ཀྲུང་གོ་བོད་ཀྱི་དྲ་བ།

རང་བྱུང་གི་འཕགས་པ་མཆེད་བཞི་གང་དག་ཡིན།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2019-06-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

བོད་ཀྱི་ལོ་རྒྱུས་ཐོག་བཤད་སྲོལ་ལ། རྒྱལ་པོ་སྲོང་བཙན་སྒམ་པོས་པོ་ཏ་ལ་ཕོ་བྲང་དམར་པོ་བཞེངས་རྗེས། རང་ཉིད་ཀྱི་སྤྲུལ་པའི་དགེ་སློང་ཞིག་བལ་ཡུལ་དུ་བཏང་ནས་བལ་ཡུལ་གྱི་མཐའ་མཚམས་སུ། ཙནྡན་གྱི་ནགས་གསེབ་ཏུ་ཡོད་པའི་ཤིང་ཙནྡན་གྱི་ལྗོན་ཤིང་གས་སྲུབས་ཡོད་པ་ཞིག་གི་ནང་ནས། རང་བྱུང་དུ་ཐོན་པའི་འཕགས་པ་ལོ་ཀེ་ཤཱ་རའི་སྐུ་བརྙན་མཆེད་བཞི་ཡོད་པ་བོད་དུ་གདན་དྲངས་སྐབས། སྐུ་བརྙན་སོ་སོས་རིམ་བཞིན་གསུང་བྱོན་པ་ལྟར་གཅིག་བལ་ཡུལ་ཡམ་བུ་ཡ་འགལ་དུ་བཞག་པ་འཕགས་པ་འཇའ་མ་ལི། དེའི་འོག་བལ་བོད་ཀྱི་མཐའ་མཚམས་སུ་བཞག་པ་འཕགས་པ་དབུ་ཁང་། དེའི་འོག་ཏུ་མངའ་རིས་མང་ཡུལ་དུ་བཞག་པ་འཕགས་པ་ཝ་ཏི། དེའི་འོག་འཕགས་པ་ལོ་ཀེ་ཤཱ་ར་རྒྱལ་པོ་སྲོང་བཙན་སྒམ་པོའི་མཆོད་ཡུལ་དུ་གདན་དྲངས་པ་དེང་སྐབས་རྩེ་པོ་ཏ་ལའི་འཕགས་པ་ལྷ་ཁང་གི་རྟེན་གཙོར་བཞུགས། དེ་སྔོན་གཙང་པ་རྒྱལ་པོས་དབུས་སུ་དམག་དྲངས་ནས་དགེ་ལུགས་པའི་དགོན་པ་ཁག་གི་ཆོས་ལུགས་བསྒྱུར་བ་དང་། མཆོད་གཞིས་ཕྲོགས་པ་སོགས་ཀྱི་དུས་ཟིང་བྱུང་སྐབས།སྐྱིད་ཤོད་སྡེ་པ་ཨ་དཔལ་གྱིས་སོག་པོར་དམག་རོགས་ཞུ་རྟེན་ཏུ་སྤྲད་དེ་ལོ་འགའ་ཤས་སོག་ཡུལ་དུ་འཁྱར་ཞིང་། རྗེས་སུ་སོག་པོའི་རྒྱལ་མོ་དཱ་ལིའི་གུན་ཇི་ལ་སྟོང་འཁོར་ཧོ་ཐོག་ཐུས་བསྐུལ་མ་གནང་བ་ལྟར་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པར་ཆེད་དུ་འབུལ་བར་འོངས་པ་དང་། པོ་ཏ་ལའི་ཕོ་བྲང་དཀར་པོ་གསར་བཞེངས་ཀྱི་རྟེན་འབྲེལ་མཛད་སྒོ་ཚུགས་པ་གཉིས་མ་བསྒྲིགས་ལྷུན་གྲུབ་ཏུ་འཛོམས་པ་བཞིན། སྔར་གྱི་བཞུགས་ཡུལ་འཕགས་པ་ལྷ་ཁང་རང་དུ་རང་འཇགས་སུ་བཞུགས་སུ་གསོལ་བ་ཡིན། །

《དུང་དཀར་ཚིག་མཛོད་ཆེན་མོ》ལས་བཏུས།

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།