མཐོ་རྒྱུགས་སློབ་བསྡུའི་སྐོར་གྱི་མགོ་སྐོར་འདིའི་རིགས་ལ་གཟབ་དགོས།

2018ལོའི་མཐོ་རྒྱུགས་མཇུག་རྗོགས་ཤིང་།འདོད་མོས་རེའུ་མིག་བསྐངས་པར་མ་ཟད།སློབ་མ་བསྡུ་བའི་བྱ་བའང་ཚ་ཚ་འུར་འུར་གྱིས་མགོ་བརྩམས།སྐབས་འདི་ནི་མཐོ་རྒྱུགས་སློབ་བསྡུ་དང་འབྲེལ་བའི་མགོ་སྐོར་ཐེབས་ཚད་ཆེས་མཐོ་བའི་དུས་ཡིན་པས།སྒོར་མོ་སྤྲད་ན་སློབ་གྲྭ་ཆེན་མོར་ཞུགས་ཐུབ་པ་དང་ནང་ཁུལ་དུ་དམིགས་ཚད་ཡོད་པ།སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་སྔ་སྣུར་སྒོས་སྟེར་བ་སོགས་བཤད་དེ་མགོ་སྐོར་གཏོང་བཞིན་ཡོད་པས།རྒྱ་ཆེ་བའི་ཁྱིམ་བདག་དང་སློབ་མ་རྣམས་ཀྱིས་གཡོ་འོག་ཏུ་ཚུད་པར་གཟབ་དགོས།

དཔེ་མཚོན་དང་པོ། སློབ་སྐྱོར་རོགས་དངུལ་གྱི་རེ་འདུན་ཞུ་སྐབས་ཚད་ལྡན་གྱི་ལམ་བརྒྱུད་པ་ལས་རང་ཉིད་ཀྱི་ཆ་འཕྲིན་ཕྱི་རུ་འཆོར་དུ་འཇུག་མི་རུང་།

2016ལོར།ཧྲན་ཏུང་གི་སློབ་མ་ཝང་ཆེ་གེ་མོས་མཐོ་རྒྱུགས་ཀྱི་སྐར་གྲངས568བླངས་ནས་ནན་ཅིན་གྱི་སློབ་གྲྭ་ཆེན་མོ་ཞིག་ལ་རྒྱུགས་འཕྲོད།བརྡ་སྦྱོར་ཡི་གེ་ལག་ཏུ་འབྱོར་ནས་ཅུང་མ་འགོར་བར་ཝང་ཆེ་གེ་མོར་ཁ་པར་ཞིག་འབྱོར་ཞིང་།ཁ་པར་དེས་སློབ་སྐྱོར་རོགས་དངུལ་སྟེར་བར་ཁ་གཡར་ཏེ་ཝང་ཆེ་གེ་མོས་སློབ་ཡོན་དུ་གྲ་སྒྲིག་བྱས་ཡོད་པའི་སྒོར9900ཡོངས་རྫོགས་ཁྱེར་སོང་བ་རེད།

སློབ་གསོ་པུའུ་ཡིས་སློབ་མ་རྣམས་ལ་དྲན་སྐུལ་བྱེད་ཀྱིན་ཡོད་པ་སྟེ།སློབ་གསོ་པུའུ་དང་ནོར་སྲིད་སོགས་སྡེ་ཁག་གི་ལས་བྱེད་མི་སྣ་ཡིན་ཚུལ་བཤད་དེ།“རྒྱལ་ཁབ་ཀྱི་སློབ་སྐྱོར་རོགས་དངུལ”དང“འོས་འགན་སློབ་གསོའི་སློབ་ཡོན་ཕྱིར་སློག་པ”“སློབ་སྐྱོར་རོགས་སྐྱོར་དངུལ”སོགས་སྟེར་རྒྱུ་ཡིན་ཚུལ་བཤད་སྐབས།སློབ་མ་དང་སློབ་མའི་ཁྱིམ་བདག་གིས་རང་འགུལ་གྱིས་ས་གནས་ཀྱི་སློབ་གསོ་སྡེ་ཁག་དང་སློབ་གྲྭར་འབྲེལ་གཏུག་བྱས་ཏེ་བདེན་མིན་རྩད་གཅོད་པ་ལས།གང་འདོད་དུ་ཁྱིམ་བདག་གི་མིང་དང་ཁ་པར།ལས་རིགས་སོགས་འབྲེལ་ཡོད་ཆ་འཕྲིན་བཤད་མི་རུང་།

