ཀྲུང་གོ་བོད་ཀྱི་དྲ་བ།

\"གེགས་རྗེས་ཡམས་ནད་འགོག་པར\"རྩ་དོན་གསུམ་ལ་དོ་སྣང་བྱ་དགོས།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2017-08-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

F2017081416383942967303572.jpg

2017ལོའི་ཟླ8ཚེས8ཉིན། སི་ཁྲོན་ཞིང་ཆེན་གཟི་ཚ་སྡེ་དགུ་རྫོང་དུ་ས་ཡོམ་རིམ་པ7.0བྱུང་བས། རྒྱལ་ཡོངས་ཀྱི་མི་ཚང་མས་སེམས་ཁུར་བྱེད་ཀྱི་ཡོད་པ་རེད། མི་ཚང་མས་གནོད་འཚེའི་གནས་ཚུལ་ལ་སེམས་ཁུར་བྱེད་ཀྱི་ཡོད་པ་མ་ཟད། གནོད་འཚེ་བྱུང་ཁུལ་གྱི་ཡམས་ནད་འགོག་པའི་དོན་ལའང་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད་པ་རེད། དེར་བརྟེན། གེགས་རྗེས་ཡམས་ནད་གང་དག་འབྱུང་བ་དང་། ཡམས་ནད་འབྱུང་བའི་རྒྱུ་རྐྱེན་ཅི་ཞིག་ཡིན་པ། ཇི་འདྲ་བྱས་ན"གེགས་རྗེས་སུ་ཡམས་ནད་མེད་པར"བྱེད་ཐུབ་བམ་ཞེ་ན།

གེགས་རྗེས་སུ་ཡམས་ནད་གང་དག་འབྱུང་སླའམ།

《བཅིངས་འགྲོལ་གི་ཉིན་རེའི་ཚགས་པར་》དུ་སྤེལ་བ་ལྟར་ན། སྔོན་ཆད་ཀྱི་ཉམས་མྱོང་ལ་གཞིགས་ན། གཤམ་གསལ་ཡམས་ནད་དག་ནི་ས་ཡོམ་གྱི་གནོད་འཚེའི་རྗེས་ནས་བྱུང་བ་ཡིན་པ་སྟེ། སྐྱུར་བཤལ་གྱི་ནད་དང་། མཆིན་ནད་ཀ་པ། རྒྱུ་ཚད་ཀྱི་ནད། བཤལ་ནད། རེག་གཤིས་ཀྱི་འཁྲུ་ནད། རྒྱུ་ནད། ཀླད་ནད་ཁ་པ། མཆིན་མཚེར་སྐྲངས་ནད། འདར་ནད། བྱི་ནད། རིམས་ནད་ཅན་གྱི་ཁྲག་དོན་ཚ་ནད། ས་ནད། ཁྱོ་སྨོན་ནད། རྨ་ངན་དུག་མཆེད། སྲིན་གུག་གཅུས་སྒྲིམ་མའི་ནད། ཆམ་རིམས་ཀྱི་ནད་སོགས་རེད། 

གནོད་འཚེ་བྱུང་རྗེས་རིམས་ནད་འབྱུང་བའི་རྒྱུ་རྐྱེན་ཅི་ཞིག་ཡིན་ནམ།

《ཚེ་སྲོག་དུས་བབ་ཚགས་པར་》དུ་སྤེལ་བ་ལྟར་ན། ཡོམ་རྗེས་རིམས་ནད་འབྱུང་རྐྱེན་གཙོ་བོ་ནི་གཤམ་གསལ་གྱི་དག་ཡིན་པ་སྟེ།

༡ གནོད་འཚེ་བྱུང་རྗེས་གང་སར་གད་སྙིགས་དོར་བས། རྒྱུ་ཚད་ཀྱི་ནད་དང་། བཤལ་ནད། སྐྱུར་བཤལ་གྱི་ནད་སོགས་པའི་རིམས་ནད་འབྱུང་བ་དང་འགོས་སླ་བ་རེད།

