ཀྲུང་གོ་བོད་ཀྱི་དྲ་བ།

ལབ་ཙེ་དང་འབྲེལ་བའི་དམངས་སྲོལ་རིག་གནས་ཀྱི་བྱེ་བྲག་སྐོར་ཞིག་གི་མཚམས་སྦྱོར།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : པད་དཀར་འབངས་ཀྱིས་བྲིས།   སྤེལ་དུས། : 2016-07-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ལབ་ཙེ་བསྟོད་ཚུལ།

བསྟོད་ཆོག་ལས།  ལབ་ཙེ་འདི་ཡི་རྩེ་མོ་རུ། ། བླ་མ་ཡི་དམ་བཞུགས་སུ་གསོལ། ། ལབ་ཙེ་འདི་ཡི་སྐེད་པ་རུ། ། ཆོས་སྐྱོང་་སྲུང་མ་བཞུགས་སུ་གསོལ། ། ལབ་ཙེ་འདི་ཡི་རྩ་བ་རུ། ། ས་བདག་ཀླུ་གཉན་བཞུགས་སུ་གསོལ། ། ལབ་ཙེ་འདི་ཡི་ཕོ་བྲབ་དུ། ། གཉན་རིགས་འཁོར་བཅས་བཞུགས་སུ་གསོལ། །  གསུངས་པ་ལྟར་གཟའ་སྐར་འཕྲོད་སྦྱོར་ཕུན་སུམ་ཚོགས་པའི་ཉི་མ་ལ། གསོམ་ཤིང་སྨྱུག་མ་སྤེན་མ་སོགས་རྩེ་མོ་རལ་གྲི་དང་མདུང་མགོ་བྱས་པ་ལ་སྐེད་དུ་རྒྱལ་མཚན་བཏགས་པ་ནི་དཔུང་གི་རུ་དར་གྱི་དོད་བྱས་པ་ཡིན་ལ། ལབ་ཙེའི་མདའ་ཤིང་ནི་གསོམ་དཀར་དང་སྨྱུག་མ་སོགས་དྲང་ཞིང་གཙང་བ་ཞིག་ཡིན་དགོས་པ་གཞིར་བཅས།  རིང་ཐུང་སོགས་ནི་མ་ངེས་པ་སྣ་ཚོགས་ཏེ་ཆེ་ཞིང་རིང་བའི་རིགས་ནི་མདའ་གཅིག་སྐྱེ་བོ་གྱད་སྟོབས་རྫོགས་པ་བཞི་ནས་དྲུག་བར་གྱིས་འདེགས་ཐུབ་ཙམ་ལྟ་བུ་ཡོད་པ་དང་།  ཆུང་ཤོས་ནི་སྦོམ་ཕྲ་ལག་ངར་ཙམ་ལ་རིང་ཚད་ཁྲུ་བརྒྱད་ཡས་མས་ཡོད་པ་ལ་སྐེད་དུ་དར་ཚོན་སྣ་ལྔའི་ལྷ་དར་བཏགས་ཏེ་འབུལ་བ་ནི་མཚོན་འབུལ་གྱི་མཆོད་པ་དང་། སྟག་པ། ཤུག་པ། ཉ་ཕྲུག་སོགས་ལ་བལ་དཀར་གྱིས་བརྒྱན་ཏེ་འབུལ་བ་ནི་དྲེག་པ་མཐུ་བོ་ཆེ་རྣམས་ཀྱི་ངོ་སོ་བསྟོད་པའི་རྟེན་འབྲེལ་དུ་འབུལ་བ་ཡིན་ནོ།། ལབ་ཙེ་བསྟད་པའི་ཕན་ཡོན་ནི། སློབ་དཔོན་པདྨ་འབྱུང་གནས་ཀྱིས། བོད་ཀྱི་རྒྱལ་ཁབ་ཆེན་པོ་ལ། ། རྒྱལ་བོའི་ལབ་ཙེ་རི་རྩེར་བརྩིགས། ། རྒྱལ་སྲིད་ཆོས་བཞིན་དར་བ་དང་། ། སྲིད་ཞི་ཕྱོགས་བཞིར་བསྟན་པར་མཛད། ། བཙན་པོའི་ལབ་ཙེ་གོང་ཁར་བརྩིགས། ། བཙན་ཕྱུག་འཕན་གསུམ་འཛོམས་པ་དང་། ། ཐབས་ཤེས་གཟི་དཔང་རྒྱས་པར་མཛད། ། རྨང་བོའི་ལབ་ཙེ་ཁེལ་ཀར་བརྩིགས། ། རྨང་བོའི་མི་རྒྱུད་གྲོལ་བ་དང་། ། མི་ནོར་ཟས་གསུམ་འཕེལ་བར་མཛད། ། ཡུག་པོའི་ལབ་ཙེའི་འཕྲང་ཁར་བརྩིགས། ། མི་ནད་ཡམས་ནད་ཆད་པ་དང་། ། བདེ་སྐྱིད་དགེ་བ་རྒྱས་པར་མཛད། ། ཅེས་གསུངས་པ་ལྟར་རོ།།

ཙོང་ཁ་ལབ་ཙེ་ཆེན་མོའི་ངོ་སྤྲོད།

 དེ་ཡང་། འཛམ་གླིང་གོ་ལ་ཟླུམ་པོའི་ཡང་རྩེའི་གངས་ཅན་སྨན་ལྗོངས་ཕྱུག་མོ་འདི་ལ་མདོ་དབུས་ཁམས་གསུམ་དུ་ཕྱེས་པའི་ནང་གསེས་མདོ་སྨད་ཡེར་མོ་ཐང་གི་ལྟེ་བ། རྨ་ཆུ་དལ་འབབ་རིང་མོ་དང་རི་རྒྱུད་ཙོང་ལ་རིང་མོ་གཉིས་གཡུ་འབྲུག་ཕོ་མོའི་ཟོལ་དུ་འཁྱུག་པའི་ཕོ་འབྲུག་གི་སྒལ་སྟེང་ན་ཡིད་བཞིན་འདོད་རྒུ་ཀུན་འབྱུང་གི་ནོར་བུས་བརྒྱན་པ་ལྟ་བུའི་ཙོང་ཁ་ལབ་ཙེ་ཆེན་མོ་འདི་ནི། གནམ་ལ་བཀྲ་ཤིས་པའི་འཁོར་ལོའི་རྩིབས་སྟོང་དང་ལྡན་པ། ས་ལ་དགེ་བཅུའི་མེ་ཏོག་གི་འདབ་མ་རྣམ་པར་རྒྱས་པ། བར་ན་ལྷ་ཀླུ་གཉན་གསུམ་ཁ་བ་བུ་ཡུག་ལྟར་འཚུབ་ཅིང་ཕྱྭ་གཡང་གིས་ཁྱབ་པ་སོགས་རང་བྱུང་གི་མཚན་མ་མང་བོས་རྣམ་པར་ཕྱུག་པས། གྲུབ་པའི་དབང་ཕྱུག་སྐྱབས་མགོན་ཞབས་དཀར་བ་ལ་སོགས་པ་གསར་རྙིང་རིས་མེད་ཀྱི་བླ་མ་མང་བོས་སྒྲུབ་སྦྱོང་བྱེད་ས་གལ་ཆེན་ཞིག་ཀྱང་ཡིན་པས། གནས་འདི་ནས་ལབ་ཙེ་བསྟོད་པ་དང་རླུང་རྟའི་ཀ་འཛུགས། སྡེ་བརྒྱད་མཆོད་པ། བསང་གཏོང་བ། དར་ལྕོགས་འཐེན་པ། རླུང་རྟ་འདོག་པ་སོགས་བྱས་ན་གནས་གཞན་ལས་ཁྱད་དུ་འཕགས་པའི་ཕན་ནུས་ལྡན་པར་བཤད།གནས་འདི་ནི་ཟི་ལིང་དང་སྐུ་འབུམ་བརྒྱུད་དེ་རི་བོ་ཉི་ཟླ་དང་མཚོ་སྔོན་པོ། རྨ་ཆུ་དལ་འབབ་རིང་མོ་ཆེས་དྭངས་མོའི་མཚན་སྙན་འབར་བའི་ཁྲི་ཀ་གསེར་མོ་ལྗོངས། བཱ་ཡན་བྱ་ཁྱུང་དགོན་དང་ལྡི་ཚ་དགོན། རྒྱལ་ཁབ་རིམ་པའི་ནགས་ཚལ་སྤྱི་གླིང་ཁམས་ར་སོགས་མཚོ་སྔོན་པོའི་མཐའ་འཁོར་གྱི་གནས་ཆེན་མང་བོར་མཇལ་སྐོར་འགྲོ་བའི་ལམ་གྱི་གནད་འགག་ན་ཆགས་ཡོད་པས་འགྲིམ་འགྲུལ་ཧ་ཅང་སྟབས་བདེ།