རྒྱལ་ཡོངས་སློབ་མའི་རོགས་དངུལ་དོ་དམ་ལྟེ་གནས་ཀྱིས་ཀྱང་དྲན་སྐུལ་བྱས་ཏེ་ནན་གྱིས་བསྟན་དོན། སྡེ་ཁག་དང་མི་སྒེར་སུ་ཞིག་གིས་ཀྱང་སློབ་མར་རོགས་སྐྱོར་བྱེད་སྐབས།སློབ་མར་ཁ་པར་གྱི་ལམ་ནས་ཐོབ་ཐང་ལག་ཁྱེར་གྱི་ཨང་གྲངས་དང་དངུལ་བྱང་གི་ཨང་གྲངས།ལག་ཁྱེར་ཁ་པར་གྱི་ར་སྤྲོད་ཨང་གྲངས་སོགས་བཤད་དགོས་པའི་རེ་བ་འདོན་མི་སྲིད་ལ།ATMའཕྲུལ་ཆས་དང་དྲ་ཐོག་དངུལ་ཁང་ནས་གྲོན་དངུལ་གང་ཞིག་སྤྲོད་དགོས་པའི་རེ་བའང་འདོན་མི་སྲིད་པས།འདིའི་རིགས་ཀྱི་རེ་བ་འདོན་སྐབས།སློབ་མ་དང་ཁྱིམ་བདག་གིས་སློབ་གྲྭའི་དགེ་རྒན་དང་ས་གནས་ཀྱི་སློབ་གསོ་སྡེ་ཁག་ལ་བློ་འདྲི་བྱས་ཏེ།གཡོ་འོག་ཏུ་མི་ཚུད་པར་བྱེད་དགོས།

དཔེ་མཚོན་གཉིས་པ། སྔ་སྣུར་གྱིས་སྡུད་ལེན་བྱེད་པར་ཡིད་མི་ཆེས་པར་གཞུང་ཕྱོགས་དྲ་བའི་སྟེང་གི་སྤྱི་བསྒྲགས་ལ་བལྟ་དགོས།

གདུགས་དཀར་ཚེ་རིང་ལ་སློབ་གྲྭ་ཆེན་མོ་ཞིག་གི་སློབ་བསྡུ་གཞུང་ལས་ཁང་གི་ཁ་པར་འབྱོར་བ་དང་།སྒྱུ་རྩལ་རིགས་ཀྱི་སློབ་གླིང་གི་སློབ་མ་སྔ་སྣུར་གྱིས་བསྡུ་རྒྱུ་ཡིན་པས།གལ་ཏེ་སློབ་གྲྭ་དེའི་ནང་དུ་ཡོང་འདོད་ན་སློབ་ཡོན་སྔོན་ལ་སྤྲོད་དགོས་པ་དང་།དེ་མིན་ན་ཡིག་ཚགས་ཕྱིར་སྤྲད་དེ་སྡུད་ལེན་བྱེད་དཀའ་ཚུལ་སོགས་གནས་ཚུལ་མང་པོ་བཤད་པས།གདུགས་དཀར་ཚེ་རིང་གིས་བདེན་པར་རློམ་ཏེ་སློབ་ཡོན་སྒོར8000སྔོན་ལ་སྤྲད་པ་རེད།

གནས་ཚུལ་འདིའི་རིགས་དང་འཕྲད་སྐབས།སློབ་གསོ་པུའུ་ཡིས་བསྟན་དོན། སློབ་གྲྭ་ཆེན་མོས་སྔ་སྣུར་སྒོས་སློབ་མ་སྡུད་ལེན་བྱེད་པ་ནི་གཙོ་བོ་དམག་དོན་དང་རྒྱལ་སྲུང་།སྒྱུ་རྩལ་རིགས་ཀྱི་སློབ་གླིང་བཅས་ཡིན་མོད།འོན་ཀྱང་སློབ་མ་བསྡུ་བའི་བྱ་བ་ཡོངས་རྫོགས་ཡུལ་གཞན་ནས་རྒྱང་ཁྲིད་དྲ་ཐོག་ནས་བསྡུ་བ་དང་།ཆེད་དམིགས་རྩིས་འཁོར་མ་ལག་གིས་འདོད་མོས་དང་ཡིག་ཚགས་གཏོང་སྤྲོད་ལྟར་བསྡུ་བ་ལས།མིས་བཟོས་རྒྱུ་རྐྱེན་གང་ཞིག་གིས་ཀྱང་དེ་ལ་གནོད་པ་ཐེབས་མི་སྲིད།དེའི་རྐྱེན་གྱིས་སློབ་མ་བསྡུ་བར་ཁ་གཡར་བའི་ཁ་པར་དང་འཕྲིན་ཐུང་འབྱོར་སྐབས་ཡིད་ཆེས་བྱེད་མི་རུང་བར།སློབ་མས་སློབ་གསོ་ཡིག་རྒྱུགས་ཁང་གི་གཞུང་ཕྱོགས་དྲ་ཐོག་ནས་བདམས་ལེན་ཆ་འཕྲིན་ལ་བལྟ་དགོས།

