ཀྲུང་གོ་བོད་ཀྱི་དྲ་བ།

མདོ་སྨད་གཅན་ཚ་དོ་རྒྱ་ས་ཁུལ་གྱི་དམངས་ཁྲོད་ཆོས་ལུགས་བྱེད་སྒོ་ཆེན་མོ་མཆོད་འདུའི་སྐོར་གླེང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིན་ཆེན།   སྤེལ་དུས། : 2016-12-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

【ནང་དོན་གནད་བསྡུས།】ཆེད་རྩོམ་འདིའི་ནང་དུ་མདོ་སྨད་གཙན་ཚ་དོ་རྒྱའི་ཡུལ་དུ་དར་བའི་ས་གནས་ཀྱི་ཁྱད་ཆོས་ཡོད་པའི་ཆོས་ལུགས་ཀྱི་ཆོ་ག་ཆེན་མོ་མཆོད་འདུ་ཡི་བྱུང་བ་དང་སྦྲགས་ཏེ་དེའི་སྟེང་གི་བརྩི་བྱའི་སྒྲིག་ལམ་དང་།གྱོན་པ།ཡས་གཏམ་མས་གཏམ་བཅས་ཀྱི་རིམ་པ་ཇི་བཞིན་བཀོད་ཡོད།

【བརྡ་ཆད་གཙོ་བོ།】 མཆོད་འདུ། དོ་རྒྱ། ཨ་མཆོད། ཡས་གཏམ་མས་གཏམ།


གཅིག མཆོད་འདུ་ཡི་བྱུང་བ།

སྤྱིར་བཤད་ན་ས་ཁུལ་མི་འདྲ་བ་གང་འདྲ་ཞིག་ལ་ཐུན་མོང་མ་ཡིན་པའི་ཆོས་ལུགས་ཀྱི་ཆོ་ག་ཞིག་དང་ལུགས་སྲོལ་ཁྱད་པར་བ་ཞིག་དར་ཡོད་ན། གནས་དེ་རུ་དར་རྒྱས་བྱུང་བའི་ཐུན་མོང་མ་ཡིན་པའི་ལོ་རྒྱུས་ཀྱི་རྒྱུ་རྐྱེན་དང་འབྲེལ་བ་དམ་ཟབ་ཏུ་གྲུབ་ཡོད་པས། དེ་ལ་ཅུང་ཞིབ་རྒྱས་སུ་སྤྲས་ན། ཐུན་མོང་མ་ཡིན་པའི་དུས་རིམ་ཞིག་གི་འོག་ཏུ་འཚར་ལོངས་བྱུང་བའི་ཕྱི་རྐྱེན་འཛོམས་པོ་ཞིག་དང་། གནས་དེ་རུ་འཚོ་སྡོད་ཀྱི་གཞི་རྐང་ཚུགས་ཡོད་པའི་མི་རིགས་དེའི་སེམས་ཁམས་དང་བསམ་བློའི་ནང་རྐྱེན་འཛོམས་པོ་ཞིག་ཀྱང་ཡོད་པ་ནི་སྨོས་མ་དགོས་པ་ཞིག་ཡིན་པས། མདོ་སྨད་གཅན་ཚ་དོ་རྒྱ་ས་ཁུལ་གྱི་དམངས་ཁྲོད་ཆོས་ལུགས་ཀྱི་བྱེད་སྒོ་ཆེན་མོ་མཆོད་འདུ་ལ་མཚོན་ནའང་རྐྱེན་འདི་གཉིས་པོ་ལ་བརྟེན་ནས་དར་རྒྱས་བྱུང་བ་ཤ་སྟག་ཡིན། དེ་བས་ཚུལ་འདི་ཇི་ལྟར་དར་བ་བརྗོད་པ་ལ།

གཅིག དེ་ཡང་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་མཉམ་མེད་ཙོང་ཁ་པ་ཆེན་པོ་རྒྱལ་བ་གཉིས་པ་བློ་བཟང་གྲགས་པ་ཞེས་མཚན་ཙམ་ཡང་སྲིད་ཞིའི་རྒྱན་དུ་གྱུར་པ། འཇིག་རྟེན་གྱི་རྒུད་པ་མཐའ་དག་སེལ་ཞིང་། ཐར་བའི་ས་བོན་བཟང་པོ་ངེས་པར་འཇོག་ནུས་པའི་རྫེ་བཙུན་བླ་མ་དེ་ལ། ཐོག་མར་སྐྱེས་རབས་གོང་མ་རྣམས་དང་ལུང་བསྟན་གྱི་གསུང་དང་། གཉིས་པ་སྐུ་ཚེ་འདིར་འཁྲུངས་པའི་སྐོར་དང་ཆུང་དུས་ཀྱི་མཛད་པ་རབ་ཏུ་བྱུང་བ་སོགས། གསུམ་པ་ཐུགས་གཉེར་ལ་ཕེབས་ནས་མདོ་ཕྱོགས་གཙོ་བོར་བྱས་པའི་རིག་པའི་གནས་མཐའ་དག་ལ་མཁས་པར་གྱུར་པ་དང་ལྷ་མོ་དབྱངས་ཅན་མའི་ཞལ་གཟིགས་ཤིང་རྗེས་སུ་བཟུང་བ། བཞི་བ་བསྙེན་པར་རྫོགས་པ་དང་སྔགས་ཕྱོགས་ལ་གཙོ་བོར་སྦྱངས་ནས་མཁས་པར་གྱུར་པ། རྗེ་བཙུན་འཇམ་དབྱངས་ཀྱི་རྗེས་སུ་བཟུང་སྟེ་གདམས་ངག་མང་པོ་གནང་བ། ལྔ་བ་དབེན་གནས་དུ་མར་སྒོམ་སྒྲུབ་ལ་འབད་པས་རྟོགས་པའི་ཡོན་ཏན་ཕུལ་དུ་བྱུང་བ་བརྙེས་ཤིང་བླ་མ་དང་ལྷག་ལྷ་མང་པོས་བྱིན་གྱིས་བརླབས་པ་སོགས་དང་། དྲུག་པ་ལྷ་སའི་སྨོན་ལམ་ཆེན་མོ་མཛད་པ་དང་དགའ་ལྡན་གྱི་གླིང་བཏབ་ནས་མདོ་སྔགས་ཀྱི་འདུས་སྡེ་བཙུགས་པ་སོགས་དང་། རྟོགས་པ་ཁྱད་པར་ཅན་བརྙེས་པ། བདུད་སྡེ་བཅོམ་པ། འཇམ་དབྱངས་ཆོས་རྗེ་ལ་བཀའ་གནང་སྟེ་འབྲས་སྤུངས་བཏབ་པ་སོགས་བསྟན་པ་རྒྱ་ཆེར་སྤེལ་བར་མཛད་པ། བདུན་པ་བྱམས་ཆེན་ཆོས་རྗེ་ལ་བཀའ་གནང་སྟེ་སེ་རའི་གླིང་བཏབ་པ་སོགས་མཛད་པ་དང་། ཤེས་རབ་སེང་གེ་ལ་རྒྱུད་པ་གྲྭ་ཚང་ཚུགས་པར་བཀའ་བསྩལ་ནས་གཏད་པའི་རྗེས་སུ་རབ་བྱུང་བདུན་པའི་ས་མོ་ཕག་སྟེ། སྤྱི་ལོ1419ལོའི་ཟླ10པའི་ཚེས25ཉིན་གྱི་སྔ་དྲོ་ཉི་དྲོད་ཙམ་ལ་གཟིམ་ཁང་འོད་གསལ་སྦུག་ཏུ་སྐུ་གཤེགས། ལོ་བཅུ་དྲུག་ལོན་པའི་ན་ཚོད་དང་ལྡན་པ་ལྷའི་ལུས་ཅན། ཇི་ལྟར་འཇམ་དཔལ་གཞོན་ནུར་གྱུར་པ་རྒྱན་དང་ཆ་ལུགས་སྤངས་ནས། ནང་དུ་ཡང་དག་འཇོག་ལ་མཉམ་པར་བཞག་པ་ཇི་ལྟ་བ་དེ་ལྟར་གྱུར་པ་ན། བཅོམ་ལྡན་འདས་གྲོང་ཁྱེར་རྩྭ་ཅན་དུ་གཟིམས་མལ་གྱི་ཐ་མལ་གཟིམས་ཏེ་མྱ་ངན་ལས་འདས་བའི་མཛད་པ་བསྟན་པ་ན་ལྷ་རྣམས་ཀྱིས་མངོན་པར་མཆོད་པ་ཇི་ལྟ་བ་དེ་ལྟར་གྱུར་ཏོ། །

