ཀྲུང་གོ་བོད་ཀྱི་དྲ་བ།

ཚན་རིག་དང་མཐུན་པའི་ཉི་འོད་དྲོད་ཁང་གི་ཞིང་ཁའི་དོ་དམ་བྱེད་སྟངས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2018-03-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1 ཞིང་ཁའི་དོ་དམ།

དྲོད་ཚད།  སྔོ་ཚོད་སྐྱེ་བའི་དུས་སྐབས་སུ་སྔོ་ཚོད་ལ་འཕྲོད་པའི་དྲོད་ཚད་ཕལ་ཆེར10-20  ཡིན། དྲོད་ཚད་མཐོ་དྲགས་ན་སྔོ་ཚོད་ལ་གནོད་པ་ཡོད། དེ་བས་རྒྱུན་དུ་དྲོད་ཁང་ནང་གི་དྲོད་ཚད་ཀྱི་འགྱུར་ལྡོག་ལ་མཉམ་འཇོག་དགོས། དྲོད་ཁང་ནང་དུ་དྲོད་ཚད་དཔྱད་ཆས་ཤིག་བཞག་ནས་རྒྱུན་དུ་བལྟ་དགོས། ཉིན་མོར་དྲོད་ཚད་མཐོ་བ་དང་མཚན་མོར་དྲོད་ཚད་དམའ་བས། དྲོད་ཚད་མཐོ་དུས་བསེར་བུ་རྒྱག་ཏུ་འཇུག་པ་དང་། དྲོད་ཚད་དམའ་དུས་དྲོད་ཚད་རྒྱུན་འཁྱོངས་བྱ་དགོས།

རླན་ཚད།  སྔོ་ཚད་སྐྱེ་བའི་སྐབས་སུ་བརླན་གཤེར་ལྡན་དགོས། ས་རྒྱུ་ཁྲོད་ཀྱི་བརླན་གཤེར་རྒྱུན་འཁྱོངས་བྱས་ནས་སྐམ་དུ་འཇུག་མི་རུང་།

མྱུ་གུའི་མཐུག་ཚད།  སྔོ་ཚོད་ཀྱི་སྡོང་རྐང་གི་མཐུག་ཚད་རན་ན་སྔོ་ཚོད་མགྱོགས་པོར་སྐྱེ་བར་ཕན། སྤྱིར་བཏང་དུ་ཚལ་རིགས་ཀྱི་མྱུ་གུའི་བར་ཐག་ལ 5cmཡས་མས་ཡིན་པ་དང་། རྩད་པ་ཡོད་པའི་སྔོ་ཚོད་ཀྱི་མྱུ་གུའི་བར་ཐག་ལ 8cm-12cmབར་ཡིན།

ཡུར་མ་ཡུར་བ།  དེ་ནི་རྩྭ་ལྡུམ་འབལ་བ་ལ་ཟེར། ཞིང་སའི་ནང་དུ་རྩྭ་ལྡུམ་ཡོད་ན་སྔོ་ཚོད་སྐྱེ་བར་གནོད། རྩྭ་ལྡུམ་སྐྱེས་ནས 5cm-10cmབར་ཐོན་དུས་མྱུར་དུ་འབལ་དགོས། སྤྱིར་བཏང་དུ་འདེབས་སར་སྐྱེས་པའི་རྩྭ་ལྡུམ་ལ་ཡིག་ཚལ་དང་། ཁུར་མོང་། ཚོ་ཨར་ཚལ་སོགས་ཡོད།