༄༅ལྷ་བསང་གི་སྐོར་ཉུང་ཙམ་གླེང་བ།

སྤྱིར་བསང་ཟེར་བ་ནི་ངོ་བོའམ་གོ་དོན་གྱི་ཆ་ནས་བཤད་ན།  ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་གྱིས།  དག་བྱེད་དྲི་ཞིམ་གྱི་ཆོ་ག་གང་ཞིག  ཉེས་སྐྱོན་གྱི་སྒྲུབ་བྱེད་ཐམས་ཅད་བྱང་ཞིང་། བདེ་ལེགས་སྟེར་བའི་ནུས་པ་དང་ལྡན་པ། ཞེས་གསུངས་པ་ལྟར། དག་བྱེད་དྲི་ཞིམ་རྫས་ཀྱི་ནུས་པས་ཉེས་སྐྱོན་འབག་གཙོག་བྱང་བར་བྱེད་ཅིང་། བདེ་ལེགས་སྟེར་བའི་ཆོ་ག་ཞིག་ལ་བསང་ཟེར། ཤེས་པར་རློམ་པ་འགའ་ཞིག་གི་རྣམ་རྟོག་ལ་བསང་གཏོང་བའི་སྐབས་སུའང་སྐྱབས་གསུམ་གཙོ་བོ་དང་འཇིག་རྟེན་པའི་ལྷ་ཀླུ་ཞར་བྱུང་དུ་སྨྲ་བ་ནི། མཆོད་རྟེན་ནག་འཇམ་མེར་བཞག་ནས་བྲག་ལ་དཀར་རྩི་བྱུག་པའི་དཔེ་ལྟར་དེ་ཙམ་འགྲིག་པར་མི་སྣང་སྟེ། རྒྱལ་མཆོག་ལྔ་བ་ཆེན་པོས། དེང་དུས་ལྷ་ཀླུ་ཞར་བྱུང་ཙམ་བྱས་ནས། ། བླ་མ་ཡི་དམ་གཙོར་བྱས་བསང་ཡིག་རྣམས། ། དགོས་དོན་མ་རྟོགས་གྱ་ཚོམ་སྨྲ་བའི་ཚིག ། མཆོད་རྟེན་ནག་འཇམ་བྲག་ལ་དཀར་རྩི་བཞིན། ། ཞེས་གསུངས་པ་ལྟར་རོ།། དེ་ལ་འདིར་ལྷ་བསང་གི་ཁུངས་དང་། ལྷ་བསང་གཏོང་ཡུལ། ལྷ་བསང་གི་རྫས། རྫས་མ་དག་པའི་ཉེས་སྐྱོན། ལྷ་བསང་གཏོང་བའི་གནས་དང་དུས། ལྷ་བསང་གི་ཕན་ཡོན་བཅས་ས་བཅད་དྲུག་གིས་བཤད་པར་འདོད་དོ།།

དང་བོ།  ལྷ་བསང་གི་ཁུངས།

རྒྱལ་དབང་ལྔ་བ་ཆེན་མོས་བསང་གི་སྲོལ་ཐོག་མར་གཡུང་དྲུང་བོན་གྱིས་བཏོད་པར་བཞེད་དེ། གངས་རིའི་དཔལ་ལྡན་སཱ་ལའི་ལྗོངས་ཆེན་པོའི། ། ལྷ་ཀླུ་གཞི་བདག་དགའ་བར་བྱེད་པའི་བསང་། ། ཞང་ཞུང་གཤེན་རབ་མེས་པོའི་རྗེས་འབྲང་བའི། ། གཡུང་དྲུང་བོན་གྱིས་སྲོལ་བཏོད་ཐོག་མར་དར། ། ཞེས་གསུངས་སོ།། དེ་ལས་གཞན་མདོ་རྒྱུད་རྣམས་སུའང་བསང་གི་ཁུངས་མེད་པ་མ་ཡིན་ཏེ། མ་གྷ་དྷ་བཟང་མོས་བཅོམ་ལྡན་འཁོར་བཅས་སྤྱན་འདྲེན་སླད་དུ་སྤོས་དང་མེ་ཏོག་ཁྱེར་ནས་ཁང་བཟང་གི་རྩེར་འཛེག་སྟེ་གསོལ་བ་བཏབ་པ་དེ་དང་། གསེར་འོད་དམ་པའི་མདོ་ལས་ཀྱང་། བཙུན་པ་བཅོམ་ལྡན་འདས་གསེར་འོད་དམ་པ་མདོ་སྡེ་དབང་བོའི་རྒྱལ་བོ་དེ་ལ་མཆོད་པའི་སླད་དུ་བདུག་པ་སྣ་ཚོགས་ཀྱི་འཁྲི་ཤིང་དག་འབྱུང་བར་འགྱུར་ཏེ། དེ་དག་སྐད་ཅིག་ཐང་ཅིག་ཡིད་ཙམ་དེ་ལ་རྒྱལ་བོ་ཆེན་པོ་བདག་ཅག་བཞིའི་རང་རང་གི་ཁང་བའི་སྟེང་གི་བར་སྣང་ལ་སྤོས་དང་བདུག་པ་སྣ་ཚོགས་ཀྱི་འཁྲི་ཤིང་དག་གི་གདུགས་རྣམས་སུ་གནས་པར་འགྱུར། ཞེས་དང་། ཐུའུ་བཀྭན་ཆོས་ཀྱི་ཉི་མས། གསང་འདུས་རྩ་རྒྱུད་སོགས་སུ། དྲི་ལ་རྣམ་གསུམ་ཤེས་བྱས་ནས། ། ཞེས་པའང་བསང་གི་ཁུངས་སུ་བཀོད་དོ།། བཤད་ཚུལ་ཕྱི་མས་སྔ་མ་རྫུན་པར་འགྱུར་བའང་མ་ཡིན་ཏེ། ལྔ་བ་ཆེན་པོས་གསུངས་པ་ནི་བོད་དུ་བསང་བྱུང་བ་ཐོག་མར་བོན་ནས་དར་བ་དང་། གཞན་དག་གིས་ནང་བའི་གཞུང་ནའང་བསང་གི་ཁུངས་ཡོད་པར་བཤད་པ་ཡིན་པས་མི་འགལ་བའམ། ཡང་ན། རྒྱལ་དབང་ལྔ་བས་བོད་དུ་བསང་གི་ཐོག་མའི་བྱུང་རིམ་དང་། གཞན་དག་གིས་བོད་དུ་བསང་གསོལ་ཐོག་མར་བྱུང་ཚུལ་བཤད་པ་མ་ཡིན་པར་ནང་བའི་གཞུང་ན་བསང་གི་ཁུངས་ཡོད་པར་སྨྲས་པ་ཡིན་པས་མི་འགལ་ལོ།།

