ཀྲུང་གོ་བོད་ཀྱི་དྲ་བ།

གཉིད་ཀྱིས་མ་འདང་ན་ཁེར་རྐྱང་གི་སྣང་བ་འབྱུང་སླ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2018-09-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

མིའི་མི་ཚེ་ཁྲོད་ཀྱི1/3གི་དུས་ཚོད་ནི་གཉིད་ལ་རོལ་གྱིན་ཡོད་མོད། འོན་ཀྱང་གཉིད་སྐྱིད་པོ་ཞིག་ལ་རོལ་རྒྱུ་ནི་མི་མང་ཤོས་ཤིག་ལ་མཚོན་ན་ཧམ་པ་ཞིག་ལས་མ་འདས།གཉིད་མ་ཁུག་ན་ལུས་སེམས་གཉིས་ཀྱི་བདེ་ཐང་ལ་གནོད་པར་མ་ཟད། ད་རུང་རང་ཉིད་ཁེར་རྐྱང་དུ་ལུས་པའི་སྣང་བ་འབྱུང་སླ།

ཞིབ་འཇུག་པས་མི18བཙལ་ནས།གཉིད་མི་ཁུག་པ་དང་ཁུག་པའི་མི་སོ་སོར་ཚན་ཆུང་གཉིས་སུ་བཀར་ཞིང་། ཚན་ཆུང་གཉིས་ཀར་ཐད་ཀར་ཁོ་ཚོར་གཟས་ནས་ཡོང་བའི་བརྙན་རིས་ལ་བལྟ་རུ་བཅུག་པ་དང་། ཁོ་ཚོའི་ལག་ཏུ་མཐེབ་གཅུས་བཞག་ནས་དུས་ངེས་མེད་དུ་མཐེབ་གཅུས་མནན་ཆོག་པར་བྱས། མཇུག་མཐར་གཉིད་མི་ཁུག་པའི་ཚན་ཆུང་གི་མིས་སྔ་མོ་ནས་མཐེབ་གཅུས་མནན་ཏེ་བརྙན་རིས་ནང་གི་མི་དེ་རང་ཉིད་དང་ཉེ་བར་བཅར་དུ་འཇུག་མི་འདོད་པར། གཉིས་ཀའི་བར་དུ་བཞག་པའི་བར་ཐག་ནི་གཉིད་ཁུག་པའི་ཚན་ཆུང་ ལས18%ནས60%ཡིས་རིང་བ་རེད། ཡང་ཚོད་ལྟ་གཞན་ཞིག་ལས། མི1000ལྷག་བསྡུས་ཏེ་གཉིད་མི་ཁུག་པ་དང་གཉིད་ཁུག་པའི་ཚན་ཆུང་གཉིས་ཀྱི་མིས་མཉམ་དུ་དོན་དག་ཅིག་ལ་གྲོས་བསྡུར་བྱེད་ཀྱིན་པའི་བརྙན་ཐུང་ལ་ལྟ་རུ་བཅུག་རྗེས། ཁོ་ཚོའི་འགུག་ཤུགས(བརྙན་རིས་ལ་ལྟ་མཁན་རྣམས་ཀྱིས་བརྙན་རིས་ནང་གི་མིའི་གཉིད་ཀྱི་གནས་ཚུལ་མི་ཤེས)ལ་སྐར་མ་བརྒྱག་ཏུ་བཅུག་པ་ན། གཉིད་མི་ཁུག་པའི་མི་ལ་བལྟས་ན་ཁེར་རྐྱང་ཟླ་མེད་དུ་ལུས་པའི་རྣམ་པ་མངོན་འདུག་པས། ཁོ་ཚོའི་འགུག་ཤུགས་ནི་གཉིད་ཁུག་པའི་མི་ལས་ཞན་པར་མ་ཟད་ལྟ་མཁན་རྣམས་ལའང་ཁེར་རྐྱང་ཟླ་མེད་དུ་ལུས་པའི་སྣང་བ་བྱིན་པ་རེད།

རྒྱུན་དུ་གཉིད་མི་ཁུག་པའི་མི་ལ་ཁེར་རྐྱང་གི་སྣང་བ་དྲག་པོ་ཞིག་བྱུང་སྟེ། མི་གཞན་ལ་འབྲེལ་འདྲིས་བྱེད་མི་འདོད་པ་དང་ཐ་ན་སྤྱི་ཚོགས་སྟེང་གི་འབྲེལ་འདྲིས་ལ་གཡོལ་ངེས་པས། དེའི་ནད་རྟགས་ནི་སྤྱི་ཚོགས་འབྲེལ་འདྲིས་འཇིགས་ནད་དང་ཨ་ན་མ་ན་མེད། དེ་ལས་ཀྱང་སྔར་བས་སྡུག་པ་ནི་གཉིད་མི་ཁུག་པའི་མི་དེ་དག་གི་ལུས་སྟེང་གི་འགུག་ཤུགས་ཇེ་ཞན་དུ་སོང་སྟེ། མི་གཞན་པ་ཡང་ཁོ་ཚོར་འབྲེལ་འདྲིས་བྱེད་མི་འདོད། རྒྱུ་མཚན་ནི་གཉིད་མི་ཁུག་པའི་མིའི་ཁེར་རྐྱང་གི་སྣང་བ་དེ་ཕན་ཚུན་ལ་འགོས་སྲིད་པས། གསོན་ཤུགས་ཀྱིས་ཁེངས་བའི་མི་ཞིག་ཀྱང་ཁོ་ཚོ་དང་འབྲེལ་འདྲིས་བྱེད་ཡུན་རིང་ན་ཁེར་རྐྱང་ཟླ་མེད་དུ་ལུས་པའི་སྣང་བ་འབྱུང་སླ།

མིའི་རིགས་ནི་ཚོགས་སྤྱི་ངང་འཚོ་བའི་སྲོག་ཆགས་ཤིག་ཡིན་པས། སྤྱི་ཚོགས་ལ་འབྲེལ་འདྲིས་མི་བྱེད་པར་ཁེར་རྐྱང་དུ་བསྡད་ན་ལྷག་ཏུ་ལུས་སེམས་གཉིས་ཀར་གནད་དོན་འབྱུང་སྲིད། ཁེར་རྐྱང་གི་སྣང་བས་མིའི་ཤི་ཚད45%ཡན་གྱིས་ཇེ་མཐོར་གཏོང་བ་དང་། ཐེངས་འདིའི་ཞིབ་འཇུག་ལས་མངོན་པ་ལྟར་ན། མི་མང་ཤོས་ཤིག་གི་ཁེར་རྐྱང་གི་སྣང་བ་དེ་ནི་གཉིད་མ་ཁུག་པ་ལས་བྱུང་བ་ཡིན་པས། ངལ་གསོ་ལེགས་པོ་བྱས་ཏེ་གཉིད་འདང་ཚོད་ལ་རོལ་རྒྱུ་ནི་ཁེར་རྐྱང་གི་ནད་གསོ་བཅོས་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཡིན་ནོ། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།