དཔེ་མཚོན་གསུམ་པ། སློབ་བསྡུའི་ཚད་གཞི་གཅིག་གྱུར་ཡིན་པ་ལས་ནང་ཁུལ་དུ་དམིགས་ཚད་ཟེར་བ་ཞིག་མེད།

ལྷ་འབུམ་རྒྱལ་གྱི་ཕུགས་འདུན་ནི་དམག་དོན་སློབ་གྲྭ་ཞིག་ལ་རྒྱུགས་སྤྲད་དེ་རྒྱལ་སྲུང་སློབ་མ་ཞིག་བྱེད་རྒྱུ་དེ་ཡིན་མོད།འོན་ཀྱང་སྐར་མ་འགའ་ཆད་དེ་དམག་དོན་སློབ་གྲྭར་རྒྱུགས་མ་འཕྲོད་པ་རེད། དེ་ནས་ཅང་མ་འགོར་བར་ཁོར་དམག་དོན་སློབ་གྲྭ་ག་གེ་མོའི་སློབ་བསྡུ་གཞུང་ལས་ཁང་གི་ཡིན་ཟེར་བའི་ཁ་པར་ཞིག་འབྱོར་བ་དང་།ཁོ་ཚོར“ནང་ཁུལ་དུ་དམིགས་ཚད”ཡོད་པས།གལ་ཏེ་ལྷ་འབུམ་རྒྱལ་དམག་དོན་སློབ་གྲྭར་ཞུགས་འདོད་ན།སྔོན་ལ་ཁག་ཐེག་དངུལ་སྤྲོད་དགོས་ཟེར།ལྷ་འབུམ་རྒྱལ་གྱི་དོགས་པ་བསལ་ཆེད།ཕ་རོལ་བས་ད་རུངQQབརྒྱུད་དེ་སློབ་གྲྭའི་སློབ་བསྡུ་ཡིག་ཆར་ལྟ་རུ་བཅུག་པས།ལྷ་འབུམ་རྒྱལ་གྱིས་གནས་དེ་ནས་ཁག་ཐེག་དངུལ་སྒོར5000སྤྲད།

སློབ་གསོ་པུའུ་ཡིས་འགོག་སྲུང་དྲན་སྐུལ་བཏོན་ནས་བཤད་རྒྱུར། དམག་དོན་སློབ་གྲྭའི་སློབ་མ་བསྡུ་སྟངས་ཀྱང་ས་གནས་གཞན་པའི་མཐོ་རིམ་སློབ་གྲྭའི་སློབ་མ་བསྡུ་སྟངས་དང་གཅིག་མཚུངས་ཡིན་པས།དེ་ལ་གཟབ་ནན་གྱི་གོ་རིམ་དང་གཏན་འཁེལ་ཡོད།དམག་དོན་སློབ་གྲྭར“ནང་ཁུལ་ནས་སློབ་མ་བསྡུ་བའི་ཚད་གཞི”ཞིག་ཡོད་མི་སྲིད་པར་མ་ཟད།དམག་དཔུང་དང་ཉེན་རྟོག་དམག་དཔུང་གི་སློབ་བསྡུ་ཡིག་ཆ་མི་སྒེར་གྱི་ལག་ཏུ་ཡོད་མི་སྲིད་ལ།སློབ་མ་དང་ཁྱིམ་བདག་ལ་སློབ་བསྡུ་གོ་རིམ་གྱི་ཡིག་ཆར་དེ་བས་ཀྱང་ལྟ་རུ་འཇུག་མི་སྲིད་པ་རེད། མདོར་ན།མགོ་སྐོར་གཏོང་བའི་ཆེས་མཇུག་མཐའི་དམིགས་ཡུལ་ནི་སྒོར་མོ་སྤྲོད་དུ་འཇུག་རྒྱུ་དེ་ཡིན་པས།སློབ་མ་དང་ཁྱིམ་བདག་གིས་སྒོར་མོ་སྤྲོད་སྐབས་ངེས་པར་དུ་གཟབ་གཟབ་བྱེད་དགོས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།