གཉིས་པ། ལྷ་བསང་གཏོང་ཡུལ།

བསང་གཏོང་ཡུལ་ལ་མགྲོན་ཚན་བཅུ་གཅིག་གི་དབྱེ་བ་བཤད་པ་སོགས་ཡོད་མོད། གྲངས་ཆོད་པར་དཀའ་སྟེ། རྒྱལ་མཆོག་ལྔ་བ་ཆེན་པོས། སྤངས་རྟོགས་ཡོན་ཏན་ཕ་མཐའ་གཞལ་དཀའ་བས། ། ཡེ་ཤེས་ལྷ་ཡི་ཚད་བཟུང་ག་ལ་ནུས། ། གྱ་གྱུའི་སེམས་ཀྱི་རོལ་བ་མཐའ་ཀླས་པས། ། འཇིག་རྟེན་ལྷ་འདྲེ་གྲངས་ཀྱང་ག་ལ་གཞལ། ། ཞེས་གསུངས་པ་ལྟར་རོ།། རིགས་ཀྱིས་བསྡུས་ན། ༡ དཀོན་མཆོགས་སྲི་ཞུའི་མགྲོན་པོ་སྟེ་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་ཉན་རང་འཕགས་པ་རྣམས་དང་། ༢ མགོན་པོ་ཡོན་ཏན་གྱི་མགྲོན་པོ་སྟེ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་རྣམས་དང་། ༣ རིགས་དྲུག་སྙིང་རྗེའི་མགྲོན་དང་། ༤ གདོན་བགེགས་ལན་ཆགས་ཀྱི་མགྲོན་རིགས་ཏེ་བཞིའོ།། དེ་ཡང་མགྲོན་དང་བོ་མཆོད་པས་བསོད་ནམས་ཀྱི་ཚོགས་རྒྱ་ཆེན་གསོག་ཅིང་ཐུགས་རྗེས་སྐྱོབ་པ། མགྲོན་གཉིས་པས་ཕན་པ་སྒྲུབ་ཅིང་བར་ཆད་སེལ་བ། མགྲོན་གསུམ་པས་གཞན་དོན་འགྲུབ་ཅིང་ཐེག་ཆེན་པོར་འགྱུར་བ། མགྲོན་བཞི་བས་ཤ་འཁོན་ཞི་ཞིང་ཕྱིན་ཆད་གནོད་པ་མི་བྱེད་དོ།། ཚ་གསུར་གྱི་སྐབས་མ་གཏོགས་རིགས་དྲུག་གདོན་བགེགས་ལ་བསང་བསྔོ་མིན་ལ་དོགས་པ་ཅུང་སྣང་མོད། རྒྱགས་བརྔན་ལྟར་དང་། ཐུའུ་བཀྭན་བསང་ཡིག་ལས། གདོན་བགེགས་ལན་ཆགས་ཤ་འཁོན་གཉེར་བ་དང་། ། དྲི་ལ་སྤྱོད་པའི་མི་མིན་འབྱུང་བོའི་ཚོགས། ། མདོར་ན་བསངས་ཀྱི་མགྲོན་དུ་འོས་པའི་རིགས། ། ཇི་སྙེད་མཆིས་པ་ཐམས་ཅད་གནས་འདིར་གཤེགས། ། ཞེས་གསུངས་པར་གཞིགས་ན་བསྔོས་ཀྱང་འགལ་བ་མེད་པར་སེམས། འདིའི་དོགས་གཅོད་ཁོ་བོས་གཞན་དུ་བྲི་འདོད།

གསུམ་པ། ལྷ་བསང་གི་རྫས།

རྡོ་སོལ་གྱི་མེ་མི་རུང་བར་ཐུའུ་བཀན་ཆོས་ཀྱི་ཉི་མས་གསུངས་ཤིང་ བ་ལྕི་དང་ཤིང་དང་སོལ་བའི་མེ་གང་རུང་སྟ་གོན་བྱའོ། བསང་རྫས་ལ་ཡོངས་གྲགས་སུ་རིན་ཆེན་སྣ་ཚོགས་དང་། དར་ཟབ། འབྲུ་སྣ། སྨན་སྣ། ཤིང་སྣ། རི་བཟང་བོའི་རྩི་སྔོན་སྣ་ཚོགས། མར་གྱིས་སྤྲུས་པའི་གསང་རྩམ། དཀར་གསུམ། མངར་གསུམ་བཅས་དང་། ཡང་ན་འཕྲིན་ལས་བཞིའི་བསང་ཤིང་གི་དབང་དུ་བྱས་ན། རཱ་ག་ཨ་སྱའམ་མཁས་གྲུབ་ཆེན་མོ་ཀརྨ་ཆགས་མེད་ཀྱིས། སུར་དཀར་དུང་ལོ་ཞི་བའི་ཤིང་། ། སྟག་པ་གསེར་ལོ་རྒྱས་པའི་ཤིང་། ། ཤུག་པ་ཙན་དན་དབང་གི་ཤིང་། ། ཨ་གར་དྲི་དང་དྲག་པོའི་ཤིང་། ། ཞེས་དང་།   ཡང་འབུལ་ཡུལ་གྱི་དབང་དུ་བྱས་ན། དེ་ཉིད་ཀྱིས། བ་ལུ་དཀར་བོ་ལྷ་ཡི་ཤིང་། ། འོམ་བུ་ཀླུ་ཤིང་སྨན་གྱི་ཤིང་། །སྟག་པ་སེར་བོ་གཉན་གྱི་ཤིང་། ། སྤེན་མ་དངོས་གྲུབ་གཡུང་དྲུང་ཤིང་། ། ཞེས་གསུངས་པ་ལྟར་རོ།། ཐུའུ་བཀན་ཆོས་ཀྱི་ཉི་མས། ཤུག་པ། མཁན་པ། བ་ལུ་གསུམ་བསང་རྫས་མཆོག་ཏུ་གསུངས་སོ།།

