ཀྲུང་གོ་བོད་ཀྱི་དྲ་བ།

སྙིང་རླུང་ནད་ཀྱི་ཟས་སྤྱོད་སྤང་བླང་།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2016-05-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

    སྙིང་རླུང་གི་ནད་ནི་དུས་རྒྱུན་འཚོ་བའི་ཁྲོད་མང་དུ་མཐོང་བའི་སྙིང་ནད་ཀྱི་རིགས་གཅིག་དང་། ཡུན་རིང་དུ་ཁ་ཟས་རོ་ཁ་བའི་རིགས་དང་། ནུས་པ་ཡང་རྩུབ་བསིལ་ཆེ་བའི་ཟས་རིགས་བསྟེན་དྲགས་པ། ལྟོ་དང་གཉིད་ཆག་པ། ལྟོ་སྟོང་ལ་དྲག་ཤུལ་གྱི་ལས་བྱས་པ། བསམ་བློ་དང་བརྩེ་དུང་ལ་ཕོག་ཐུག་ཆེན་པོ་བྱུང་བ། ཁ་ཡི་ལས་ཆེ་བ། ཤུགས་བཀག་པ་དང་ངུས་དྲགས་པ། ཁྲག་མང་ཟགས་དང་འཁྲུ་སྐྱུགས་དྲག་པོས་བཏབ་པ་སོགས་རྐྱེན་གྱིས་ལུས་ལ་ལྷན་སྐྱེས་སུ་གནས་པའི་ཉེས་པ་རླུང་གི་བྱེད་ལས་ལོག་ནས་སྙིང་ལ་ཞུགས་ཏེ་རླུང་ཁམས་འཁྲུགས་པའི་དབང་གིས་བྱུང་བ་ཡིན། ལོ་བཞི་བཅུ་ཡས་མས་བྱུང་མང་ལ་ལྷག་ཏུ་བུད་མིད་རྣམས་ལ་འབྱུང་སླ། ནད་འགྱུར་གྱི་རྟགས་ལ་དབུགས་སྣ་ཐུང་བ་དང་སྙིང་འདར་བ། རོ་རྒྱབ་གཟེར་བ། ཤེས་པ་འཁྲུལ་ནས་ཟི་ཐོམ་བྱེད་པ། མགོ་ཡུ་འཁོར་བ། ཁ་ལྕེ་སྐམ་པ། མཚན་གཉིད་ཆུང་བ། རྨི་ལམ་ཟ་ཟི་མང་བ།ཤུ་ཡུ་འདེབས་པ། འཆལ་གཏམ་མང་བ། གནས་གཅིག་ཏུ་སྡོད་མི་ཐུབ་པ་སོགས་མངོན། འབྲེལ་ཡོད་གཞོགས་འདེགས་བརྟག་དཔྱད་བྱས་ཀྱང་ཁྱད་པར་གྱི་ནད་འགྱུར་མེད་པས་ནད་མེད་པར་ངོས་འཛིན་བྱས་ཡོད། འོན་ཀྱང་ནད་པ་རང་ལ་མཚོན་ན་གོང་གི་ནད་རྟགས་གསལ་པོར་ཡོད་པས་སེམས་ཁམས་མི་བདེ་བ་དང་དུས་ཚོད་ལྟར་གསོ་བཅོས་མ་བྱས་པར་ཡུན་རིང་དུ་འགོར་ན་སྲོག་རླུང་དང་སྨྱོ་བྱེད་དུ་འགྱུར་སྲིད།

  དེ་བས་ནད་གཞི་འདིའི་སྔོན་འགོག་ནི་ཤིན་ཏུ་གལ་ཆེ་ལ་དོ་སྣང་བྱེད་དགོས། ཇི་ལྟར་སྔོན་འགོག་བྱེད་དགོས་ཞེས་ན། ནད་འདི་ཉིད་སློང་བའི་རྐྱེན་ཟས་སྤྱོད་ཀྱི་སྤང་བླང་ངེས་དགོས་ཏེ། ཟས་སྤྱོད་ནི་ནད་རིགས་སློང་བའི་རྐྱེན་གཙོ་བོ་ཡིན་ལ་ཡང་དག་པར་བསྟེན་ཤེས་ན་ནད་གཞི་སྔོན་འགོག་གི་ཐབས་ལམ་དང་གསོ་བཅོས་ཀྱི་གཉེན་པོའང་ཡིན་ཕྱིར། འཚོ་བ་ཟས་ཀྱི་ངོ་བོ་ལྕི་ཡང་དང་བསིལ་དྲོད། དུག་ལྡན་དང་མི་འཕྲོད་པའི་ཁ་ཟས་བསྡམ་པ། ཟས་ཚོད་རན་པར་བཟའ་བ། སྤྱོད་ལམ་ལ་དུས་རྒྱུན་གྱི་སྤྱོད་པ་གཉིད་ལོག་པ་སོགས་དང་ནམ་ཟླ་དུས་དྲུག་གི་སྤྱོད་པ། གནས་སྐབས་ཐུགས་འཕྲལ་གྱི་སྤྱོད་པ་ཤུགས་བཀག་བཅུ་གསུམ་སོགས་ཡང་དག་པར་བསྟེན་རྒྱུ་དང་། སྤྱོད་ལམ་ལུས་ངག་ཡིད་གསུམ་གྱི་སྤྱོད་པ་དགེ་བ་བཅུ་བསྟེན་ཞིང་མི་དགེ་བ་སྤང་བ་བཅས་བྱེད་དགོས། འདིར་སྙིང་རླུང་གི་ནད་པར་ཁ་ཟས་སུ་སྣུམ་བཅུད་ཀྱི་རིགས་གཙོ་བོ་འོ་མའི་འབྲས་ཐུག དཀར་ཉོག འཐེན་ཐུག རྩམ་ཁུ། གྲོ་འབྲས། ཤ་འབྲས་ཁུ་བ། གོ་སྙོད་ཤ་ཚོད་སོགས་དྲོ་བཅུད་འཇུ་སླ་བའི་རིགས་བསྟེན་རྒྱུ་དང་། སྐོམ་དུ་འོ་ཇ་དང་ཆུ་བསྐོལ་དྲོད་འཇམ་སོགས་བསྟེན་ན་ལེགས། ཟས་སྐོམ་དུ་སྐྱ་ལ་བསིལ་བ་བཅུད་མིད་ཀྱི་ཁ་ཟས་སྔོ་ཚོད་རིགས་དང་ཇ་འཁྱགས། ཁ་ཧྥེ། ལྦུ་རག་རིགས་སྤང་དགོས། སྤྱོད་ལམ་དུ་ཡུལ་ཟང་ཟིང་མིན་པའི་དབེན་གནས་དང་མུན་ཁུང་དྲོ་བའི་གནས་སུ་གོས་མཐུག་པོས་གཡོགས་ནས་གཉིད་ལོག་པ་དང་ངལ་གསོ་བྱེད་པ། རྩོལ་བཅག་དྲག་ཤུལ་དང་སྨྲ་བརྗོད་མང་བ་སོགས་ལུས་སེམས་འཁྲུགས་པའི་སྤྱོད་ལམ་སྤང་དགོས།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།