ཚེ་ཐར་གཏོང་ཚུལ་དང་དར་ལྕོག་འཛུགས་སྲོལ།

      res02_attpic_brief.jpg

བོད་ཀྱི་ཚེ་ཐར་གཏོང་ཚུལ།  ཚེ་ཐར་གཏོང་བ་ནི་སྲོག་གཅོད་སྡིག་ལས་ལ་འཛེམ་པའི་མི་ཚོས་བྱམས་དང་སྙིང་རྗེས་ཀུན་ནས་བསླངས་ཏེ་སྲོག་ཆགས་འབའ་འབུ་རྣམས་སྲོག་བླུ་བྱེད་པའི་བོད་ཀྱི་དམངས་སྲོལ་རིག་གནས་གལ་ཆེན་ཞིག་ཡིན།བོད་ཀྱི་ཚེ་ཐར་གཏོང་བྱའི་སྒོ་ཕྱུགས་ནི་གཙོ་བོ་རྟ་ནོར་ར་ལུག་ཡིན་ལ།ཉ་རིགས་ཚེ་ཐར་གཏོང་བའི་མི་ཡང་མང་པོ་ཡོད།དམངས་སྲོལ་འདི་ནི་སྲོག་ཆགས་དང་རང་བྱུང་ཁམས་ཆེན་པོར་བཅངས་པའི་ཡ་རབས་ཀྱི་འདུ་ཤེས་འཛིན་སྟངས་ཤིག་ཡིན།བོད་ཀྱིས་སྒོ་ཕྱུགས་ཚེ་ཐར་དུ་གཏོང་བའི་དགེ་བ་ནི་མང་ཡང་།འདིར་གཙོ་ཆེ་ཤོས་ཙམ་བརྗོད་ན།གཅིག་ནི་ཕྱུགས་ཀྱི་ཚེ་སྲོག་ལ་འཇིགས་པ་དང་འཚེ་བ་མིད་པར་རང་ཉིད་ཀྱི་འཚོ་བ་ལོངས་སུ་སྤྱོད་པར་རང་དབང་ལྡན་ཆེད་སྲོག་གཅོད་སྡིག་པ་མི་བྱེད་པ་དང་།གཉིས་སུ་བོད་མི་རང་ཉིད་ལ་མཚོན་ན་སྒོ་ཕྱུགས་ཚེ་ཐར་བཏང་བ་ལས་མི་འདོད་པའི་རྐྱེན་ངན་བཟློག་ཐུབ་པ་དང་ཚེ་རིང་ནད་མིད་འབྱུང་བ།འཚོ་བ་ཕུན་སུམ་ཚོགས་པ་དང་ཁྱིམ་ཚང་གི་ཕྱི་དོན་ལམ་འགྲོ་ཡོང་བ།ཁ་ལས་རླུང་རྟ་དར་ཞིང་འདོད་དོན་ལྷུན་འགྲུབ་ཡོང་བའི་ཆེད་དུ་ཡིན།དེ་བས་ཚེ་ཐར་གཏོང་བ་ནི་མི་ཕྱུགས་གཉིས་ཀར་དགེ་བའི་བྱ་གཞག་ལེགས་པོ་ཞིག་ཏུ་སེམས་བཞིན་ཡོད།

  སྤྱིར་ཚེ་ཐར་ཞེས་པ་ནི་ཚེ་ལ་ཐར་བ་གཏོང་བ་དང་ཚེ་ཡི་རྒྱུན་བསྲིང་བའི་ཆོ་ག་ཞིག་ཡིན་ལ།དེ་ནི་སྒོ་ཕྱུགས་ཚེ་ཐར་གཏོང་བ་ལས་གཞན།ད་དུང་དམངས་ཁྲོད་དུ་འགའ་ཞིག་གིས་ལྗོན་ཤིང་ནགས་ཚལ་དང་རི་ཆུ་གཏེར་རྫས་སོགས་རང་བྱུང་གི་བཀོད་པར་གནོད་སྐྱོན་ཐེབས་སུ་མི་འཇུག་པར།ཡུལ་གྱི་མཛེས་སྡུག་རང་སོར་འཇོག་པ་དང་སྲུང་བའི་ལས་སོགས་ལའང་ཚེ་ཐར་དུ་བཏང་ཞེས་བརྗོད་མཁན་ཡོད་ཀྱང་།བོད་ཀྱི་ཚེ་ཐར་གཏོང་བྱའི་སྒོ་ཕྱུགས་ནི་གཙོ་བོ་རྟ་ནོར་ར་ལུག་ཡིན་ལ།ཚེ་ཐར་བཏང་ཟིན་པའི་རྟ་ལ་མི་ཞོན་པ་དང་གཞན་ལ་མི་བཙོང་བ།ཚེ་ཐར་བཏང་ཟིན་པའི་ནོར་ལ་དོས་མི་འགེལ་བ་དང་མི་བཤའ་བ།མི་བཙོང་བ།རྩིད་པ་མི་འབྲེག་པ།ཚེ་ཐར་བཏང་ཟིན་པའི་ར་ལུག་ཡིན་ནའང་མི་བཙོང་བ་དང་།མི་བཤའ་བ་བཅས་ཀྱི་ཐུན་མིན་གྱི་སྲོལ་ཞིག་མཆིས།གལ་ཏེ་ཚེ་ཐར་བཏང་ཟིན་པའི་སྒོ་ཕྱུགས་ཤིག་ཡིན་ན་རྩྭ་ཆུ་བཟང་པོ་རང་དབང་གིས་བདམས་ནས་རྩྭ་ཆུ་ལ་རང་གཞན་གྱི་དབྱེ་བ་མིད་པར་ལོངས་སུ་སྤྱད་ཆོག་པ་ཡིན་ཞིང་དེ་ལ་མི་འདོད་པའི་འཚེ་བ་བྱེད་མཁན་ཡང་མིད་པ་རེད།