གཉིས། ཡུལ་འདི་ལ་མཚོན་ནའང་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་སྔོན་ནས་རྒྱ་ཆེར་དར་བ་དང་། ལྷག་པར་དུ་རྗེ་ཙོང་ཁ་པ་མཆོག་གི་མཛད་པ་མཐའ་དག་གི་གཏམ་མེ་ཏོག་གི་ཕྲེང་བ་དེ་སྐལ་བཟང་སྐྱེ་བོ་མཐའ་དག་གི་རྣ་བ་ལ་རེག་པ་ན། དེ་ལ་དད་ཅིང་རྗེས་སུ་གསོལ་བ་མཆི་བའི་བཟློག་མེད་ཀྱི་དད་སྟོབས་ཆེན་པོ་སྙིང་ལ་སྐྱེས་པའི་དུས་དེར། གློ་བུར་ཉིད་དུ་བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་ཀྱི་མཛད་པ་ཇི་བཞིན་དུ་སྐྱོང་ལ་གཞན་དྲིང་མི་འཇོག་པའི་དམ་དེ་ཉིད་སྐུ་མྱ་ངན་ལས་འདས་པའི་ཚུལ་བསྟན་པས། ཡུལ་ཕྱོགས་དེའི་འགྲོ་བ་ཐམས་ཅད་མགོན་དང་བྲལ་བས། ཡིད་མྱ་ངན་གྱིས་བརླམས་ཏེ། མྱ་ངན་གྱིས་རང་དབང་བྲལ་བཞིན་དུ་སྡུག་བསྔལ་གྱིས་བསྐྱོད་པའི་མུ་ཅོར་གྱི་གར་བྱེད་ལ་སྙིང་ལ་གས་ཁ་ཤོར་པའི་ཚུལ་གྱིས་གནས་པའི་སྐབས་དེར། གངས་ཅན་ཡུལ་གྱི་མདོ་སྟོད་སྨད་ཀྱི་ཡུལ་གྲུ་རིས་མེད་ཀྱི་ཕྱོགས་སོ་སོའི་དད་ལྡན་མང་ཚོགས་ཀུན་གྱིས་སྐྱོ་བའི་སེམས་པ་ཆོས་སུ་དྲངས་ནས་དད་སྟོབས་ཆེན་པོས་སྨོན་ལམ་རྒྱ་ཆེར་གསུངས་ཏེ། རྗེ་བདག་ཉིད་ཆེན་པོའི་མཛད་པ་མཐའ་དག་ལ་རྗེས་སུ་ཡི་རང་བྱས། སྐབས་དེ་ཙམ་ན་ཡུལ་མདོ་སྨད་སྤྱི་དང་། ལྷག་པར་དུ་སྨད་མདོ་ཁམས་སྒང་དྲུག་གི་ས་ཡི་ལྟེ་བར་གྱུར་པའི་ཙོང་ཁ་རི་བོའི་འདབས་རོལ་དང་། རྗེ་བདག་ཉིད་ཆེན་པོ་ཁོང་ཉིད་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་སའི་གདན་ས་བྲག་བྱ་ཁྱུང་དགོན་པའི་ཉེ་འཁོར་གྱི་དཔའ་ལུང་དོ་ཞོ་ཁ་སྒང་གི་ས་ཆ་དེ་ལ་དམངས་ཁྲོད་ཆོས་ལུགས་ཀྱི་བྱེད་སྒོ་ཆེན་མོ་མཆོད་འདུ་འདི་ཉིད་དར་རྒྱས་བྱུང་བ་ཡིན་ཞིང་། ཡུལ་ཕྱོགས་དེ་བརྒྱུད་ནས་ཚུར་དོ་རྒྱའི་ཡུལ་གྲུ་འདི་ལ་དར་བའི་གཏམ་དེ་སྔོན་བྱོན་གྱི་རྒན་པོ་དང་ཆོས་དོན་དུ་གཉེར་བ་དག་གི་ངག་རྒྱུན་དུ་གཅིག་མཐུན་དུ་བརྗོད་དོ། །