བཞི་བ། བསང་རྫས་མ་དག་པའི་ཉེས་སྐྱོན།

བསང་རྫས་དེ་དག་འབག་བཙོག་གིས་མ་གོས་པར་གཙང་བར་བྱེད་པ་ཆེས་གལ་ཆེ་བ་ཡིན་ཏེ། མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱིས། བསང་མ་ཚར་བར་དུ་ཤ་ཁྲག་དང་། ཆང་སྒོག་སོགས་བཟའ་བ་དང་བཏུང་བ་སོགས་བྱས་ན་གཞི་བདག་ཐམས་ཅད་རྒྱལ་ནས་འགྲོ་བས་མི་རུང་། བསང་རྫས་རྣམས་ལ་དམེ་ཕོ་སྡིག་ཅན་གྱིས་བསང་ཤིང་འཐུ་བ་དང་། ཡུགས་ས་མས་ཕྱེ་ཕུད་འཐག་པ་དང་། སེར་སྣས་འབག་པ་དང་། མི་གཙང་བའི་རྫས་དང་། ཚེར་མ་ལ་སོགས་པའི་དུག་ཤིང་ལ་འཛེམ། ཆོ་ག་གཞན་མ་ཤེས་པ་ལ་སྐྱོན་འགལ་ཆུང་། བསང་མ་ཤེས་ན་འཇིག་རྟེན་ཁམས་ཀྱི་གཞི་བདག་ཕྲག་དོག་ཆེ། ཀླུ་དང་ས་བདག་གཉན་རྣམས་ལ་མཐོང་དུག་དང་། བལྟས་དུག  ཁ་རླངས་ཀྱི་དུག་སོགས་ཡོད་པས་དམིགས་རིམ་དང་ཆོ་ག་ཤེས་པ་གལ་ཆེ། ཞེས་དང་། ཡང་རྗེ་དེ་ཉིད་ཀྱི་ཞལ་ནས། ཉིན་ཞིག་ཁོ་བོའི་ཉམས་སྣང་ལ་གཞི་བདག་མང་བོས་འོ་དོད་བོས་ཤིང་བརྒྱལ་བ། ན་བ། ལོང་བ། ལུས་ལ་རྣག་ཁྲག་ཆུ་སེར་བབས་ནས་ངུ་འབོད་བྱེད་པ་མཐོང་བར། རྒྱུ་མཚན་དྲིས་པར། ཁོ་ཚོ་དམ་ཉམས་སྔགས་པ་ཞིག་གིས་བསང་མགྲོན་དུ་བཀུག་པ་དང་། དམེ་ཅན་ཞིག་གིས་བསང་ཤིང་འཐུས་པ་དང་། རྩི་བཅུད་འོ་ཞོ་ལ་མི་དང་ཁྱི་དམར་ཞིག་གིས་འཐུང་འཕྲོ་དང་། མར་ལ་བུད་མེད་ཅིག་གིས་མཚན་མར་རེག་ནས་ལག་པ་མ་བཀྲུས་པ་སོགས་ཀྱི་སྐྱོན་འགའ་ལས་ཉེས་ཚུལ་གསུངས་སོ།། རྒྱལ་སྲས་འཇིགས་མེད་ཡེ་ཤེས་གྲགས་པས། གཙང་མིན་དབྱེ་བ་མེད་པའི་གང་བྱུང་ནས། ། རྣམ་རྟོག་རྩིང་བོས་བསྒྲུབས་པའི་བསང་ཤིང་རྣམས། ། གང་བྱུང་གནས་སུ་འོང་བའི་མི་གཙང་བ། །འབུ་སྲིན་མང་བོ་བཅས་ཏེ་བསྲེགས་པ་མཐོངས། ། མི་གཙང་གིས་བགོས་རྡོག་པས་བརྫིས་པ་ཡི། ། བསང་ཤིང་དུད་པས་སླར་ཡང་མི་གཙང་འགྱུར། ། འབུ་སྲིན་མང་བོར་བཅས་ཏེ་བསྲེགས་པ་ཡིས། ། གཞོབ་དང་སྡིག་ཚོགས་མང་བོའི་བསང་དེ་དོར། ། ཞེས་གསུངས་ཤིང་། ཐུའུ་བཀྭན་ཆོས་ཀྱི་ཉི་མས་ཀྱང་། དེང་སང་བསངས་ཀྱི་ལག་ལེན་དར་ཆེ་ཡང་། ཕལ་ཆེར་གྱིས་བསང་རྫས་རྣམས་འབད་རྩོལ་མི་བྱེད་པར། ཡུལ་ལུགས་དང་སྒོ་བསྟུན་ནས། ཤིག་གང་བྱུང་གི་དུ་བ་གཏུལ་བ་ལ་ཕྱེ་མར་ཅུང་ཟད་རེ་བཏབ་པས་ཆོག་པར་བྱེད་པ་སྣང་མོད། དེ་ལ་མཆོག་དམན་གྱི་མགྲོན་དགྱེས་པ་བསྐྱེད་པ་དང་། དེའི་མཐུས་རང་གི་འདོད་དོན་འགྲུབ་པ་སོགས་ཀྱི་ཕན་ཡོན་ཇི་བཞིན་འབྱུང་བ་དཀའ་གསུངས་སོ།། དེ་ལྟར་སླ་ཆོས་སུ་མི་གཏོང་བར་བསང་རྫས་རྣམས་འགང་ཆེ་ས་དང་བཟང་གྲས་ནས་ཕུད་དུ་ལེན་པ་གལ་ཆེའོ།།

ལྔ་བ། ལྷ་བསང་གཏོང་བའི་གནས་དང་དུས།

ལྷ་བསང་གཏོང་བའི་གནས་ནི་ལྷ་ཀླུ་ཁྱད་པར་ཅན་གནས་པའི་སའམ། ལྷ་རྟེན་ལ་སོགས་པའི་དྲུང་ངམ། རིའི་རྩེ་མོའམ། བླ་གབ་མེད་པའི་ས་ཕྱོགས་གཙང་མ་ཡིད་མཐུན་གྱི་གནས་སུ་བྱེད། བསང་གཏོང་བའི་དུས་ནི། མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱིས། རྒྱུན་བསང་ཆགས་མེད་ལ་ནི་བརྩི་སྲོལ་མེད། ། བསང་བརྒྱ་བཏང་བ་རྒྱུན་བསང་དབུ་འཛུགས་ལ། ། སྐར་སྐྱོན་མེད་ཅིང་གཟའ་སྐར་བཟང་བ་གཅེས། ། ཞེས་རྒྱུན་བསང་ལ་གཟའ་སྐར་བརྩི་ཚུལ་མེད་ཅིང་། དེ་མ་ཡིན་པར་བར་བར་དུ་དམིགས་ཀྱིས་བསང་མཆོད་བྱེད་ན་ཡར་ཚེས་དང་དུས་ཆེན་བརྒྱད་སོགས་གཟའ་སྐར་ལེགས་པའི་ཉིན་མོར་བྱེད་དེ། ཐུའུ་བཀྭན་ཆོས་ཀྱི་ཉི་མས། རྩིས་གྲངས་བཟང་བོའམ། ཞེས་གསུངས། ལྷ་བསང་གི་སྐར་མ་ནི། མོན་གྲེ། མེ་བཞི། མོན་གྲུ། མགོ། མཆུ། ལྷ་མཚམས། ཆུ་སྟོད། ཆུ་སྨད། དབོ། ས་རི། ནམ་གྲུ། སྣར་མ། རྒྱལ། བྱི་བཞིན། ཁྲིམས་སྨད། སྨིན་དྲུག་རྣམས་ལ་བཟང་། ཡང་ན་རོང་བོ་ཐོས་བསམ་གླིང་གི་སྐར་མཛོད་ཆེན་མོ་ན་གསལ་བ་ལྟར།