༢ ས་ཡོམ་བྱུང་རྗེས། བྲོས་བྱོལ་བྱས་པའི་ཙི་ཙི་ཡང་བསྐྱར་རང་གི་སྔར་གྱི་ཚང་དུ་ལོག་པ་དང་། ནད་འབུ་མང་པོ་ཡོད་པའི་ཙི་ཙི་གནས་གང་སར་རྒྱུ་བས། སྡོད་ཁང་རྡིབ་ཚུལ་བྱུང་བའི་རྗེས་ས་འོག་ཏུ་ཚུད་པའི་ཟས་རིགས་གང་བྱུང་དུ་བཟའ་བས། ཙི་ཙིའི་རིགས་ཀྱིས་ཟས་རོ་སྤྱད་ན་ཕལ་ཆེར་རིམས་ནད་ཅན་གྱི་ཁྲག་དོན་ཚ་ནད་དང་བྱི་ནད་སོགས་འགོས་ནས་འཆི་ཉེན་ཆེ་བའི་འགོས་ནད་འབྱུང་བ་རེད།

༣ གནོད་འཚེ་བྱུང་རྗེས་གྲོང་རྡལ་གྱི་ཆུ་འདོན་མ་ལག་ལ་གཏོར་སྐྱོན་ཐེབས་ནས། འཐུང་ཆུའི་ཆུ་འགོར་གད་སྙིགས་དང་། བཟོ་ལས་ཀྱི་གད་སྙིགས། བཙོག་ཆུ། གཞན་ད་དུང་ཕུང་པོ་རུལ་བ་སོགས་ཀྱི་སྦགས་བཙོག་ཚབས་ཆེན་འགོས་འགྲོ་བ་རེད། སྦགས་བཙོག་ཏུ་གྱུར་པའི་ཆུའི་ནང་དུ་ནད་གཞི་འགོས་པའི་འབུ་ཕྲ་མི་ཉུང་བ་ཞིག་ཡོད་པས། རྒྱུ་མའི་འགོས་ནད་ནི་གནོད་འཚེ་བྱུང་རྗེས་འབྱུང་བར་སླ་བའི་འགོས་ནད་ཅིག་ཡིན་པ་རེད།

༤ ཟས་རིགས་ཐང་ཡངས་སུ་བཞག་པས། ཆར་ཆུ་དང་ས་རྡུལ། བཙོག་ཆུ། འབུ་སྦྲང་སོགས་ཀྱིས་བཙོག་པ་བཟོས་ཡོད་པས། དུག་དང་སྐྱོན་ལྡན་དངོས་ཟོག་འགོས་ཉེན་ཡོད་པ་མ་ཟད། ཉི་འོད་ཐད་ཀར་ཕོག་པས། ཟས་རིགས་རུལ་བ་དང་འགྱུར་བའི་དུས་ཚོད་ཀྱང་མགྱོགས་སུ་འགྲོ་བ་རེད། གལ་སྲིད་དོ་སྣང་མ་བྱས་པར་དེའི་རིགས་སྤྱད་ན། གཞི་རྒྱ་ཆེ་བའི་རྒྱུ་མའི་འགོས་ནད་རིགས་འབྱུང་སླ་ལ། གནོད་འཚེ་བྱུང་ཁུལ་མང་ཚོགས་ཀྱི་བདེ་ཐང་ལའང་གནོད་འཚེ་བཟོ་ཉེན་ཡོད་པ་རེད།

ཚན་རིག་དང་མཐུན་པའི་སྒོ་ནས་གེགས་རྗེས་རིམས་ནད་སྔོན་འགོག་ཇི་ལྟར་བྱེད་དགོས་སམ།

ཀྲུང་གོའི་ས་ཡོམ་ཅུད་ཀྱིས་ས་ཡོམ་བྱུང་རྗེས་ཀྱི་མྱུར་སྐྱོབ་ལས་དོན་ཁྲོད་དུ། འཕྲོད་བསྟེན་ཡམས་ནད་སྔོན་འགོག་བྱེད་རྒྱུ་ནི་ཤིན་ཏུ་གལ་ཆེན་ཞིག་རེད་ཅེས་བསྟན་པ་རེད།

