ཀྲུང་གོ་བོད་ཀྱི་དྲ་བ།

བུད་མེད་ལ་ཟླ་མཚན་འབབ་པའི་སྐབས་སུ་མཉམ་འཇོག་ལེགས་པོ་བྱེད་དགོས།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2019-05-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

བུད་མེད་རྣམས་ཀྱིས་ཟླ་མཚན་འབབ་པའི་སྐབས་སུ་བཟའ་བཏུང་དང་སེམས་ཁམས།སྤྱོད་ལམ་སོགས་གང་གི་ཐད་ལའང་མཉམ་འཇོག་བྱེད་དགོས་པ་སྟེ།

གཅིག གཙང་སྦྲ་རྒྱུན་འཁྱོངས་བྱེད་དགོས། ཟླ་མཚན་འབབ་པའི་སྐབས་སུ་ནད་དུག་ཕོག་སླ་བས། ངེས་པར་མཚན་མ་དང་གསང་དོར། ཤོག་བུ་བཅས་ཀྱི་གཙང་སྦྲར་དོ་སྣང་བྱེད་དགོས།གསང་དོར་དང་གསང་ཁེབས་དུས་རྒྱུན་དུ་བཀྲུས་ནས་བརྗེ་དགོས་ལ་ཉི་འོད་འོག་ཏུ་སྐམ་དགོས།ཤོག་བུ་འཇམ་ལ་གཙང་དགོས་པ་དང་ཡང་ཡང་བརྗེ་དགོས།ལུས་པོ་ལངས་ནས་བཀྲུ་བ་ལས་ཁྲུས་གཞོང་དུ་བཀྲུ་བའམ་ཆུ་རྐྱལ་བྱེད་མི་འོས།ཉལ་པོ་སྤྱོད་པར་འཛེམ་དགོས་ལ་མཚན་མར་བརྟག་དཔྱད་བྱེད་དུས་སྔོན་ལ་དུག་སེལ་བྱེད་དགོས།

གཉིས། དྲོད་གྲང་སྙོམས་པོ་བྱེད་དགོས།ཟླ་མཚན་སྐབས་རེར་མང་ཞིང་སྐབས་རེར་ཉུང་བ་དེ་ནི་དྲོད་གྲང་སྙོམས་པོ་མ་ཡོང་བའི་རྟགས་ཡིན་པས།ཟླ་མཚན་འབབ་པའི་སྐབས་སུ་ངེས་པར་དྲོད་སྲུང་བཟང་པོ་བྱས་ནས་དྲོས་འཁྱག་ལ་འགྲོ་བར་མཉམ་འཇོག་བྱེད་དགོས།ཆུ་ལ་མི་བརྒལ་བ་དང་ཆར་ནང་དུ་མི་འགྲོ་བ།ཁ་བའི་ཁྲོད་དུ་མི་རྒྱུ་བ།ཚ་བའི་དུས་སུ་ངལ་རྩོལ་མི་བྱེད་པ་བཅས་བྱེད་དགོས།དེ་མིན་ན་ཟླ་མཚན་འབབ་པའི་སྐབས་སུ་ནད་རྟགས་སྣ་ཚོགས་འབྱུང་སྲིད།

གསུམ། འཁྱག་རློན་དང་ཚ་སྐྱུར་གྱི་ཟས་རིགས་ལ་འཛེམ་དགོས།ཟླ་མཚན་འབབ་པའི་སྐབས་སུ་ནུ་མ་སྐྲངས་ཤིང་ན་བ་དང་གསུས་པ་སྦོས་པ།དྲི་ཆུ་ཉུང་ཞིང་དྲི་ཆེན་སྐམ་པ་སོགས་ཀྱི་སྣང་ཚུལ་བྱུང་ན།མཆིན་པ་དྲག་ཅིང་མཚེར་བ་ཞན་པའི་རྟགས་ཡིན་པས།སྣུམ་ཉུང་ཞིང་འཚོ་བཅུད་བཟང་བའི་ཟས་རིགས་བརྟེན་དགོས།ཟས་རིགས་འཁྱག་པ་དང་རློན་པ།ཚ་སྐྱུར་གྱི་རིགས་བཟའ་མི་རུང་།ཚ་སྐྱུར་གྱི་རིགས་མང་དུ་ཟོས་ན་ཚ་བ་འཕེལ་ཞིང་བསིལ་བ་ཉམས་པས།ཟླ་མཚན་ཇེ་མང་དུ་འགྲོ་བ་དང་།འཁྱག་པ་དང་རློན་པའི་རིགས་མང་དུ་ཟོས་ན་ཁྲག་རྒྱུ་བ་ཁེགས་པས་རྐེད་པ་ན་ཞིང་ཟླ་མཚན་འབབ་དཀའ་བ་རེད།ཆང་མང་དུ་འཐུངས་ན།བུ་སྣོད་ལ་གནོད་འཚེ་ཐེབས་ཏེ་རླུང་ཁྲག་འཁྲུག་པ་དང་ཟླ་མཚན་རྒྱུན་ལྡན་སྒོས་འབབ་པར་གནོད་པ་བཟོ་སྲིད།

བཞི། སེམས་ཁམས་ལེགས་པོ་ཡོང་བར་བྱེད་དགོས།ཟླ་མཚན་འབབ་པའི་སྐབས་སུ་ནུ་མ་སྐྲངས་ཤིང་ན་བ།རྐེད་པ་ན་ཞིང་ཆད་སྣང་སྐྱེ་བ།གསུས་པ་སྦོས་པ་སོགས་ཀྱི་སྣང་ཚུལ་བྱུང་ནའང་སེམས་ཁམས་ལེགས་པོ་ཡོང་ཅི་ཐུབ་བྱེད་དགོས།དེ་མིན་ཚེ་དོན་ལྔ་སྣོད་དྲུག་གི་ནུས་པ་འཁྲུགས་ནས་རླུང་ཁྲག་རྒྱུ་བ་རྒྱུན་ལྡན་མིན་པ་དང་ཟླ་མཚན་མི་སྙོམས་པའི་ནད་འབྱུང་སྲིད།

ལྔ། སྦྱོང་བརྡར་འཚམ་པོ་བྱེད་དགོས།ཟླ་མཚན་འབབ་པའི་སྐབས་སུ་རླུང་ཁྲག་གི་རྒྱུ་བ་སྙོམས་པོ་ཡོང་རྒྱུ་ཤིན་ཏུ་གལ་ཆེ།འོས་འཚམ་གྱི་སྦྱོང་བརྡར་བྱས་ན་ཟླ་མཚན་རྒྱུན་ལྡན་གྱིས་བབས་ཏེ་རྐེད་པ་ན་བ་འགོག་ཐུབ།ཡིན་ཡང་སྦྱོང་བརྡར་ཚད་ལས་བརྒལ་མི་རུང་སྟེ།སེམས་ཚགས་ཆེ་ཞིང་ཐང་ཆད་པ།སྦྱོང་བརྡར་དྲག་ཅིང་ལས་ཀ་ལྕི་མོ་ལས་ན་རླུང་ཟད་ཅིང་ཁྲག་ལ་ཤན་ཤུགས་ཐེབས་པས།ཟླ་མཚན་མང་བའམ་འབབ་ཡུན་ཇེ་རིང་ལ་སོང་སྟེ།ཐ་ན་ཚོད་འཛིན་མི་ཐུབ་པའི་གནས་སུའང་འགྲོ་ངེས། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།