རྒྱ་ལོའི་ཚེས  ༢   ༤   ༡༦  ༢༨ 

ཟླ་གཉིས་པའི་ཚེས  ༤   ༡༡   ༢༢   ༢༦  

ཟླ་གསུམ་པའི་ཚེས   ༥   ༦   ༡༥   ༡༧   ༢༧

ཟླ་བཞི་བའི་ཚེས   ༧   ༡༡   ༡༣   ༡༤   ༡༦   ༢༧

ཟླ་ལྔ་བའི་ཚེས    ༤   ༧    ༡༡    ༡༧   ༢༡   ༢༥

ཟླ་དྲུག་པའི་ཚེས ༤   ༥   ༡༠   ༡༢   ༡༥  ༡༧  ༢༢

ཟླ་བདུན་པའི་ཚེས  ༣   ༥   ༡༠   ༡༧   ༢༠   ༢༡

ཟླ་བརྒྱད་པའི་ཚེས  ༤   ༨   ༡༢   ༡༥

ཟླ་དགུ་བའི་ཚེས  ༢   ༧   ༡༢   ༢༡    ༣༠

ཟླ་བཅུ་བའི་ཚེས  ༣   ༥   ༡༢   ༡༥   ༢༤

ཟླ་བཅུ་གཅིག་པའི་ཚེས  ༥   ༨   ༡༥   ༡༦   ༢༧

བོད་ལོའི་ཚེས   ༧   ༨   ༡༥   ༡༨   ༢༢   ༢༥

གཞན་དུ་ན་རང་གི་ལུགས་སུ་འཛིན་པ་གང་གི་རྩི་སྲོལ་ལྟར་མ་ནོར་བར་བྱའོ།།

དྲུག་པ།  ལྷ་བསང་གི་ཕན་ཡོན།

བསང་གི་ཕན་ཡོན་ནི་སློབ་དཔོན་རིན་པོ་ཆེ་དང་། རྒྱལ་དབང་ལྔ་བ་ཆེན་མོ། པཎ་ཆེན་ཐམས་ཅད་མཁྱེན་པའི་བསང་ཆོག་རྒྱས་འབྲིང་སོགས་སུ་མང་དུ་མཆིས་པས་ཐམས་ཅད་བྲི་བས་ག་ལ་ལངས། འོན་ཀྱང་ཅུང་ཙམ་འདིར་བཀོད་ན། ལྕང་སྐྱ་རོལ་བའི་རྡོ་རྗེའི་བསང་ཆོག་ཡིད་བཞིན་དབང་རྒྱལ་ལས། ཁ་དོག་དྲི་རོ་མཐའ་ཡས་ཀྱིས། ། ནད་རིགས་བཞི་བརྒྱ་རྩ་བཞི་སེལ། ། གསེར་ཞུན་འཁྱིལ་འདྲའི་མེ་ལྕེ་ཡིས། ། གཏི་མུག་མུན་པའི་ཚོགས་ཀུན་འཇོམས། ། དུད་སྤྲིན་འཆི་མེད་ལམ་ཆགས་པས། ། སྡུག་བསྔལ་གསུམ་གྱི་ཚ་གདུང་སྐྱོབ། ། ཅེས་དང་། ཐུའུ་བཀྭན་བསང་ཡིག་བཀྲ་ཤིས་དབྱངས་སྙན་ལས། འཆི་བ་མེད་པའི་ཡོན་ཏན་བདུད་རྩིའི་ཤིང་། ། དྲི་ཞིམ་སྤོས་ངད་དུད་སྤྲིན་ནམ་མཁར་འཁྲིགས། ། ལྷ་འདྲེ་མི་གསུམ་རྨུགས་ཤིང་འཐིབ་པ་སེལ། ། འོད་གསལ་མེ་ལྕེ་འོད་གསལ་ཕྲེང་བར་འཕྲོ། ། མ་རིག་རྨོངས་པའི་མུན་ནག་ཐམས་ཅད་སེལ། ། མེ་སྟག་ཚ་ཞིང་བསྲེགས་པའི་ངར་ལྡན་པས། ། མནོལ་ནག་མི་གཙང་ལྗན་ལྗིན་སྲེག་པར་བྱེད། ། ཅེས་དང་། ཀུན་མཁྱེན་འཇུ་མི་ཕམ་པས། འདི་ཡིས་རླུང་རྟ་རྒུད་པ་གསོ། ། དགེ་མཚན་རྟེན་འབྲེལ་ཕྱོགས་མེད་རྒྱས། ། སྙན་གྲགས་རྒྱལ་མཚན་སྲིད་ན་མཐོ། ། མཆོག་ཐུན་དངོས་གྲུབ་ཡིད་བཞིན་འགྲུབ། ། ཅེས་གསུངས་པ་ལྟར། བླ་མ་དང་ལྷག་ལྷའི་སྐུ་གསུང་ཐུགས་དང་འགལ་བའི་ཉེས་བྱས་དང་། གྲུབ་དང་མི་གཙང་བ་སྣ་ཚོགས་དང་། དེ་དག་གིས་བསྐྱེད་པའི་མནོལ་སྐྱོན་ཤོར་བ་སོགས་བྱང་ཞིང་དག་ནས། བསྟེན་པའི་ཆོས་སྲུང་དང་སྐྱོབ་པའི་ལྷ་སྲུང་རྣམས་ཉེས་པའི་སྒོ་ནས་རང་ལ་སྡོང་གྲོགས་བྱེད་ཅིང་། ཁ་མཆུ་འཁྲུག་རྩོད། དགྲ་ཇག་ཆོམ་རྐུན། ནད་མུག་འཚེ་བ། སད་སེར་ཐན་པ་མེད་ཅིང་། སྣོད་བཅུད་ཐམས་ཅད་ལ་བཀྲ་ཤིས་དགོས་འདོད་ཀྱི་ལེགས་ཚོགས་རྒྱ་ཆེན་པོ་རྒྱུན་མི་ཆད་དུ་འབྱུང་བར་འགྱུར་རོ།།

བསང་དང་བསང་དུད་ལ་བརྟག་ཚུལ་ཀྱང་དམ་པའི་གསུང་ན་གསལ་བར་སྣང་མོད། བློ་དམན་དག་ལ་རྣམ་རྟིག་གི་ལྷག་མར་འགྲོ་བར་དོགས་ནས་མ་བྲིས་སོ།།

སྨྲས་པ།

བགྲང་བྱ་སྟོང་ཕྲག་རིམ་པར་བརྩེགས་པའི་ཁྲིར། །དམངས་སྲོལ་རིན་ཆེན་གསེར་བུམ་མཚར་ཞིང་བརྗིད།།

སྔོན་བྱོན་དམ་པས་རྣམ་དཔྱོད་གོས་ཆེན་གྱིས། །

ཡང་ཡང་བྱི་དོར་བགྱིས་པ་དྲིན་ཆེ་ཨང་། །

༄༅།།སྒྲོལ་མའི་རླུང་རྟའི་ཀ་འཛུགས།

སྒྲོལ་མའི་རླུང་རྟའི་ཀ་འཛུགས་ནི་ཡི་དམ་སྒྲོལ་མ་ལ་བརྟེན་ནས། ས་ཕྱོགས་གཙང་མ་སྟེ་ཡིད་མཐུན་གྱི་གནས་སུ་སའམ་ཤིང་ལས་བྱས་པའི་རླུང་མཁར་གྲུ་བཞི་བའི་ནང་དུ། ཤེལ་ཚིག་དཀར་ནག འབྲུ་སྣ། སྨན་སྣ། ཤིང་སྣ་སོགས་མཐུན་རྫས་སྣ་ཚོགས་ཀྱིས་བཀང་། དེའི་ཁ་ཁེབས་ཀྱི་སྟེང་དུ་དཀོན་མཆོག་སྤྱི་དང་ཆོས་སྐྱོང་དང་གཞི་བདག་སོགས་ལ་འབུལ་རྒྱུའི་ཅོག་དཀར་བོ་གསུམ་དང་། དེའི་མཐར་སྤར་སྨེ་ལོ་སྐོར་རྣམས་ལ་བཤོས་བུ་ལྷ་གྲངས་བཤམ། ཕྱོགས་བཞིར་རླུང་རྟ་སྡེ་བཞི་ལ་ལྷ་ལུག་བཞི་དང་། རང་མདོག་གི་ནམ་མཁའ་བཞི། ཤིང་སྣ་བལ་ཚོན་གྱིས་བརྒྱན་པའི་རྒྱང་བུ་བཞི། མདའ་བཞི། འཕང་བཞི། ཤར་དུ་དར་རམ་ཤོག་བུ་ལྗང་ཁུ་ལ། རྟ་མཆོག་གི་གཟུགས་དང་། སྟག་སེང་ཁྱུང་འབྲུག་བཀོད་པ་བྱི་འབྲུག་སྤྲེལ་གསུམ་གྱི་ལོ་བའི་རྟེན་དུ་དང་། དེ་བཞིན་དུ་ལྷོར་དེ་འདྲའི་དར་དམར་བོ་ཕག་ལུག་ཡོས་གསུམ་གྱི་ལོ་བའི་རྟེན་དུ་དང་། ནུབ་ཏུ་དར་དཀར་བོ་སྟག་རྟ་ཁྱི་གསུམ་གྱི་ལོ་བའི་རྟེན་དུ་དང་། བྱང་དུ་དར་སྔོན་པོ་བྱ་གླང་སྦྲུལ་གྱི་ལོ་བའི་རྟེན་དུ་བཙུགས་པ་སོ་སོའི་སྤེལ་ཚིག་དང་བཅས་པ་འབྲིའོ།།  དེ་ལྟར་ཁང་བཟང་ཡོད་པའི་བཅོས་དང་ངག་འདོན་གྱི་ཆོ་ག་ཞིག་ལ་སྒྲོལ་མའི་རླུང་རྟའི་ཀ་འཛུགས་ཟེར། ཕན་ནུས་ནི། ཁ་རྗེ་དབང་ཐང་རླུང་རྟ་རྣམས་ཉམས་པ་གསོ་བ། ཆད་པ་འཐུད་པ། འགྱེལ་པ་སློང་བའི་ནུས་པ་དང་ལྡན་པ་ཡིན་ཏེ། ཕན་ཡོན་རྒྱ་ཆེན་ལྡན་པར་དགྲ་ལྷའི་གཞུང་ལས། ཆེན་པོའི་རླུང་རྟ་རྒུད་དང་མཁས་པ་ཉམས། ། བཙན་པོ་དམན་དང་ཕྱུག་པོ་དབུལ་བོར་སོང་། ། བཟའ་མི་ལོ་ཟླའི་རླུང་རྟ་དགྲ་གཤེད་གྱུར། ། བྱིས་ལང་དགྲ་གདོན་སྲི་དང་བྱད་ཁ་ཐུགས། ། ཅི་བསམ་ཅི་བྱས་ལམ་དུ་མི་འགྲོ་བ། ། རྣམས་ལ་ཀ་འཛུགས་འདི་ཉིད་ཕན་ཚབ་ཆེ། ། ཞེས་དང་། སྒྲོལ་མའི་རླུང་རྟའི་ཀ་འཛུགས་ལ་ཁྱད་དུ་འཕགས་པའི་དགེ་མཚན་གཞན་ཞིག་ཡོད་པ་ནི། ཞང་སྟོན་བསྟན་པ་རྒྱ་མཚོས། རྗེ་བཙུན་སྒྲོལ་མ་ནི་རླུང་ཁམས་རྣམ་པར་དག་པ་འཕྲིན་ལས་ཀྱི་ལྷ་ཡིན་པས། འདི་ལ་བརྟེན་ན་རླུང་རྟ་དར་བའི་རྟེན་འབྲེལ་ཆེས་འཛོམས་ཤིང་བྱིན་རླབས་ཀྱི་ཚན་ཁ་ཆེ་བར་གསུངས་སོ།།