གཉིས། མཆོད་འདུའི་སྐབས་ཀྱི་གྱོན་པ།

མཆོད་འདུའི་སྟེང་དུ་ཡུལ་དོ་རྒྱ་ལ་མཚོན་ན་སྐྱེས་པ་རྣམས་ཀྱིས་མཆོད་སློག་གྱོན་ཞིང་།མཆོད་སློག་གི་བཟོ་སྟངས་ནི་པགས་པ་གང་མང་གི་ནང་ནས་སྤུ་ཤིན་ཏུ་མཐུག་ལ་རིང་བ་དག་ཆེད་དམིགས་ཀྱིས་བཙལ་ཏེ་བཟོ་སྲོལ་ཡོད་ལ། བཟོ་བའི་དུས་སུའང་གོང་བའི་ཁ་དང་ཡང་ན་སློག་པའི་འདབས་ཁ་སོགས་སུ་རས་དང་གོས་ཕྲུག་ལ་སོགས་པའི་རྒྱན་ཅི་ཡང་མི་འདོགས་པར་པགས་པ་རྐྱང་རྐྱང་གིས་སྐྱ་བོར་བཟོ་ཞིང་། སློག་པའི་ཁོད་ནི་རྒྱུན་ལྡན་གྱི་གྱོན་པ་ལས་ཤིན་ཏུ་ཆེ་ལ་འདབས་ཁ་མར་ལ་རིང་བ་ཡིན། སྤྱིར་བཏང་དུ་དོ་རྒྱའི་ཁྱིམ་ཚང་ཞིག་ཡིན་ན། མཆོད་སློག་རེ་མེད་པའི་ཁྱིམ་ཚང་གཅིག་ཀྱང་མེད།

དུས་ཡུན་དང་བྱེད་སྒོ་ག་འདྲ་ཞིག་གི་འོག་ཏུ་དེ་ལྟ་བུའི་གྱོན་པ་ཞིག་གྱོན་དགོས་ཤེ་ན། དཔྱད་པ་འདི་ལྟ་བུ་ཞིག་གཏོང་བར་རིགས་ཏེ། ང་ཚོ་བོད་མི་རིགས་ལ་མཚོན་ན་རང་ཉིད་ཀྱི་ཕ་མ་དང་གཉེན་ཉེ་འབྲེལ། སྡེ་མི་ལ་སོགས་པ་ཚེ་ལས་འདས་པའི་རྗེས་སུ་གླུ་དང་གར་ལ་མི་རོལ་བ་དང་། མགོའི་སྐྲ་མི་བཀྲུ་བ་དང་མི་བསླེས་པ། ཐོད་ལོག་ལ་སོགས་པ་མི་འདོགས་པ་དང་སྐེ་རགས་ཀྱི་སྣེ་མོ་མར་ལ་མི་དཔྱངས་པ། གྱོན་པ་གསར་བ་མི་གྱོན་ཞིང་། གལ་ཏེ་གྱོན་དགོས་ནའང་མདོག་ཆེན་དང་གོས་ཕྲུག་ལ་སོགས་པའི་རྩ་ཆེན་གྱི་རིགས་མི་གྱོན་པའི་སྲོལ་ཞིག་དར་ཡོད་པ་དེ་ནི་བོད་ཡོངས་ཀྱི་གཅིག་མཐུན་གྱི་ཚེ་ལས་འདས་པ་དེ་ལ་འདུན་བྱེད་སྟངས་ཀྱི་རྣམ་པ་ཞིག་ཏུ་ཆགས་ཡོད། དེས་ན་མཆོད་སློག་གྱོན་པའང་ལུགས་སྲོལ་འདི་དག་ལས་མ་འདས་པར། འདུན་བྱེད་སྟངས་ཀྱི་རྣམ་པ་ཆ་ཚང་ཞིག་གྱོན་པ་ཡི་སྟེང་ནས་མཐོང་ཐུབ་པ་ཡིན། མཆོད་སློག་གྱོན་པའི་དུས་སུའང་ངེས་པར་དུ་བརྩི་འཇོག་བྱེད་དགོས་པའི་གནས་འགའ་འདུག་པ་ནི། གཅིག་ནས་མཆོད་སློག་གྱོན་པའི་དུས་སུ་སྐེ་རགས་ཀྱི་སྣེ་མོ་མར་ལ་དཔྱངས་མི་རུང་། གཉིས་ནས་མཆོད་སློག་གི་འོག་ཏུ་རྐང་སྣམ་གྱོན་མི་རུང་བར་དགེ་སློང་གི་ཚུལ་མཛད་དགོས། གསུམ་ནས་སློག་པའི་འདབས་ཁ་མར་ལ་ཕབ་སྟེ་རྐང་པའི་ཕྱི་རྟིང་དང་མཉམ་པོ་བྱེད་ཅིང་ཧ་ཅང་དམའ་མོར་གྱོན་དགོས། བཞི་ནས་ཕྲག་གཡས་མར་ལ་ཕབ་པ་སོགས་ཀྱང་བྱེད་མི་རུང་པའི་གྱོན་སྟངས་ཐུན་མོང་མ་ཡིན་པ་ཞིག་ཡོད་པ་ཡིན། ལྔ་ནས་མཆོད་སློག་གི་ནང་མ་པགས་པ་རྐྱང་རྐྱང་བྱེད་པ་ལས་ལུ་གུའི་ཚ་རུ་འདྲེས་མི་རུང་བ་བཅས་ཀྱི་སྒྲིག་ལམ་དམ་པོ་ཞིག་ཡོད།

ཕྱོགས་འདི་དག་ནས་བལྟས་ན། བོད་ཁུལ་གྱི་ས་ཆ་གང་ལ་མཚོན་ནའང་ཚེ་ལས་འདས་པའི་གང་ཟག་དེ་ལ་འདུན་བྱེད་སྟངས་ཀྱི་ལུགས་སྲོལ་ཁ་ཚང་ཞིག་གི་རྣམ་པ་རྒྱུན་འཛིན་དང་དང་ལེན་བྱས་ཡོད་པ་ཤེས་ཐུབ་ལ། ཕྱོགས་འདི་དག་ནས་བལྟས་ནའང་ཡུལ་འདི་ཡི་དད་ལྡན་མང་ཚོགས་ཀུན་གྱིས་རྗེ་བདག་ཉིད་ཆེན་མོ་སྐུ་མྱ་ངན་ལས་འདས་པའི་འདས་མཆོད་དང་སྦྲགས་ཏེ་མྱ་ངན་བྱེད་པའམ། མྱ་ངན་བྱེད་པའི་ཉིན་མོ་དེ་ལ་རྗེས་དྲན་བྱེད་པའི་ལུགས་སྲོལ་རྒྱུན་འཁྱོངས་བྱས་པ་ཡིན་པ་མངོན་སུམ་གྱིས་ཤེས་ནུས་སོ། །