ཐོག་མར། "ནད་ཀྱི་རིགས་ནི་ཁ་ནས་ཟོས་པས་འགོས"ཞེས་ཟེར་བ་ཡིན་པས་འཛེམས་རྒྱུར་དོ་སྣང་བྱེད་དགོས། འཐུང་ཆུའི་ཆུ་འགོ་སྲུང་མཁན་ཆེད་མངགས་བསྐོ་དགོས། དོང་ཆུ་དྭངས་མ་ལེན་པ་དང་དུག་སེལ་བྱེད་པ། འཐུང་ཆུ་སྔོན་ལ་གཙང་སེལ་དང་དུག་སེལ་བྱས་རྗེས་འཐུང་དགོས། མྱུར་སྐྱོབ་ཁྲོད་དུ། ཆེད་མངགས་མི་སྣ་མངགས་གཏོང་གིས་མྱུར་སྐྱོབ་ཟས་རིགས་གསོག་ཉར་དང་སྐྱེལ་འདྲེན། གཤམ་སྤྲོད་བཅས་ལ་ལྟ་ཞིབ་བྱེད་དགོས། མྱུར་སྐྱོབ་ཟས་རིགས་དང་སྔོག་འདོན་བྱས་པའི་ཟས་རིགས་ལ་ལྟ་ཞིབ་ཚད་ལེན་བྱས་རྗེས་བཟའ་དགོས། གེགས་ཁུལ་གྱི་ཟ་ཁང་དང་ཚོང་གཉེར་རིགས་ཀྱི་བཟའ་བཏུང་ཚོང་ཁང་ལ་ཞིབ་བཤེར་དང་ལྟ་ཞིབ་བྱེད་ཤུགས་ཆེ་རུ་གཏོང་དགོས། འབུ་སྦྲང་འགོག་པ་དང་ཟས་སྤྱོད་ཡོ་བྱད་དུག་སེལ་དགོས་པ་སོགས་ལ་ལྟ་ཞིབ་སྐུལ་འདེད་གཏོང་དགོས། གཞན་ཡང་། འཆར་གཞི་ཡོད་པའི་སྒོ་ནས་སྦྲང་མ་འགོག་བྱེད་སྟབས་བདེའི་གསང་སྤྱོད་ཁང་བསྐྲུན་པ་དང་། གད་སྙིགས་ཀྱི་རིགས་གཏན་འཇགས་ས་ཆར་བཤོ་བ། ད་དུང་གཙང་སེལ་རུ་ཁག་སྒྲིག་འཛུགས་བྱས་ཏེ་དུས་ལྟར་གཙང་སྦྲ་དང་ངེས་གཏན་ས་ཆར་སྐྱེལ་ནས་གཅིག་གྱུར་ཐོག་ནས་གཙང་སེལ་བྱེད་དགོས།