༄༅།།ཀོང་ཙེའི་དགྲ་རླུང་གི་ཀ་འཛུགས་ངོ་སྤྲོད།

ཀོང་ཙེ་འཕྲུལ་གྱི་རྒྱལ་བོས་མཛད་པའི་སྣང་སྲིད་སྤྱི་བཅོས་དང་། མདོས་དང་ཡོས་སོགས་ཀྱི་བཅོས། གཞན་ཡང་དགྲ་ཀླུང་གི་བཅོས་སོགས་ཤིན་ཏུ་མོད་དོ།། འདིར་ཀོང་ཙེའི་དགྲ་རླུང་གི་ཀ་འཛུགས་ལ།

དང་བོ།  རྫས་བསགས་ཚུལ།

ཀླུང་མཁར་གྱི་ཁང་བཟང་གི་རྟེན་གྱི་གཙོ་བོར། ཐུབ་དབང་དང་། ཚངས་པ། འཇམ་དབྱངས། ཀོང་ཙེ་འཕྲུལ་རྒྱལ་བཞི་འགོད། ཕྱོགས་བཞིར་དགྲ་ལྷའི་སྐུ་ཙག་བཙུགས། ཟུར་བཞིར་མདའ་མདུང་རལ་གྲི་དར་དང་འཕན་ལ་སོགས་པས་བརྒྱན། དེ་དག་གི་མཐར་རྟ་མཆོག  གཡག་ལུག་བྱ་གསུམ། སེང་འབྲུག་སྟག་གསུམ་སོགས་འསྲོག་ཆགས་དང་། ཤ་མར་ཐུད་གསུམ། ཇ་ཆང་ཞོ་གསུམ། ཤེལ་ཚིག་དཀར་ནག འབྲུ་སྣ་ཚོགས། གསེར་སྐྱེམས་སྣ་ཚོགས། སྨན་སྣ་ཚོགས། སྦ་དང་སྨྱུག་མའི་རྩེར་བལ་ཚོན་སྣ་ཚོགས་བཏགས་པ་བཙུགས། མདའ་དར་མེ་ལོང་གིས་བརྒྱན་པ། གོ་ཁྲབ་མཚོན་གསུམ་སོགས་ཀྱི་སྤྱན་གཟིགས་སོགས་དགོས་ངེས་ཀྱི་ཡོ་བྱད་ཚུལ་བཞིན་བཀོད།

གཉིས་པ། དགྲ་ལྷའི་གྲངས་འདྲེན།

༼ ༡ ༽དགྲ་ལྷ་བཅུ་གསུམ་ནི།   ༡ དབུས་སུ་ཚེ་སྲོག་སྐྱོབ་པའི་དགྲ་ལྷ་མི་དཀར་སྐྱེས་པ་དར་མའི་རྣམ་ཅན། ཞལ་གཅིག་ཕྱག་གཉིས་པ། ཁྲབ་རྨོག་དང་། གཡས་དར་མདུང་དང་གཡོན་ཞགས་པ་འཛིན་པ། སྟག་རལ་གཟིག་ཤུབ་སྐེད་ལ་བཅིངས་ཤིང་སག་ལྷམ་གསོལ་ཞིང་རྟ་དཀར་སྒ་སྲབ་གོང་རྨེད་ཅན། དཔའ་བརྗིད་མཛེས་རྔམས་དང་ལྡན་པ།

༢ ཤར་དུ་བསྟན་པ་རྒྱས་པའི་དགྲ་ལྷ་མི་སྔོན་རྟ་སྔོན་བ་དན་སྔོན་པོ་འཛིན་པ།

༣ ལྷོར་མི་གྲངས་སྤེལ་བའི་དགྲ་ལྷ་མི་དམར་རྟ་དམར་བ་དན་དམར་བོ་འཛིན་པ།

༤ ནུབ་ཏུ་སྡང་དགྲ་འདུལ་བའི་དགྲ་ལྷ་མི་ནག་རྟ་ནག་དར་ནག་བསྣམས་པ།

༥ བྱང་དུ་གནོད་བྱེད་འདུལ་བའི་དགྲ་ལྷ་མི་སྨུག་རྟ་སྨུག་དར་སྨུག་ལྕེ་བརྒྱད་བསྣམས་པ།

༦ ཤར་ལྷོར་དཀར་བོ་ནོར་སྤེལ་བའི་དགྲ་ལྷ་མི་སེར་རྟ་སེར་མདུང་དར་སེར་བོ་འཛིན་པ།

༧ ལྷོ་ནུབ་ཏུ་མི་ཚེ་སྤེལ་བའི་དགྲ་ལྷ་མི་དམར་རྟ་དམར་བདུད་རྩིས་བཀང་བའི་བུམ་པ་འཛིན་པ།

༨ ནུབ་བྱང་དུ་མཛེས་བརྗིད་རྨམས་པའི་དགྲ་ལྷ་མི་དཀར་རྒྱ་སྟག་ཞོན་ཞིང་རུ་མཚོན་འཛིན་པ།

༩ བྱང་ཤར་དུ་དཔའ་རྩལ་བསྐྱེད་པའི་དགྲ་ལྷ་མི་དཀར་དུང་སེང་བཅིབས་ནས་ཤེས་རབ་ཀྱི་རལ་གྲི་འཛིན་པ།

༡༠ སྟེང་ཕྱོགས་སུ་དཔའ་བརྗིད་བཙུན་པའི་དགྲ་ལྷ་མི་དཀར་རྒྱ་སྟག་བཅིབས་ནས་དར་ཁྲ་འཛིན་པ།

༡༡ འོག་ཕྱོགས་སུ་ཀུན་གྱིས་བཀུར་བའི་དགྲ་ལྷ་མི་དཀར་གླང་ཆེན་བཅིབས་ནས་དར་མདུང་འཛིན་པ།

༡༢ རྒྱབ་ཕྱོགས་སུ་སྙན་པ་ཐོབ་པའི་དགྲ་ལྷ་མི་དཀར་གཡུ་འབྲུག་བཅིབས་ནས་དུང་དཀར་འཛིན་པ།

༡༣ ཐམས་ཅད་ཀྱི་སྔོན་དུ་བསམ་དོན་འགྲུབ་པའི་དགྲ་ལྷ་མི་དཀར་དུང་ཁྱུང་བཅིབས་ནས་ཡིད་བཞིན་གྱི་ནོར་བུ་འཛིན་པ།  བཅས་སོ།།