  སྔོན་ཆད་ཡིན་ན།བོད་མིས་ཚེ་ཐར་གཏོང་བའི་ཆོ་ག་སྤེལ་ཚུལ་ལ།ཁྱིམ་མི་དང་གཉེན་ཉེ་སུ་ཞིག་གི་ཚེ་ལ་བར་ཆད་འབྱུང་ཉེན་ཆེ་བའི་ན་ཚ་སོགས་བྱུང་ཚེ།རྟ་ནོར་ར་ལུག་གང་རུང་ཞིག་རང་གི་བླ་མཆོད་ཀྱི་དྲུང་དུ་ཁྲིད་དེ་ཚེ་ཐར་གནང་རོགས་ཞེས་ཞུ་དགོས་ཤིང་།བླ་མཆོད་དེས་མགོན་པོ་ཚེ་དཔག་མིད་ཀྱི་མཚན་གཟུངས་དུད་འགྲོ་དེའི་རྣ་ལམ་དུ་སྒྲོག་པ་ཡིན།དུས་དེ་ནས་བཟུང་སེམས་ཅན་དེ་སྲོག་འཕྲོག་པའི་འཇིགས་པ་ལས་གྲོལ་བ་ཡིན་ཞིང་།དེའི་བདེན་མཐུ་ལ་བརྟེན་ནས་སྦྱིན་པའི་བདག་པོའི་ཚེ་གེགས་ཀྱི་བར་ཆད་ཞི་ཞིང་།ཚེ་བསོད་རྒྱས་པ་དང་།སྦྱིན་བདག་དང་དུད་འགྲོ་བཅས་མཐར་ཐུག་མངོན་མཐོ་དང་ངེས་ལེགས་ཀྱི་གོ་འཕང་འཐོབ་པའི་སྨོན་ལམ་དང་ཤིས་བརྗོད་མང་དུ་མཛད་པའི་མཐར།ཚེ་སྐུད་ཅེས་པ་རས་སྣའམ་བལ་སྐུད་གང་རུང་ཚོན་དམར་ཅན་གྱི་རྣ་ཚར་ཞིག་གནང་བ་དང་།སྦྱིན་བདག་དེས་རྣ་ཚར་དེ་དག་ཚེ་ཐར་གྱི་རྣ་བ་གཡས་གཡོན་དུ་འདོགས་པའི་སྲོལ་ཡོད།དེང་སྐབས་གནའ་བོའི་ཚེ་ཐར་གཏོང་བའི་ཆོ་ག་སྤེལ་ཚུལ་དང་ཅུང་ཟད་མི་འདྲ་སྟེ།དེའང་སྦྱིན་བདག་གམ་ཁྱིམ་ཚང་གིས་ཉིན་བཟང་སྐར་བཟང་ཞིག་ལ་ཡུལ་ལྷ་ལ་མཆོད་བཤམས་དང་གཞི་བདག་འཁོར་སྲུང་ལ་བསང་གཏོང་བ་སོགས་ཀྱི་སྒྲུབ་མཆོད་སྣ་ཚོགས་བྱས་ཏེ།ཁྱིམ་མིའི་ན་ཚ་བཟློག་པ་དང་།ལྷག་པར་ཁྱིམ་མི་རེ་རེ་ཚེ་རིང་བོ་ཡོང་བ་དང་།ཚེ་གེགས་ཀྱི་བར་ཆད་ཞི་བ།ཚེ་བསོད་རྒྱས་པ།འདོད་དོན་འགྲུབ་པ་བཅས་ལ་དམིགས་ནས་ཁྱིམ་ཚང་གིས་ཚེ་ཐར་གཏོང་བ་ཡིན་ལ།ཚེ་ཐར་གཏོང་དུས་སྒོ་ཕྱུགས་དེའི་སོག་པ་དང་།ཐོད་པ།ར་མགོ་བཅས་སུ་མར་རྒྱན་འབྱུག་པར་བྱེད་ཅིང་།རས་སྣའམ་བལ་སྐུད་གང་རུང་སྟེ་ཚོན་དམར་ཅན་གྱི་ཚེ་སྐུད་དུད་འགྲོ་དེའི་རྣ་རྩེ་དང་སོག་པར་འདོགས་ལ།གཞན་ད་དུང་དུད་འགྲོ་དེའི་རྔ་རྩེ་ནས་མགོ་བར་འོ་ཆུ་འདྲེས་མའི་ཆུ་གཙང་མ་ཞིག་བླུགས་ཏེ་འཁྲུད་པའི་སྲོལ་ཡོད་ཅིང་།སླར་ཡང་མགོ་ནས་རྔ་རྩེ་བར་ཆུ་གཙང་མ་ཞིག་བླུགས་ཏེ་བཤལ་བ་ཡིན།དེས་མི་གཙང་བ་དང་བཙོག་གྲིབ་སེལ་བ་མཚོན་པ་རེད།མར་རྒྱན་འབྱུག་པ་དང་ཚེ་སྐུད་འདོགས་པ་སོགས་ཀྱི་ཞོར་དུ་ཁ་ནས་དེ་རིང་ནས་བཟུང་ཁྱེད་རང་ཚེ་ཐར་དུ་བཏང་བ་ཡིན་པས་བཤས་ནས་ཤ་མི་བཟའ།བཙོངས་ནས་རིན་མི་ལེན།བཀོལ་ནས་དོས་མི་འགེལ།བལ་རྩིད་མི་འབྲེག བཀྲ་ཤིས་པར་ཤོག ཚེ་རིང་བར་སྨོན་ཞེས་པ་སོགས་ཀྱི་སྨོན་ལམ་དང་ཤིས་བརྗོད་མང་དུ་བྱས་མཐར་ཚེ་ཐར་དུ་གཏོང་བ་ཡིན་ལ།གལ་ཏེ་ཚེ་ཐར་གང་ཞིག་ལོ་ན་བགྲེས་ཏེ་ཤི་བའམ་ནད་བྱུང་སྟེ་ཤི་བ་སོགས་ཡིན་ན།སླར་ཡང་གཞན་ཞིག་ཚེ་ཐར་གཏོང་བའི་སྲོལ་ཡོད།།