གསུམ། མཆོད་འདུ་ཡི་སྒྲིག་ལམ།

སྡེ་འདིར་སྔོན་རབས་ཡབ་མེས་གོང་མ་རྣམས་ཀྱི་དུས་ནས་བཟུང་སྟེ་ཆེད་དུ་བཙུགས་ཤིང་རྒྱུན་འཛིན་དང་དར་སྤེལ་བྱས་ཡོད་པའི་སྲོལ་བཟང་ལྟར་མཆོད་འདུའི་དུས་སུ་སྡིག་སྤོང་དགེ་སྒྲུབ་ཀྱི་ལས་ལ་རྩོལ་བ་བྱེད་དགོས་ཤིང་། ཚགས་དམ་ལ་མང་ཚོགས་ཀྱི་བློ་ཁ་དང་འཚམ་པའི་བཅའ་ཁྲིམས་འགའ་བཅོས་ཡོད། དེ་ནི་ལོ་རེ་བཞིན་དགུན་དུས་ཀྱི་བོད་ཟླ་བཅུ་པའི་ནང་དུ་དོ་རྒྱའི་ས་ཁུལ་གྱི་སྡེ་བ་ཡོངས་ཁ་སྟོད་སྨད་གཉིས་སུ་བགོས་ནས་ཚོགས་དགོས་ལ། ཕྱོགས་ཁག་གཉིས་ཀྱི་ཚོགས་སྲོལ་གྱི་སྒྲིག་ལམ་ནི་གཅིག་རྐྱང་ཡིན། དེའི་མི་ཚད་ཕྱོགས་ཁག་སོ་སོས་རང་རང་གི་སྐོར་ཁག་དེའི་སྡེ་བ་རེ་རེ་ནས་རེས་མོས་སུ་བསྐོར་ཚོགས་བྱེད་དགོས་ཤིང་། སྡེ་བ་གཞན་དག་གི་ཁྱིམ་ཚང་རེ་ནས་སྐྱེས་པ་རེ་མ་ཆད་པར་ཚོགས་འདོན་དུ་ཞུགས་དགོས་ཤིང་། སྡེ་བ་དེར་མཆོད་འདུ་ཚོགས་པའི་དུས་སུ་སྡེ་བ་དེའི་ལོ་བཅུ་བདུན་ཡན་དང་ལོ་ཉི་ཤུ་མན་གྱི་ལོ་ཆུང་རྣམས་ངེས་པར་དུ་ཇ་མ་བྱེད་དགོས་ལ། སྔགས་པ་ཡིན་ཚེ་ཇ་མ་མི་བྱེད་པར་ཚོགས་འདོན་ལ་ཞུགས་དགོས། རང་སྡེའི་ནང་དུ་ཇ་མ་ཡི་ཉམས་མྱོང་ལྡན་པའི་མི་ཞིག་གིས་རེབ་དེའི་ཇ་མའི་འགན་འཁུར་དགོས་ལ། དེའི་མིང་ལ་ཇ་དཔོན་ཞེས་པར་འབོད། དེའི་འཁོར་གྱི་ཇ་མ་རྣམས་ཀྱིས་ཇ་དཔོན་གྱི་ཁ་ལེན་ཚིག་བརྩི་བྱེད་དགོས་ལ། ཇ་ལྡུག་པ་དང་ཐུག་པ་བཅུ་བ་ལ་འགོར་འགྱངས་མི་བྱེད་པའི་ཁག་ཐེག་བྱེད་དགོས། ཇ་ལྡུག་པ་དང་ཐུག་པ་བཅུ་བའི་དུས་སུ་སེམས་ཆུང་དང་གཟབ་གཟབ་བྱེད་དགོས་པ་ཡིན། ཇ་མའི་གྲས་ཀྱི་ལོ་ན་ཅུང་ཆེ་ཞིང་ཉམས་མྱོང་ཡོད་མཁན་གྱི་མི་ཞིག་གིས་འདུ་ཁང་གི་གདུང་གྲལ་དུ་བཀོད་སྒྲིག་བྱེད་པ་དང་། གཞན་དག་རྣམས་འོས་འཚམ་སྒོས་མཐའ་གྲལ་རེ་རེ་ལ་ཇ་དཔོན་གྱིས་བཀོད་སྒྲིག་བྱེད་དགོས། གལ་ཏེ་ཚོགས་མང་གི་ཟས་ལ་འགོར་འགྱངས་བྱས་པའམ། སྤྱིའི་ཆ་ནས་གནད་དོན་བྱུང་བ་ཡིན་ན། ཇ་དཔོན་གྱིས་འགྱོད་བཤག་གི་ཚུལ་དུ་ཕྱག་བརྒྱ་ཚར་རེ་འཚལ་དགོས་ཤིང་། ཇ་མ་གཞན་དག་གིས་ཀྱང་སེམས་ཆུང་མ་བྱས་པའམ་གཟབ་གཟབ་མ་བྱས་པའི་དབང་གིས་ས་ལ་འཕོ་བ་སོགས་གཏན་ནས་བྱེད་མི་རུང་ལ། གལ་ཏེ་དེ་ལྟར་བྱས་ཚེ་དགེ་བསྐོས་ཀྱིས་དབྱུག་པས་རྒྱག་སྲིད་ལ། ཚབས་ཆེན་ཡིན་ན་མཆོད་མེ་སྐོང་བོ་བདུན་རེ་སྒྲོན་དགོས་པ་སོགས་ཀྱི་ཆད་པའང་གཅོད་པར་བྱེད། མཆོད་འདུ་ཨ་མཆོད་རང་ངོས་ནས་ཀྱང་རང་རང་གི་ཟས་སྣོད་སར་འཇོག་མི་རུང་ཞིང་ཕྱི་ལ་འཕོ་མི་རུང་བ། ཟས་ཟ་བ་ལ་ཁ་ནས་ཅག་ཅག་གི་སྒྲ་སོགས་གྲགས་མི་རུང་བ་བཅས་ཡིན། བཤད་སྲོལ་ལ་འདུ་ཁང་ནང་དུ་ཇ་མ་དང་ཨ་མཆོད་སུ་ཡིན་ནའང་ཟས་ནས་འབྲུ་ཙམ་དང་། ཇ་དུང་ཙེ་ཡི་ཆེ་ཆུང་ཙམ་ཡང་ས་ལ་འཕོ་མི་རུང་བར་རང་གཞན་སུ་ཞིག་ལ་མཚོན་ནའང་ཧ་ཅང་ཚགས་དམ་ལ་གོ་རིམ་ཡོད་པའི་སྒྲིག་ལམ་དེ་དག་བརྩི་སྲུང་ནན་མོ་བྱེད་དགོས་པ་ཡིན། ཚོགས་འདོན་གྱི་ཉིན་དག་ལ་ཇ་མ་ཚོས་ཀྱང་ངེས་པར་དུ་བོད་ལ་གྱོན་དགོས་ཤིང་། མ་ཎྀ་འཁོར་ལོ་བཟུང་སྟེ་རྒྱབ་གྲལ་དུ་བསྡད་ནས། མ་ཎྀ་ཡི་གེ་དྲུག་མ་ཟློས་བརྗོད་བར་མ་ཆད་པར་བྱེད་ཅིང་། ངེས་པར་དུ་འདོན་ཆའི་བར་གསེང་དུ་མ་ཎྀ་ཚར་ཁྲི་གསུམ་རེ་ལོངས་དགོས་པའི་ཚད་གཞིའང་གཏན་ཁེལ་བྱས་ཡོད་པ་ཡིན། དེ་ལྟར་ཉིན་གཅིག་གི་ཞལ་འདོན་རྣམས་དལ་བྲེལ་རན་ཞིང་བརྗིད་ཆགས་པ་དབུ་མཛད་དང་བསྟུན་ནས་མགྲིན་གཅིག་ཏུ་གསུངས་དགོས། མཆོད་འདུ་ཨ་མཆོད་སུ་ཞིག་ཡིན་ནའང་ཚོགས་འདོན་གྱི་དུས་སུ་ནངས་ཇའི་ཐོག་ཏུ་མ་སླེབས་པའམ་འདོན་ཆའི་རྗེས་སུ་ཅུང་ཙམ་མ་ཆོད་ན། དེའི་བཤགས་པ་ལ་ཕྱག་བརྒྱ་རེ་འཚལ་དགོས་ཤིང་། ལོ་ལོན་དང་ནད་པ། ཡན་ལག་སྐྱོན་ཅན་གྱི་མི་ལ་སོགས་པའི་དམིགས་བསལ་ཅན་ཡིན་ནའང་ཕྱག་གསུམ་རེ་ངེས་པར་དུ་འཚལ་དགོས་པ་ཡིན། ཚོགས་སུ་ཚུལ་ལྡན་དང་སྤྱོད་བཟང་གི་རྒྱུན་ལེགས་པོར་བསྐྱངས་དགོས་པ་ལས། གལ་ཏེ་ཚོགས་སུ་ཁ་འཛིང་བྱས་པ་ཡིན་ན་མཆོད་མེ་སྙན་དར་དང་། ལག་འཛིང་བྱེད་མཁན་བྱུང་ན་ར་ལུག་བཟང་པོ་རེ་སྡེ་སྤྱིར་ཕུལ་ནས་བཤགས་པ་བྱེད་དགོས། ཆོས་ཐོག་དེའི་དུས་སུ་འཇིག་རྟེན་གྱི་བྱ་བ་དུ་མའི་འགོ་བརྩམས་ན་ལྷ་ཆོས་རྣལ་མར་འགྲོ་དཀའ་བས། ཉིན་དེ་དག་གི་རིང་ལ་སྡེ་དེ་ཡི་མང་ཚོགས་རྣམས་ཀྱང་འབུད་ཤིང་སོགས་ནགས་འཐུ་རུ་འགྲོ་བའམ་ཞིང་ཐོག་ཏུ་ལུད་སྐྱེལ་པ། ཡང་ན་ཞིང་ཐོག་ཏུ་ས་ཚིག་བརྩིགས་པ་སོགས་ཀྱི་ལས་བྱེད་མི་རུང་བ་མ་ཟད། ཁྱིམ་ཚང་ནང་དུའང་བཟའ་འཁོན་སོགས་གཏན་ནས་བྱེད་མི་ཆོག་པ་ཡིན། རྒྱ་བོད་ཀྱི་ཚོང་བ་ལྟ་བུ་ཐག་རིང་ནས་འོངས་པ་རྣམས་ཀྱིས་ཀྱང་སྡེ་བའི་འགྲིག་ལམ་དང་བསྟུན་པ་མ་གཏོགས་གང་དྲན་བྱེད་མི་ཆོག་པའི་སྒྲིག་ལམ་བརྟན་པོ་རེ་ཡོད། ཐམས་ཅད་སྤྱོད་ལམ་དང་མཐུན་པའི་སྒོ་ནས་བསྔོ་བ་བཀྲ་ཤིས་རྫོགས་ཀྱི་བར་ཚོགས་སུ་འདུག་དགོས་ཤིང་། དགེ་བསྐོས་ཀྱིས་ཐོག་མཐའ་བར་གསུམ་དུ་ལྟ་རྟོག་དང་སྐུལ་མ་གང་དྲག་བྱས་ཏེ། དེ་ལྟར་མཆོད་འདུའི་དུས་སུ་རྣམ་དཀར་གྱི་བྱ་བ་འདི་བཞིན་སྒྲུབ་པ་དང་མཆོག་གསུམ་རིན་པོ་ཆེའི་ཞིང་ལ་བརྟེན་པའི་བསོད་ནམས་རླབས་པོ་ཆེ་བསག་ཅི་ཐུབ་བྱས་ནས་འཕྲལ་ཡུན་གྱི་ལེགས་ཚོགས་ལྷུན་གྱིས་འགྲུབ་པར་འགྱུར་བ་ལ་གཅེས་པར་ཟུངས་པ་ཉིད་དུ་བྱ་བའོ། །