༼ ༢ ༽དགྲ་ལྷ་མཆེད་དགུ་ནི།

༡ མཆེད་ལྕམ་ཀུན་ཀྱི་གཙོ་བོ་དཔའ་བརྟན་དམག་དཔོན།

༢ མཐུ་ཆེན་དགྲ་འདུལ།

༣ སྣང་གྲགས་འབྲུག་ལྡིར།

༤ དྲག་རྩལ་ཐོག་འབེབས།

༥ སྐྱེས་བུ་སྲོག་ལྡན།

༦ སྡང་བ་སྲོག་གཅོད།

༧ སྐྱེས་བུ་རང་ཆས།

༨ བྱ་ཁྲ་སྔོན་པོ།

༩ དགྲ་སྨན་གཤོག་རྩ་དཀར་པོ།   བཅས་སོ།

གསུམ་པ། བསྲུང་བའི་སླད་དུ་སྦྱིན་བདག་གི་ལུས་ངག་ཡིད་གསུམ་དང་རྟ་ཁྲབ་འཁོར་གསུམ་ལ་དགྲ་ལྷ་འགོད་པའམ་གནས་པར་བྱེད་པ་ནི།

༡ སྦྱིན་བདག་གི་ལུས་ལ། ལྷ་ཁམས་ཡོངས་ཀྱི་དགྲ་ལྷ་འགོད།

༢ ངག་ལ། ཁེ་དྲེགས་ཅན་གྱི་དགྲ་ལྷ་འགོད།

༣ ཡིད་ལ། འཇམ་དཔལ་ཀོང་ཙེའི་དགྲ་ལྷ་འགོད།

༤ བེར་ཆེན་ལ། དགྲ་ལྷ་སུམ་རྒྱ་དྲུག་ཅུ། དགྲ་ལྷ་གྲལ་དགུ་ལྕམ་དགུ། ལྷ་དམག་འབུམ་ཁྲི་ཆིག་སྟོང་འགོད།

༥ ཁྲབ་ཆེན་ལ། མི་ཕུག  མི་ཤིག  མི་ཐུབ། དཔའ་བརྟན་ངར་ཆེན་གྱི་དགྲ་ལྷ་འགོད།

༦ རྨོག་མོ་ལ། འགོ་བའི་ལྷ་ལྔ། ཁ་འཛིན་རྒྱབ་རྟེན་དགྲ་ལྷ་འགོད།

༧ མདུང་མོ་ལ། སྟེང་དང་བར་གྱི་དགྲ་ལྷ་ཐམས་ཅད་། དཔའ་བོ་མཁའ་འགྲོའི་དགྲ་ལྷ། བསམ་གཅོད་འཛིན་པའི་དགྲ་ལྷ་འགོད།

༨ མདའ་མོ་ལ། གྲོགས་ལྷ། སྐྱེས་ལྷ། ཕོ་ལྷ། དགྲ་ལྷའི་དབུགས་རྩེ་རྣོན་པོ་བཅས་འགོད།

༩ གཞུ་མོ་ལ། དཔའ་རྩལ་འཛོམས་པའི་དགྲ་ལྷ་དང་། དགྲ་ལྷ་ལྡང་ཆེན་འོད་འཕྲོ་འགོད།

༡༠ མེ་མདའ་ལ།  དགྲ་ལྷ་ཐོག་འབྲུག་གློག་གསུམ་དང་། ཕྱི་ནང་གསང་བའི་དགྲ་ལྷ་འགོད།

༡༡ རལ་གྲི་ལ། སྲོག་གཅོད་དགྲ་ལྷ། ཁས་དྲག་དགྲ་ལྷ། སྐྱེ་འགྱུར་མེད་པའི་དགྲ་ལྷ་འགོད།

༡༢ ཞོན་རྟ་ལ། ཐོགས་མེད་བང་མགྱོགས་དགྲ་ལྷ། ལྷ་ཁམས་རྣམས་ཀྱི་དགྲ་ལྷ། ཀླུ་ཁམས་རྣམས་ཀྱི་དགྲ་ལྷ། གཉན་རིགས་རྣམས་ཀྱི་དགྲ་ལྷ་བཅས་འགོད།

བཞི་བ།  དགྲ་ལྷའི་སྐུང་ས་དང་འཕྱོང་ས་སོགས་བཤད་པ།

༼ ༡ ༽ དགྲ་ལྷའི་ཆགས་ས་བརྒྱད་ནི།

༡ རྟ  ༢ ཕུབ།  ༣ མདའ།  ༤ ཁྲབ།  ༥ མདུང་།  ༦ རྡོ།  ༧ རང་།  ༨ མོ་བཙུན་ཡ་རབས།

༼ ༢ ༽ དགྲ་ལྷའི་སྐུང་ས་བརྒྱད་ནི།

༡ དཔའ་བོའི་སྙིང་།  ༢ རྟ་ཡི་ཕྲུམ་ཕྲུམ།  ༣ ཕུབ་ཀྱི་དུང་ཁུང་འོག  ༤ རྨོག་གི་ཁྱུང་དོར་འོག  ༥ ཁྲབ་ཀྱི་གཞུང་དར་འོག  ༦ མདའ་མོ་རྒོད་སྒྲོའི་ལྟོང་།  ༧ གཞུའི་མཆོག  ༨ རལ་གྲི་རྣོན་པོའི་འོག

༼ ༣ ༽ དགྲ་ལྷ་འགྲིམ་ས་དྲུག་ནི།

༡ མིའི་ཕྲག་པ་གཡས།  ༢ རྟའི་ཟེ་རྔོག་གཡོན།  ༣ མདའ་ཡི་མདེའུའི་རྩེ།  ༤ གཞུའི་རྒྱུད།  ༥ རལ་གྲིའི་སོ།  ༦ ཕུབ་མོའི་ཟུར།

༼ ༤ ༽ དགྲ་ལྷའི་འཕྱོང་ས་བརྒྱད་ནི།

༡ ཕ་མེས་དགྲ་ལྷ་དབུས་ནས་འཕྱོང་།  ༢ ཡེ་སྲིད་དགྲ་ལྷ་ཐུགས་ནས་འཕྱོང་།  ༣ ཐོས་བྱེད་དགྲ་ལྷ་སྙན་ནས་འཕྱོང་།  ༤ མཐོང་བྱེད་དགྲ་ལྷ་སྤྱན་ནས་འཕྱོང་།  ༥ སྨྲ་མཁས་དགྲ་ལྷ་ཞལ་ནས་འཕྱོང་།  ༦ མགོན་སྐྱབས་དགྲ་ལྷ་གཡས་ནས་འཕྱོང་།  ༧ དཔའ་དཔུང་དགྲ་ལྷ་གཡོན་ནས་འཕྱོང་།  ༨ གཡུལ་རྒྱལ་དགྲ་ལྷ་མདུན་ནས་འཕྱོང་།