9228386_9228386_1318258887125_mthumb_副本.jpg

  བོད་མིའི་དར་ལྕོག་འཛུགས་སྲོལ།  དར་ལྕོག་ནི་དར་རམ་རས་ཀྱི་སྟེང་དུ་གཟུངས་སྣ་ཚོགས་དཔར་ནས་རི་རྩེ་དང་ལ་ཁ།ཡང་ན་སྒོ་ཁང་གི་ཀླད་སོགས་རླུང་བུ་རྒྱུར་འཛུགས་པའི་ཆོས་དར་ལ་ཟེར།བཤད་རྒྱུན་དུ་ལ་ལས་དར་ལྕོག་ཐོག་མར་དམག་གི་མཚོན་རྟགས་ཡིན་པར་བཤད་པ་དང་།འགའ་རེས་ཡུལ་ལུང་སོ་སོའི་ས་རྟགས་ཡིན་པར་བཤད།གང་ལྟར་ཀྱང་དེང་སང་ཆོས་ལུགས་ཀྱི་ཕྱག་སྲོལ་དུ་གྱུར་ནས་བགེགས་རྐྱེན་བར་ཆད་སེལ་བའི་ཕན་ཡོན་ལྡན་པའི་ཆོས་དཔེ་སྣ་ཚོགས་དཔར་ནས་རི་རྩེ་དང་ལ་ཁ།ཡང་ན་སྒོ་ཁང་གི་ཀླད་སོགས་ལ་འཛུགས་སྲོལ་ཡོད།