བཞི། མཆོད་འདུའི་དུས་ཚོད་དང་དུས་ཡུན།  

བཅུ་པའི་མཆོད་འདུ་ཆེན་པོ་འདི་ཉིད་ནི་ལོ་རེ་བཞིན་བོད་ཟླ་བཅུ་པའི་ཚེས་བཅུ་གཉིས་ནས་འགོ་བརྩམས་པར་བྱེད་ཅིང་། དོ་རྒྱ་ཚོ་སྒོ་དྲུག་གི་མི་ཡོངས་སུ་རྫོགས་པ་སྡེ་བ་གཅིག་ལ་ཚོགས་ན་མི་གྲངས་མང་དྲགས་པའི་དབང་གིས་དོ་རྒྱ་ཡོངས་ཁ་སྟོད་སྨད་གཉིས་སུ་བགོས་ཏེ། ཁ་སྟོད་ཀྱི་སྡེ་བ་དྲུག་པོ་དེ་སྐོར་ཁག་གཅིག་དང་། ཁ་སྨད་ཀྱི་སྡེ་བ་ལྔ་བོ་སྐོར་ཁག་གཅིག་བྱས་ཏེ། ཁ་སྟོད་སྨད་གཉིས་ཀྱིས་རང་རང་གི་སྐོར་ཁག་གི་སྡེ་བ་སོ་སོ་ནས་རེས་བསྐོར་ཏེ་ཚོགས་པར་བྱེད་ཅིང་། སྡེ་བ་རེ་རེ་ནས་ཉིན་གསུམ་ལ་ཚོགས། མཐའ་མཇུག་གི་སྡེ་བ་དེར་ཚེས་ཉེར་ལྔའི་ཉིན་དུ་འདོན་ཆ་ཡི་འགོ་བརྩམས་པར་བྱེད་ཅིང་། ཚེས་ཉི་ཤུ་བདུན་ལ་མཇུག་རྫོགས་པར་བྱེད། ལྷག་པར་དུ་ཚེས་ཉི་ཤུ་ལྔ་ཡི་ཉིན་དུ་ཁེལ་བའི་སྡེ་བ་དེ་ལ་མཚོན་ན། ལོ་མང་པོ་ལ་ཡང་ཡང་དུ་འཕྲད་མི་སྲིད་པའི་གོ་སྐབས་བཟང་པོ་ཞིག་ཏུ་བརྩིས་ནས་ཤིན་ཏུ་གཙིགས་ཆེན་དང་མཐོང་ཆེན་བྱེད་པའོ། །

ལྔ། མཆོད་འདུ་ཡི་ཚོགས་སྟངས།

མཆོད་འདུའི་ཆོས་ཐོག་འདི་ཉིད་ཚོགས་སྟངས་ལ་སྤྱིར་བཏང་གི་ཆོས་ཐོག་ཚོགས་སྟངས་གཞན་དང་འདྲ་སའང་ཡོད་ལ། ལུགས་སྲོལ་གྱི་ཆ་ནས་མི་འདྲ་སའང་ཧ་ཅང་མང་པོ་ཞིག་ཡོད། མཆོད་འདུ་ནི་སྐྱ་བོའམ་ཁྱིམ་པ་རྣམས་ཀྱི་ཆོས་ལུགས་ཀྱི་བྱེད་སྒོ་ཆེན་པོ་ཞིག་ཡིན་ལ། རྣམ་པ་ནི་གདུང་མཆོད་དང་སྨོན་ལམ་གསུངས་པ་ཞིག་ཡིན་པས། སྡེ་ཕྱི་ནང་ཐམས་ཅད་དུ་མཐོང་ཆེན་དང་བརྩི་བཀུར་ཡང་ཆེན་པོ་བྱེད་པ་ཡིན། དོ་རྒྱ་ཚོ་སྒོ་དྲུག་གི་སྡེ་བའི་ཁྱིམ་ཚང་གང་རུང་ཞིག་ཡིན་ན་ཁྱིམ་ཚང་རེ་ཡི་སྐྱེས་པ་རེ་མཆོད་འདུ་ལ་ཞུགས་དགོས་ཤིང་། ཁྱིམ་ཚང་ལ་སྐྱེས་པ་མེད་པའི་ཨ་ཡེ་རྒན་ཚང་ལ་སོགས་པ་ཡིན་ན་དམིགས་བསལ་གྱི་སྒོ་ནས་ཞུགས་པའི་ཐབས་མི་འདུག་ཅིང་། གལ་ཏེ་ཁྱིམ་ལ་བུ་ཆུང་ཡོད་ཚེ་ལོ་བཅུ་བདུན་ལ་སོན་མ་ཐག་ཏུ་མཆོད་འདུ་ལ་ཞུགས་དགོས། གལ་ཏེ་སྡེ་བ་རེ་རེར་ཚོགས་པའི་དུས་སུ་སྡེ་བ་གཞན་དེའི་མཆོད་འདུ་ཨ་མཆོད་ཡོངས་སུ་རྫོགས་པ་ཚོགས་ཡུལ་གྱི་སྡེ་བ་དེའི་མ་ཎྀ་ཁང་གི་གཡས་གཡོན་དང་། སྡེ་བའི་སྟོད་ཕྱོགས་ཀྱི་འོས་འཚམ་གྱི་ས་ཆ་ཞིག་བཙལ་ཏེ་ཨ་མཆོད་གཞན་དང་སྒུག་པར་བྱེད་ཅིང་། སྔ་དྲོ་ནངས་ཇ་འཕྱི་འཐུང་གི་དུས་སུ་མཆོད་འདུ་ཨ་མཆོད་བརྒྱ་བོ་ཡོངས་སུ་རྫོགས་པ་འཛོམས་དགོས་ལ། གནས་དེར་འཛོམས་རྗེས། སྡེ་བ་དེའི་སྡེ་མི་ཡོངས་ཀྱི་རྒན་དར་གཞོན་གསུམ་དང་བུད་མེད་ཚོ་རིམ་བཞིན་གྲལ་བསྒྲིགས་ཏེ་སྔོན་ལ་བུད་ནས་བསུ་བ་བྱེད་ཅིང་འཚམས་འདྲི་གཏོང་ལ། འཚམས་འདྲི་གཏོང་སྟངས་ལ། ཐོག་མར་སྡེ་མི་རྒན་པ་ཞིག་གིས། ཨ་མཆོད་ཚོ་མགྱོགས(པོ་ཡིན་ནམ)ཨ། ཞེས་པའི་མགྱོགས་འདྲི་གཏོང་བར་བྱེད་ལ། དེའི་འཕྲོར། སྡེ་མི་ཡོད་ཚད་ཀྱིས། མཆོད་རྒན་ཚོ་མགྱོགས། (པོ་ཡིན་ནམ)ཨ། མཆོད་ཕྲུག་ཚོ་མགྱོགས(པོ་ཡིན་ནམ)ཨ། ཞེས་པའི་མགྱོགས་འདྲི་དེ་སྒོ་ཆེན་ནང་དུ་འཛུལ་ནས་ཚར་རག་བར་དུ་གཏོང་ལ། མཆོད་འདུ་ཨ་མཆོད་བརྒྱ་བོས་ཀྱང་། མགྱོགས་ཨ་མགྱོགས་ཨ། ཞེས་པའི་ལན་ཡང་དང་ཡང་དུ་འདེབས་ཞོར་དང་སྦྲགས། མ་ཎྀ་པད་དབྱངས་བྱེད་ཞོར་དུ་མ་ཎྀ་ཁང་གི་འདུ་ཁང་ནང་དུ་འགྲོ་བ་དང་ལྷན་འདོན་ཆ་ཡི་འགོ་ཡང་རྩོམ་པ་ཡིན།

