ཆོད་ན་རྩ་རྒྱུད་ཆུ་ཡིས་བསྒྲང་། །ཕྱིང་པ་ཆུར་བཅུག་གླན་ལ་དཀྲིས་མས་བསྡམ། །སྐྲངས་ན་ཚྭ་མར་ཁྱི་གཞོབ་བྱུགས་ལ་མཉེ། །ཞེས་གསུངས་བ་ལས་ཀྱང་ཤེས་ནུས་སོ། དར་མོ་སྨན་རམས་པ་བློ་བཟང་ཆོས་གྲགས་ཀྱིས། མན་ངག་བཀའ་རྒྱ་མ་ལས།དེ་རྗེས་རྨ་ཁ་ལེགས་པར་འཕྱི། །རྨ་རྒན་ཡུན་རིང་འཚོར་མ་འདོད། །དེ་ལ་ཁྱི་སྤུ་བསྲེགས་གཞོབ་ནི། །ཁྱེའུའི་ཆུ་ལ་སྦྱར་ཏེ་བྱུག །དེ་སྟེང་ཁྱི་བལ་དཀྲིས་ལ་དགབ། །ཞག་གསུམ་ཁ་ནི་མི་འབྱེད་ཟབ། །ཞེས་དང་།བོད་ཀྱི་གསོ་རིག་དཔལ་ལྡན་རྒྱུད་བཞིའི་མན་ངག་རྒྱུད་ལས་ཀྱང་།ཅོང་ཞི་རྒོད་བཏུལ་སོལ་མས་འཚོས་པར་བསྲེག །དཀར་པོར་སོང་ནས་ཆང་ངམ་དར་བའི་ནང་། །སོར་ཐོན་ཙམ་གྱིས་ངད་བསད་ཕྱེ་མར་འགྲོ །གག་པ་ཤ་རོ་ལྷེན་སྐྲན་ལྕགས་དྲེག་གཅོད། །ཅེས་གསུངས་པ་སོགས་ཐལ་སྨན་གྱི་སྦྱོར་བ་རྒྱས་པར་བཤད་ཡོད། དེའི་མི་ཚད་དེང་གི་དུས་འདིར་ཞིང་ལས་ས་ཁུལ་དུ་ལོ་ཏོག་གི་སྟེང་དུ་རྫས་ལུད་གཏོར་བའི་སྲོལ་ཞིག་ཆགས་ཡོད་མོད།འོན་ཀྱང་རྫས་ལུད་ཀྱི་ནང་དུ་དུག་འདུས་པས་སའི་བཅུད་ལ་གནོད་པ་ཐེབས་པ་དང་ས་གྱོང་བར་འགྱུར་བ།མིའི་ལུས་ཕུང་ལ་གནོད་པ་བཟོས་ཏེ་འབྲས་སྐྲན་འབྱུང་བའི་ཉེན་ཁ་ཇེ་ཆེར་འགྲོ་བཞིན་ཡོད།དེ་བས་སྔོ་ཚོད་ཀྱི་སྟེང་དུ་ཐལ་བ་གཏོར་ན་འབུ་སྲིན་གསོད་པའི་ནུས་པ་ཐོན་པ་ཇི་བཞིན་ས་དང་སྤང་ཐོ། ལྕི་བ། རིལ་མ། རྡོ་སོལ་སོགས་ཀྱི་ཐལ་བ་ཞིང་ནང་དུ་གཏོར་ན་ལོ་ཏོག་ལེགས་པོར་སྐྱེས་པ་དང་། ལོ་ཏོག་ལ་ནད་དུག་མི་ཕོག་པ།ཟོས་ན་ཁོག་པར་བདེ་བ།འབྲས་སྐྲན་རིགས་འབྱུང་བའི་རྒྱུ་རུ་མི་འགྱུར་བ་སོགས་ཀྱི་དགེ་མཚན་བགྲང་གིས་ལངས་པ་ཞིག་ཡོད་དོ། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།