ཆུ་གཏོང་བ།  སྔོ་ཚོད་ཀྱི་རིགས་དང་དབྱེ་བ། ཕན་ནུས། སྐྱེ་ཡུན། འབྲས་སྨིན་སོགས་མི་འདྲ་བའི་དབང་གིས་ཆུའི་གཏོང་ཚུལ་དང་གཏོང་ཐེངས་ཀྱང་མི་འདྲ། སྔོ་ཚོད་ལ་ལར་ཆུ་ཉུང་ཉུང་སྒོས་དལ་གཏོང་བྱེད་དགོས་པ་དང་། ལ་ལར་ཆུ་མང་པོས་མགྱོགས་གཏོང་བྱ་ཆོག  སྔོ་ཚོད་ཁ་ཤས་ལ་ཆུ་ཐེངས་མང་ལ་གཏོང་དགོས་པ་དང་། ཁ་ཤས་ལ་ཆུ་ཉུང་གཏོང་ན་ཆོག དེ་ནི་སྔོ་ཚོད་རེ་རེའི་རང་གི་ཁྱད་གཤིས་དང་། གནམ་གྱི་ཐང་རུབ། ཆར་ཆུའི་མང་ཉུང་བཅས་ཀྱིས་ཐག་གིས་བཅད། དེ་བས་སྔོ་ཚོད་འདེབས་མཁན་སུ་ཞིག་ཡིན་རུང་རང་གིས་བཏབ་པའི་སྔོ་ཚོད་ཀྱི་རིགས་དང་ཁྱད་གཤིས། སྐྱེ་བའི་གནས་ཚུལ། ཕྱི་ཡུལ་གྱི་ཆ་རྐྱེན་བཅས་ལ་བལྟས་ནས་ཆུ་ཐེངས་དུ་མར་གཏོང་བ་དང་ཇི་ལྟར་གཏོང་བར་བསམ་བློ་གཏོང་དགོས། གང་ལྟར་ཡང་སྤྱི་ཕྱོགས་ནས་བཤད་ན་སྔོ་ཚོད་གང་ཞིག་ཡིན་རུང་ཆུ་ཐེངས3-5ལ་གཏོང་དགོས།

2 ནད་དང་གནོད་འབུ་འགོག་བཅོས།

སྤྱིར་ན་ཉི་འོད་དྲོད་ཁང་ནང་དུ་འདེབས་གསོ་བྱེད་པའི་སྔོ་ཚོད་ལ་རྒྱུན་འབྱུང་གི་ནད་དང་གནོད་འབུ་མང་པོ་ཞིག་ཡོད་པ་བཞིན། དེ་དག་འགོག་བཅོས་བྱེད་པའི་ཐབས་ལའང་དེ་ལྟར་མང་པོ་ཞིག་ཡོད་མོད། མདོར་བསྡུས་ན་བཞི་སྟེ། ཞིང་ལས་ཀྱི་འགོག་བཅོས་དང་རྫས་འགྱུར་གྱི་འགོག་བཅོས། དངོས་ལུགས་ཀྱི་འགོག་བཅོས། སྐྱེ་དངོས་ཀྱི་འགོག་བཅོས་བཅས་སོ།

ཞིང་ལས་ཀྱི་འགོག་བཅོས།  དེ་ནི་ཞིང་ལས་སྐྱེ་དངོས་ཀྱི་ནད་དང་གནོད་འབུ། གནོད་སྐྱོན་བཅས་འགོག་བཅོས་བྱེད་པར་སྤྱོད་པའི་ཞིང་ལས་ལག་རྩལ་གྱི་ཕྱོགས་བསྡུས་བྱེད་ཐབས་ཤིག་ཡིན་པ་དང་། ཞིང་ལས་སྐྱེ་དངོས་ཀྱི་སྐྱེ་འཕེལ་ཁོར་ཡུག་སྙོམ་སྒྲིག་དང་ཇེ་ལེགས་སུ་བཏང་སྟེ། ཞིང་ལས་སྐྱེ་དངོས་ཀྱི་ནད་འབུ་འགོག་པའི་ནུས་པ་ཇེ་མཐོར་གཏོང་བ་དང་། ནད་རྐྱེན་དང་གནོད་འབུ། རྩྭ་ལྡུམ་སོགས་ཀྱི་སྐྱེ་འཕེལ་ལམ་མཆེད་པའི་ཆ་རྐྱེན་ལ་གནོད་སྐྱོན་བཟོས་ཏེ། ནད་དང་གནོད་འབུ། རྩྭ་ལྡུམ་བཅས་ཀྱི་གནོད་འཚེ་ལ་ཚོད་འཛིན་མེད་པར་བཟོ་བ་དང་ཇེ་ཡང་དུ་གཏོང་བ་ཞིག་ཡིན། བྱེད་ཐབས་གཙོ་བོར་ནད་དང་གནོད་འབུ་འགོག་ཐུབ་པའི་ས་བོན་འདེམ་སྤྱོད་བྱེད་པ་དང་ས་བོན་གྱི་དགེ་མཚན་ལེགས་སྒྲིག་བྱེད་པ། སོན་མྱུག་ནད་མེད་པ་འདེམ་འཇོག་བྱེད་པ། སོག་ཤུལ་གསོར་འདེབས་ལག་བསྟར་བྱེད་པ། གཏིང་ལོག་བརྒྱབ་ནས་སོག་རྩད་ས་འོག་ཏུ་འཇུག་པ། འདེབས་འཛུགས་དུས་ཚོད་སྙོམ་སྒྲིག་བྱེད་པ། འོས་ཤིང་འཚམ་པས་ལུད་འཇོག་པ། དུས་ཐོག་ཏུ་ཆུ་གཏོང་བ། ཞིང་སའི་གཙང་སྦྲ་ཇེ་ལེགས་སུ་གཏོང་བ་སོགས་ཡོད།

རྫས་འགྱུར་གྱི་འགོག་བཅོས།  དེ་ལ་ཞིང་སྨན་གྱི་འགོག་བཅོས་ཀྱང་ཟེར། འདི་ནི་རྫས་འགྱུར་སྨན་རྫས་ཀྱི་དུག་གཤིས་སྤྱད་ནས་གནོད་འབུ་འགོག་བཅོས་བྱེད་པ་ཞིག་ཡིན་པ་དང་། སྐྱེ་དངོས་སྲུང་སྐྱོང་ལ་རྒྱུན་དུ་སྤྱོད་པའི་བྱེད་ཐབས་ཤིག་ཡིན་ལ། ཕྱོགས་བསྡུས་འགོག་བཅོས་ཀྱི་བྱེད་ཐབས་གལ་ཆེ་བ་ཞིག་ཀྱང་ཡིན།

དངོས་ལུགས་ཀྱི་འགོག་བཅོས།  དེ་ནི་ལག་ཆ་སྟབས་བདེ་བ་དང་དངོས་ལུགས་ཀྱི་རྒྱུ་རྐྱེན་སྣ་ཚོགས་ཏེ། དཔེར་ན། གློག་དང་འོད། ཚ་དྲོད། དུ་རླངས། དྲོད་ཚད། རླན། སྒྲ་རླབས་སོཊ་བེད་སྤྱད་དེ་ནད་དང་གནོད་འབུའི་གནོད་སྐྱོན་འགོག་བཅོས་བྱེད་པའི་ཐབས་ཤིག་ཡིན།

སྐྱེ་དངོས་ཀྱི་འགོག་བཅོས།  དེ་ནི་སྐྱེ་དངོས་ཤིག་བེད་སྤྱད་ནས་སྐྱེ་དངོས་གཞན་ཞིག་འདུལ་བའི་ཐབས་དམ་པ་ཞིག་ཡིན། སྐྱེ་དངོས་ཀྱི་འགོག་བཅོས་ལ་ཧ་ལམ་འབུ་ཡིས་འབུ་འདུལ་བ་དང་བྱ་ཡིས་འབུ་འདུལ་བ། སྲིན་གྱིས་འབུ་འདུལ་བ་བཅས་རིགས་ཆེན་པོ་གསུམ་ཡོད་པ་དང་། རྩྭ་ལྡུམ་དང་གནོད་འབུ་སོགས་གནོད་ལྡན་སྐྱེ་དངོས་ཚོགས་ཀྱི་འདུས་ཚད་ཇེ་ཉུང་དུ་གཏོང་བའི་བྱེད་ཐབས་ཤིག་ཀྱང་ཡིན། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།