དྲུག མཆོད་འདུ་ཡི་གཡེང་བ།

མཆོད་འདུའི་གཡེང་བ་ནི་མཆོད་འདུའི་ཆོས་ཐོག་སྟེང་གི་འདོན་ཆ་ཐུན་མོང་མ་ཡིན་པ་ཞིག་ཡིན་པ་དང་། དེའི་མི་ཚད་མཆོད་འདུ་ཡི་ཆོས་ཐོག་འདིའི་སྟེང་གི་གྲུབ་ཆ་གལ་ཆེན་ཞིག་ཀྱང་ཡིན། རྒྱུ་མཚན་ནི་གཡེང་བ་ཡིན་དུས་སུ་མཆོད་འདུ་ཨ་མཆོད་ཡོངས་རྫོགས་འདུ་ཁང་དུ་བཞུགས་མི་དགོས་པར་རང་རང་ས་ནས་མ་ཎྀའི་ཁ་གྲངས་ཙམ་གསོག་པས་འཐུས་པ་དང་། མཆོད་འདུ་ཚོགས་ཡུན་གྱི་ཉིན་གསུམ་པོའི་ནང་དུ་གཡེང་བ་ནི་ཉིན་རེ་རེ་ལ་ཡོད་ཅིང་། ཚོགས་ཡུན་གྱི་ཉིན་གཉིས་པ་ནི་ཉིན་གཞན་དག་གཉིས་ལས་ངལ་གསོའི་དུས་ཚོད་རིང་བས་མིང་ལ་གཡེང་ཆེན་ཞེས་པར་འབོད། ཉིན་དེའི་དུས་ཚོད་དམ་གོ་སྐབས་དེ་དམ་འཛིན་བྱས་ནས་ཚོགས་ཡུལ་གྱི་སྡེ་བ་དེའི་ཁྱིམ་ཚང་རེ་རེ་ཡིས་མཆོད་འདུ་ཨ་མཆོད་གྲས་ཀྱི་རང་རང་གི་བཟང་ས་རྒྱན་ས་སུ་ཡིན་རང་ཁྱིམ་དུ་བོས་ཏེ་ཤ་དང་ཚོད་མ། པན་ཤུ་ལ་སོགས་པའི་ཟས་རིགས་གང་ལེགས་གྲ་སྒྲིག་བྱས་ཏེ། དེ་ལ་བསུ་བ་བཟང་པོར་བྱེད་པའི་ལུགས་སྲོལ་ཁྱད་པར་བ་ཞིག་ཀྱང་ཡོད་ལ། དེ་ལ་གོང་འོག་བར་གསུམ་གྱི་བྱིས་པ་དང་བསམ་ཤེས་སུ་ཞིག་ཡིན་ཡང་ཧ་ཅང་དགའ་བའི་ཆོས་ཐོག་དེའི་སྟེང་གི་བྱ་འགུལ་གལ་ཆེན་ཞིག་ཡིན། དེའི་མིང་ལ་མཆོད་འདུ་ཡི་གཡེང་འབོད་ཟེར་ལ་ཁ་སྐད་དུ་མཆོད་འདུ་འབོད་རེ་ཡང་ཟེར། སྡེ་བ་གང་དུ་ཕྱིན་ནའང་དེའི་རྣམ་པ་ནི་གཅིག་འདྲ་ཡིན། དེང་སྐབས་མི་དམངས་ཀྱི་ཆ་རྐྱེན་ཇེ་ལེགས་སུ་སོང་བའི་དབང་གིས་ཟས་རིགས་སོགས་གྲ་སྒྲིག་གི་རྣམ་པ་ལའང་འགྱུར་བ་བྱུང་སྟེ་རྣམ་པ་ཕུན་སུམ་ཇེ་ཚོགས་སུ་གྱུར་དང་འགྱུར་བཞིན་པའོ། ། 

བདུན། མཆོད་འདུ་ཡི"ཡས་གཏམ""མས་གཏམ"།

༡.ཡས་གཏམ། "ཡས་གཏམ"གྱི་ནང་དོན་ནི་སྤྱིར་བཏང་དུ་ཁྱེད་མཆོད་འདུ་ཨ་མཆོད་བརྒྱ་བོ་སྡེ་འདིར་ཐོན་ནས་ངེད་སྡེ་བས་ཟ་མ་ཟ་འཐུང་དང་བཞེས་པ་བཞེས་ཆུ། སྲི་ཞུ་བསྙེན་བཀུར།ཞབས་ཏོག་སོགས་ཕྱོགས་གང་ཐད་ནས་ཁྱེད་རྣམ་པར་ཡིད་ཚིམས་ཤིང་བཟང་པོ་ཞིག་སྒྲུབ་མ་ཐུབ་པས། ཁྱེད་ཨ་མཆོད་བརྒྱ་ཐམ་པས་ཐུགས་ནས་བཤགས་སུ་གསོལ་བ་སོགས་ཀྱི་ཞུ་ཚིག་འབུལ་ལ་ཁེངས་སྐྱུང་ཧ་ཅང་ལྡན་པའི་ཚུལ་ཡང་ཡོད་དོ། །ཡས་གཏམ་ལ་གཙོ་ཆེ་བའི་ཆ་ནས་དུས་ཡུན་རིང་བའི་ལོ་རྒྱུས་དང་གཏམ་བཤད་ཀྱི་ནང་དོན། སྐད་ཆའི་སྨྲ་བརྗོད། སྐད་ཆའི་གདངས་དབྱངས་སོགས་ཕྱོགས་གང་ཅིའི་ཐད་ནས་གཏན་འཇགས་ཀྱི་རང་བཞིན་ལྡན། ཡིན་ནའང་བརྗོད་བྱའི་དོན་དང་ཡང་མི་འགལ་བ་མ་ཟད། ཚིག་གི་བབ་ཆགས་པ། ཉན་སྤྲོ་བ་དང་སེམས་དགེ་བར་བསྐུལ་བ། ཆོས་དོན་གཉེར་ལ་ཕན་པའི་སྐད་ཆ་ཉུང་ཉུང་རེ་བཤད་པ་པོའི་ནུས་པ་ལྟར་ཁ་གསབ་བྱས་ན་ཡང་ཆོག་པ་ཡིན། དོན་ནི་འདི་གསུངས་ཚར་རྗེས་སུ་གྲལ་དུ་སོང་ནས་ལག་ཏུ་བཟུང་ཡོད་པའི་འོ་མས་གཏམས་པའི་དཀར་ཡོལ་དེ"མས་གཏམ"བཤད་མཁན་གྱི་མཆོད་འདུ་ཨ་མཆོད་དེའི་ཕྱག་ཏུ་ཕུལ་པའི་རྗེས་སུ་བཤད་བྱའི"ཡས་གཏམ"གྱི་ནང་དོན་ཡང་ཡོངས་སུ་མཇུག་སྒྲིལ་བ་ཡིན།