  བོད་མིས་ལ་རྩེ་དང་ཁང་པའི་ཡང་ཐོག་དང་།སྒོ་མཆོར་གྱི་མདུན་དུ་དར་ལྕོག་དང་དར་ཆེན་འཛུགས་པ་འདི་ནི་བོད་མིའི་གནས་ཡུལ་ཁོ་ན་ལས་གཞན་དུ་མཐོང་རྒྱུ་མིད་པའི་ཐུན་མོང་མ་ཡིན་པའི་ཡུལ་སྲོལ་གོམས་གཤིས་ཤིག་ཡིན་པས།དར་ལྕོག་ཡོད་ན་ས་དེ་གར་བོད་མི་ཡོད་པ་གཏན་ཁེལ་ཡིན།དར་ལྕོག་གི་ཕན་ཡོན་ནི།ནང་ཆོས་ལས་གཟུངས་སྔགས་དཔར་བའི་དར་གྱི་སྟེང་དུ་རླུང་ཕོག་པའི་རླུང་དེ་སེམས་ཅན་གང་གི་སྟེང་དུ་ཕོག་ན་སེམས་ཅན་དེ་ལ་བྱིན་རླབས་ཞུགས་ནས་ངན་འགྲོར་མི་ལྷུང་བར་གསུངས་པ་དང་།འཇིག་རྟེན་འདིའི་དབང་དུ་བཏང་ན།རྐྱེན་ངན་བར་ཆད་སོགས་མི་མཐུན་པའི་ཕྱོགས་ངན་པ་ཐམས་ཅད་འགོག་པ་དང་།ཚེ་བསོད་དབང་ཐང་རླུང་རྟ་སྙན་གྲགས་སོགས་མཐུན་པའི་ཕྱོགས་ཐམས་ཅད་གོང་ནས་གོང་དུ་རྒྱས་པ་སོགས་ཀྱི་ཕན་ཡོན་ལྡན།

  སྤྱི་བཏང་དུ་དར་ལྕོག་གི་མཚོན་དོན་ནི།དར་ལྕོག་ལ་རས་སྣ་མི་འདྲ་བ་ལྔ་བསྒྲིགས་ཏེ།སྔོན་པོ་དང་དཀར་པོ།དམར་པོ།ལྗང་གུ།སེར་པོ་སོགས་དར་ཚོན་སྣ་ལྔའི་སྟེང་དཔར་སྲོལ་ཡོད་ལ།དེ་དག་ནི་འབྱུང་ལྔའི་མཚོན་བྱེད་ཡིན་པ་རྩིས་གཞུང་འགའ་རེར་གསུངས།འབྱུང་བ་ལྔ་ནི་ས་ཆུ་མི་རླུང་ནམ་མཁའ་ལྔར་བགྲང་ཡང་།རྩིས་གཞུང་དུ་ཤིང་དང་མི།ལྕགས་དང་ཆུ།ས་བཅས་ལྔ་བགྲང་ལ།དར་ལྕོག་གི་ཁ་དོག་དེ་དག་བསྒྲིགས་སྟངས་ལ་འདྲ་མི་འདྲ་མང་པོ་མཐོང་རྒྱུ་ཡོད་མོད།སྔ་རབས་དབུས་གཙང་ཕྱོགས་ཀྱི་ཕྱག་རྒྱུན་ལྟར་ན།

  སྔོན་པོ་གནམ་དང་དཀར་པོ་སྤྲིན།དམར་པོ་མི།ལྗང་གུ་ཆུ།སེར་པོ་སའི་མཚོན་བྱེད་དུ་བརྗོད་དོ།།

  དར་ལྕེ་ནི།རང་རང་གི་རླུང་རྟའི་ཁམས་ཀྱི་མདོག་གོང་དུ་བྱ་ལ།དེ་ནས་རིམ་བཞིན་དགྲ་འདེད་ཀྱི་ཁ་དོག་སྣ་ལྔ་བྱའོ།།

  ད་ལྟ་དར་ལྕོག་གི་ངོས་སུ་ཁ་མཆུ་ནག་པོ་དང་རྒྱལ་མཚན་རྩེ་མོའི་དཔུང་རྒྱན།རླུང་རྟ་སྡེ་བཞི་སོགས་འགོད་ཀྱིན་འདུག་ལ།དེ་ནི་བྱ་ལས་འགྲུབ་པ་དང་ན་ཚ་མིད་པ།དབང་ཐང་དང་རླུང་རྟ་རྒྱས་པ།ཁ་ལས་དགེ་ཞིང་ཚེ་ཐག་རིང་བ་སོགས་ཀྱི་ཆོ་ག་གལ་ཆེན་ཞིག་ཏུ་བརྩི་བཞིན་ཡོད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།