ཀྲུང་གོ་བོད་ཀྱི་དྲ་བ།

ཐོག་རྒྱག་པར་སྔོན་འགོག་དང་དོགས་ཟོན་བྱ་རྒྱུ་གལ་ཆེ།

ཡོང་ཁུངས། : བོད་ལྗོངས་དྲ་བ།     སྤེལ་དུས། : 2018-08-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ད་ལྟ་བོད་ཀྱི་ས་ཕྱོགས་གང་སར་ཆར་ཆུ་འཛོམས་པ་དང་། ཐོག་རྒྱག་པའི་ཉེན་ཁ་ཆེ་བའི་དུས་རེད། དེར་བརྟེན། ང་ཚོས་ཐོག་རྒྱག་པར་སྔོན་འགོག་དང་དོགས་ཟོན་བྱ་རྒྱུ་ནི་ཧ་ཅང་གལ་ཆེ་བའི་དོན་ཞིག་རེད། ཐོག་རྒྱག་པའི་གནོད་འཚེ་ཉུང་དུ་གཏོང་ཆེད། སྣུམ་སྣོན་ས་ཚིགས་དང་། འཛུགས་སྐྲུན་དངོས་པོ། རྡོ་སྣུམ་ས་ཚིགས། སློབ་གྲྭ། མགྲོན་ཁང་།དེ་བཞིན་རྒྱང་བསྒྲགས་ལས་ཁུངས་སོགས་ཀྱི་གནས་གལ་ཆེན་ཁག་ལ་ཐོག་འགོག་ཡོ་ཆས་སྒྲིག་སྦྱོར་བྱས་ཡོད་པ་དང་། ལོ་རེར་ཞིབ་བཤེར་དང་སྒྲིག་བཅོས་ཀྱང་གང་ལེགས་བྱ་བཞིན་ཡོད། དེ་རིང་ང་ཚོས་ཐོག་རྒྱག་པ་སྔོན་འགོག་སྐོར་གྱི་ཤེས་བྱ་འགའ་ངོ་སྤྲོད་བྱས་ཡོད།

ཁང་པའི་ནང་དུ་ཡོད་ཚེ། ད་ལྟའི་འཛུགས་སྐྲུན་མང་ཆེ་བར་ཐོག་འགོག་ཡོ་ཆས་ཡོད་ཀྱང་རུང་། དེའི་ཕན་ནུས་ལེགས་པོ་འདོན་མི་ཐུབ་པས། ཐོག་རྒྱག་པའི་གནམ་གཤིས་དང་འཕྲད་ཚེ། ཁང་པའི་སྒོ་དང་སྒེའུ་ཁུང་དམ་པོ་བརྒྱབ་ནས། ཁྱིམ་སྤྱོད་གློག་ཆས་རིགས་བེད་སྤྱོད་བྱ་མི་རུང་ལ། གློག་ཁུངས་ཚང་མའི་སྒོ་རྒྱག་དགོས། རབ་ཡིན་ན་ཁ་པར་རྒྱག་མི་ཉན། དེ་བཞིན་ཁྱིམ་ནང་གི་ལྕགས་རིགས་དང་། བརླན་གཤེར་ཆེ་བའི་གྱང་སོགས་ཀྱི་ཉེ་འགྲམ་དུ་སྡོད་མི་རུང་། དེ་མིན་ཁྱིམ་ལ་ཉི་ནུས་ཀྱི་ཆུ་ཚ་པོ་བཟོ་བའི་གློག་ཆས་ཡོད་ན། ལུས་པོ་འཁྲུད་མི་རུང་། གང་ཡིན་ཟེར་ན། ཆུ་ལ་གློག་འདྲེན་གྱི་ནུས་པ་ཡོད་པས་ཐོག་རྒྱག་པའི་ཉེན་ཁ་ཧ་ཅང་ཆེན་པོ་ཡོད།

གལ་ཏེ་ཐོག་རྒྱག་སྐབས། ཁང་པའི་ཕྱི་ལོགས་སུ་ཡོད་ན། ཐོག་མར་ལྕང་མ་དང་། ལྕགས་སྒྲོམ། ལྕགས་རིགས་ཀྱི་བརྡ་ཁྱབ་སྒོ་བྱང་སོགས་གང་ལྟར་ལྕགས་རིགས་དང་འབྲེལ་ཡོད་ཀྱི་དངོས་པོ་དང་བར་ཐག་ཡོད་པར་བྱ་དགོས། གལ་ཏེ་ཆུར་རྐྱལ་སྐབས་ཐོག་བརྒྱབ་པ་ཡིན་ཚེ། མགྱོགས་མྱུར་ངང་ཆུ་ནང་ནས་ཕྱིར་འབུད་དགོས། གོང་དུ་བཤད་པ་ནང་བཞིན་ཆུ་ལ་གློག་འདྲེན་པའི་ནུས་པ་ཡོད་པས་ཉེན་ཁ་ཆེན་པོ་ཡོད། དེ་མིན་རླངས་འཁོར་ཀྱང་ཐོག་འགོག་ཡོ་ཆས་ནང་ཚུད་ཡོད་པ་རེད། ཐོག་རྒྱག་སྐབས་རླངས་འཁོར་ནང་ཡོད་ན་སྒེའུ་ཁུང་ཚང་མ་དམ་པོར་རྒྱག་དགོས། ས་སྟོང་ནས་ཕྱུགས་འཚོ་བ་དང་ངལ་རྩོལ་བྱ་སྐབས་ཐོག་རྒྱག་པ་ཡིན་ན། དངངས་འཚབ་ཀྱིས་གང་སར་མི་རྒྱུགས་པར། ཐོག་འགོག་ཡོ་ཆས་ཡོད་པའི་འཛུགས་སྐྲུན་ཡོད་ས་དང་། ཡང་མིན་ན། བྲག་ཕུག་རིང་པོའི་ནང་ཡིབ་ནས་སྡོད་དགོས། འཕྲུལ་རྟ་དང་། རྐང་འཁོར་སོགས་གཏོང་མི་རུང་ལ། ལྕགས་རིགས་ཡོད་པའི་ཆར་གདུགས་དང་ལག་ཆ་སོགས་ལུས་ཐོག་ལ་ཁུར་མི་རུང་། གལ་ཏེ་ས་སྟོང་ན་ཐོག་འགོག་ས་ཚིགས་མེད་ན། ཙོག་པུར་བསྡད་ནས་མགོ་བསྒུར་ཅིང་རྐང་པ་གཉིས་པོ་རུབ་རུབ་བྱས་ནས་ལག་པས་པུས་མོར་འཇུས་ནས་སྡོད་དགོས་པ་ལས། ལག་པ་ས་སྟེང་དུ་འཇོག་པ་སོགས་བྱ་མི་རུང་།

གལ་ཏེ་སྟབས་མ་ལེགས་པར་ཐོག་གི་གནོད་འཚེ་ཕོག་ཚེ། ལམ་སང་ཉེན་སྐྱོབ་ཞུ་དགོས་ལ། རྨས་སྐྱོན་བྱུང་བའི་མི་དང་གཤིན་པོ་ཡོད་ཚེ། ལམ་སང་མཁའ་དབུགས་འགྲོ་རྒྱུག་ལེགས་པའི་ས་ཆ་དང་། དྲོད་གྲང་སྙོམས་པའི་ས་ཆར་མྱུར་སྐྱོབ་བྱ་དགོས་སོ། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།