༢.མས་གཏམ། "མས་གཏམ"ནི་མཆོད་འདུ་ཡི་ཆོས་ལུགས་ཀྱི་ཆོ་ག་ཆེན་པོ་འདིའི་སྟེང་གི་མེད་དུ་མི་རུང་ཞིང་ཆོས་ཐོག་འདིའི་གྲུབ་ཆ་གཙོ་ཞིག་ཡིན། "མས་གཏམ"བཤད་མཁན་ནི་སྡེ་བ་གཞན་ནས་ཕེབས་པའི་མཆོད་འདུ་ཨ་མཆོད་ཀྱི་ནང་མི་ཞིག་ཡིན་དགོས་ལ། སྒོས་སུ་སྡེ་བ་དེའི་ནང་གི་ལོ་ལོན་བསམ་ཤེས་དང་ཁ་བདེ་ལྕེ་བདེ་ཞིག་ཡིན་དགོས། མི་དེ་ཡིས་མཆོད་འདུ་སྤྱི་ཡི་སྒྲིག་ལམ་དང་འབྲེལ་ནས་དེ་ལ་ཕྱིན་ཆད་ཀྱི་རེ་བའང་མང་པོ་ཞིག་འདོན་པར་བྱེད་ལ། ཁ་གཡང་དང་བཅས་ཏེ་མཇུག་རྫོགས་པར་བྱེད་པའོ། །སྤྱིར་བཏང་དུ་མས་གཏམ་གྱི་ཚིག་ནི་བབ་ཆགས་ལ་དཔེ་དོན་འབྲེལ་ཆགས་ཤིང་། ཚིག་དོན་གནད་དུ་ཐིངས་པ། བརྗོད་བྱ་དོན་དངོས་དང་འབྲེལ་བ་བཅས་ཀྱི་ཁྱད་ཆོས་ཀྱིས་ཕྱུག་པ་ཞིག་ཡིན་ལ། དེ་སྐད་གདངས་མཐོ་ལ་སྒྲ་དག་པའི་སྒོ་ནས་བཤད་དགོས་སོ། །

མཆོད་འདུ་འདི་སྔོན་མ་གཡང་རྒན་དག་གིས་དཀའ་བའི་ཚེགས་མང་པོ་བརྒྱུད་ནས་རྐ་ཆེན་པོ་ལྟ་བུ་ལས་བཞག་ཡོད་ཅིང་། དེའི་སྟེང་དུ་གཤོལ་ཆེན་པོ་ལྟ་བུ་དྲུད་ནས་བཞག་ཡོད་པས། ཁྱེད་རྗེས་རབས་ཡོངས་ལ་རྐ་འགྲམ་གྱི་རྡོ་འཐུ་རྒྱུ་ལྟ་བུའི་དཀའ་ལས་མ་གཏོགས་མེད་པས། ཁྱེད་ཨ་མཆོད་བརྒྱ་ཐམ་པས་སེམས་ལ་བཟུང་རྒྱུ་ཞིག་ལ་མཆོད་འདུ་འདི་བཅའ་ཡིག་མེད་པའི་གཏམ་རྒྱུད་ཅིག་ཡིན། དེ་བས་རང་རེ་ཐམས་ཅད་ཀྱིས་ཆོས་ལུགས་ཀྱི་ཆོ་ག་ཆེན་པོ་འདིའི་སྒྲིག་ལམ་འདོན་ཆ་སོགས་ཕྱོགས་གང་ཐད་ལ་བརྩི་འཇོག་གང་ལེགས་རེ་བྱས་ཏེ་ཇེ་རྒྱས་དང་ཇེ་ལེགས་སུ་གཏོང་བའི་ཀུན་སློང་གཙང་མ་རེ་ཡིད་ལ་བཟུང་ནས་འདིའི་ཕྱོགས་ལ་འབད་པ་ལྷོད་མེད་རེ་བྱེད་པའི་རེ་བ་ཞུ་ཞེས་པའོ། །

བོད་མིའི་ཆོས་ལུགས་དང་གོམས་སྲོལ། སྒོས་སུ་སེམས་ཅན་ཀུན་ལ་དད་སྟོབས་དང་ཚུལ་མཐུན་གྱི་སྤྱོད་ལམ་ཀུན་ནས་ཚང་བའི་ཡུལ་གྲུ་འདིར་སྔོན་ནས་དར་བའི་དམངས་ཁྲོད་ཆོས་ལུགས་ཀྱི་བྱེད་སྒོ་ཆེན་མོ་མཆོད་འདུའི་སྐོར་གྱི་བྱུང་བ་ནས་མཇུག་ཚོགས་འདོན་གྱི་བསྔོ་སྨོན་བར་དུ་རང་བློས་དཔོག་ཚོད་ཀྱིས་སྤེལ་བ་དགེའོ། །

《བོད་ཀྱི་དམངས་སྲོལ་རིག་གནས》སྟེང་བཀོད། 

རྩོམ་སྒྲིག་པ། : ཀླུ་མོ་མཚོ།