གཉིས་པ། དུག་སྦྲང་དང་ཤ་སྦྲང་རྩ་མེད་དུ་གཏོང་དགོས་པ། ད་ལྟ་ནི་དབྱར་མཇུག་དང་སྟོན་ཁ་ཚུགས་ལ་ཉེ་བའི་སྐབས་ཡིན་པས། གནོད་སྐྱོན་བྱུང་བའི་མང་ཚོགས་མི་ཉུང་བ་ཞིག་ཁང་པའི་ཕྱི་རོལ་དུ་འདུག་རྒྱུར་དགའ། དེའི་དབང་གིས་དུག་སྦྲང་གིས་རྨུག་ཆེ་བས། ཀླད་ནད་ཀ་པ་དང་འདར་ནད་སོགས་ཀྱི་འགོས་ནད་འབྱུང་སླ་བ་རེད། དེའི་རྐྱེན་གྱིས། སྨན་ཁྱབ་རྒྱ་ཆེན་པོར་བརྒྱབ་སྟེ་དུག་སྦྲང་དང་ཤ་སྦྲང་རྩ་མེད་དུ་གཏོང་དགོས་པ་རེད། གནས་ཡུལ་མི་གཅིག་པའི་ས་རུ་འབུ་སྨན་ཡང་མི་གཅིག་པ་སྤྱོད་དགོས་པ་དཔེར་ན། རླུང་འཁོར་གྱིས་ཁྲོམ་སྲང་ལ་སྨན་རྒྱག་པ་དང་སྨན་གཏོར་འཕྲུལ་ཆས་ཀྱིས་ཁང་པའི་ནང་དུ་སྨན་བརྒྱབ་ནས་དུག་སྦྲང་དང་ཤ་སྦྲང་འཕེལ་ཁོམ་མེད་པར་བཟོ་དགོས། འདར་ནད་བྱུང་ཁུལ་དུ། དུག་སྦྲང་ལ་ངེས་པར་དུ་དོ་སྣང་བྱེད་དགོས། གལ་སྲིད། ནད་པ་ཞིག་གློ་བུར་ཚ་བ་རྒྱས་པ་དང་། མགོ་ན་བ། སྐྱུག་མེར་ལང་བ། སྐེ་སྲ་མོར་གྱུར་པ་སོགས་ཀྱི་ནད་རྟགས་བྱུང་ན། འཕྲལ་མར་སྨན་བཅོས་བྱེད་དགོས།

གསུམ་པ། རྨ་ཁ་སོགས་བྱུང་ན་དུས་ཐོག་ཏུ་སྨན་བཅོས་བྱེད་དགོས་པ། པེ་ཅིང་ཏི་ཐན་སྨན་ཁང་མཆིན་ནད་ལྟེ་གནས་དང་འགོས་ནད་ཚན་ཁག་གི་འགན་འཛིན་སྨན་པ་དཀའ་བཅུ་པ་ཚའེ་ཧའོ་ཏུང་གིས་ཁ་གསབ་བྱས་ནས་མི་མང་པོ་ཞིག་ལ་ས་ཡོམ་གྱི་ཁྲོད་རྨ་ཁ་མང་པོ་ཡོང་བ་རེད། དེར་དུས་ཐོག་ཏུ་སྨན་བཅས་བྱས་ཏེ་རྨ་ཁར་དུག་མཆེད་དུ་འཇུག་མི་རུང་། དེར་མ་ཟད། ས་འོག་ཟབ་ས་ན་ཡོད་པའི་ས་ནད་དབྱུག་འབུ་ཕྲ་ས་ཡོམ་བྱུང་བའི་དབང་གིས་ས་ཐོག་ཏུ་ཐོན་པ་དང་། ས་ངོས་ན་ཡོད་པའི་ས་ནད་དབྱུག་སྲིན་འབུ་ཕྲ་རྨ་ཁར་འགོས་སོང་ན་རྨས་མར་ས་ནད་འབྱུང་ཉེན་ཡོད་པ་རེད། དེའི་རྐྱེན་གྱིས། མང་ཚོགས་ལ་རྨ་ཁ་བྱུང་སོང་ན། དུས་ཐོག་ཏུ་སྨན་བཅོས་བྱས་ཏེ་ནད་འབུ་མི་འགོས་པར་བྱེད་དགོས་ཞེས་བརྗོད་པ་རེད།

རྩོམ་ཡིག་འདི་ནི་པེ་ཅིང་ཏི་ཐན་སྨན་ཁང་ལྟེ་གནས། འགོས་ནད་ཚན་ཁག་གི་འགན་འཛིན་སྨན་པ་དཀའ་བཅུ་པ་ཚའེ་ཧའོ་ཏུང་གིས་ཚན་རིག་རང་བཞིན་ལ་ཞིབ་བཤེར་བྱས་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།