ལྔ་བ། དགྲ་རླུང་གི་ཀ་འཛུགས་ཀྱི་ཕན་ནུས།

ཕན་ནུས་ནི་དགྲ་ལྷའི་ཀ་འཛུགས་ཀྱི་ཆོ་ག་བསོད་ནམས་སྟོབས་བསྐྱེད་ལས། དགེ་བཤེས་གདན་ཁྲི་ལས་བབས་པ། རྗེ་དཔོན་དམན་པའི་ས་ཐོབ་པ། རྒྱལ་བོ་འབངས་སུ་བབས་པ། ཕྱུག་པོ་དབུལ་བོར་སོང་བ། བཙན་པོ་དམན་པོར་སོང་བ། ཁས་དྲག་ཁས་དམན་དུ་སོང་བ། འཕན་པོ་རྨང་བོར་སོང་བ། གདུལ་བྱ་སྙན་གྲགས་ཆད་པ། སྡེ་ཚོ་དམན་པོར་སོང་བ། རྒྱལ་ཁྲིམས་ཡུལ་ཁྲིམས་ཤོར་བ། ཡུལ་དང་ཕ་ཚ་འཐོར་བ། ཁེ་བོ་མི་ཐོན་པ། གཡུག་གོ་བྱུང་བ། ཀླུང་རྟ་ཉམས་པ། བྱེས་ལད་འགྲུལ་ལད་ཁུར་བ། རྨི་ལྟས་མཚན་ལྟས་ལོག་པ། ནད་ཡམས་འཕྱུར་བ། བཀྲ་མི་ཤིས་པ་སྣ་ཚོགས་འབྱུང་བ་ལ་འདི་དགོས་སོ།། ཞེས་གསུངས་པ་ལྟར་རོ།།

དྲུག་པ། ཕན་ཡོན་ནི་དེ་ཉིད་ལས། བཀྲ་ཤིས་དང་ལེགས་པའི་མཚན་མ་སྣ་ཚོགས་བྱས་པས་ཡུལ་ཕྱོགས་དེ་དབང་དང་སྙན་པ་ཐོབ་ཅིང་། འཁོར་ཚོགས་འདུ་བ། ཤག་ལན་དཔུང་གསུམ་ལེན་པ། མི་ནོར་རྒྱས་པ། ངོ་སོ་མཐོ་བ་དང་། རྨི་ལམ་བཀྲ་རྟགས་བཟང་བོ་ལ་སོགས་པའི་ལེགས་པའི་མཚན་མ་སྣ་ཚོགས་འབྱུང་ངོ།། མགྲོན་པོའི་འདོད་དོན་དང་ཤག་འདེབས་རྒྱལ་བརྩོལ་སོགས་ཀྱི་སྐབས་སུ་གསོལ་མཆོད་རྩེ་གཅིག་གིས་དགྲ་ལྷ་མཆོད་ན། སྔོན་གྱི་ཐ་ཚིག་གཉན་པོའི་ལུས་དང་གྲིབ་མ་བཞིན་དུ་འགྲོགས་ནས་རྒྱལ་ཁ་ཐོབ་པོ།  ཞེས་གསུངས་པ་བཞིན་ནོ།།

དེ་ལྟར་ཀོང་ཙེ་འཕྲུལ་གྱི་རྒྱལ་བོ་ནི་འདིའི་རིགས་ལ་ཆེས་ཆེར་མཁས་ཤིང་བྱིན་རླབས་དང་ནུས་པའང་ཐོགས་རྡུགས་མེད་པ་ལགས་པས། ཉིད་ཀྱིས་ཁོང་གིས་མཛད་པའི་ཀླུང་རྟའི་ཀ་འཛུགས་ཀྱི་ཆོ་ག་རིང་ཐུང་གང་བདེ་རེ་ཉམས་སུ་བསྟར་ན་ཕན་ཡོན་མིག་ཐོག་ཏུ་འབྱུང་བར་གོར་མ་ཆགས་པ་ཉིད་དོ།།

བདུན་པ། དགྲ་ལྷའི་ཀ་འཛུགས་དང་འབྲེལ་ནས་དམངས་སྲོལ་རྩེད་མོ་བྱེད་པ།

དགྲ་ལྷའི་ཆོ་ག་མང་བོ་ལས། དེ་ནས་དཔོན་སློབ་ཐམས་ཅད་དགའ་སྟོན་ལ་རོལ། དགའ་བའི་གར་བྱེད། སྙན་པའི་གླུ་ལེན། སྐྱིད་པོའི་རྩེད་མོ་རྩེ་བ་སོགས་བཀྲ་ཤིས་དང་ལེགས་པའི་མཚན་མ་སྣ་ཚོགས་བྱས། ཞེས་དང་། རྦ་བཞེད་ལས། དེ་ལྟར་ལོ་བཅུ་གཉིས་ཀྱི་བར་དུ་སྐྱིད་ཀྱི་བྲོ་མོ་ཆེ་བརྡུངས། མི་རེས་གླུ་རེས་བླངས། རྟ་རེས་བང་རེས་རྒྱུགས། བྱ་རེས་སྐད་རེས་སྟོན། དུས་དེ་ཙ་ན་བོད་བདེ་སྐྱིད་ཀྱི་མངའ་དར་བ་ལགས་སོ།། ཞེས གསུངས་པ་ལྟར་སློབ་དཔོན་རིན་པོ་ཆེས་མི་མ་ཡིན་གདུག་པ་ཅན་རྣམས་དམ་བཏགས་བྲན་དུ་བཀོད་པས། དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ལེགས་པར་གྲུབ་པའི་དགའ་སྟོན་གྱི་ཡོ་ལངས་རྒྱ་ཆེར་སྤེལ་བ་བཞིན་རང་མི་རིགས་ཀྱི་དམངས་སྲོལ་ལ་ལྷ་གསོལ་གྱི་ཆོ་ག་དང་། ལྷ་ལྡན་སྨོན་ལམ་ཆེན་མོ་སོགས་དུས་མཆོད་ཁྱད་པར་ཅན་ལེགས་པར་གྲུབ་པའི་མཇུག་ཏུ། རྡོ་འགྱོག་འགྲན་སྡུར། བེར་ཁའི་འགྲན་སྡུར། རྟ་དམག་ཞར་འཕེན་རྩལ་འགྲན། རྒྱང་མའི་འགྲན་སྡུར། ཐོ་ཧྲིལ་གྱི་མདའ་རྩལ་འགྲན་སྡུར་བྱེད་པ་སོགས་ཡོད་དོ།།

༄༅།།སྲིད་པ་ཆགས་པའི་ལྷ་དགུ།

སྤྱིར་བོད་ཀྱི་རྒྱལ་བོའི་གདུང་རྒྱུད་དེ་གསང་བ་ཆོས་ལུགས་སུ་རྒྱལ་བོ་ལས་ཆད་པ། བསྒྲགས་པ་བོན་ལུགས་སུ་ལྷ་ལས་ཆད་པ། དམངས་ཀྱི་ལུགས་སུ་ཡང་གསང་ཐེའུ་བྲང་ལས་ཆད་པ་དང་གསུམ་ཡོད་པ་ལས། བསྒྲགས་པ་ལྷ་ལས་ཆད་པ་གཞིར་བཟུང་ནས་བཤད་ན། དང་བོ་བས་བསྐལ་སྲིད་པའི་མ་སྲིད་ཙམ་ན། ཕྱ་ཡེ་མཁྱེན་ཆེན་པོའམ་མི་མཁྱེན་དགུ་མཁྱེན་དེ་སྲིད་པ་ཕྱ་ཡིས་བསྐོས་ཏེ་བྱུང་། དེ་དང་ཡུམ་ཁོ་མ་འབྲོ་རྗེ་གཉིས་ལ་སྲས་ལེགས་པའི་ཧོར་དྲུག་བྱུང་། དེ་ལ་སྲིད་པའི་ལྷ་རྗེ་ཁ་དང་སྐྱོལ་མེད་བྱུང་། དེ་དང་ཡུམ་དབྱིངས་ཀྱི་སྐྱོལ་མེད་གཉིས་ལ་མེས་རྣམ་ལ་ཀར་གསུམ་བྱུང་། དེ་དང་ཡུམ་ཕྱ་ཟ་ཡེ་ཐན་མ་གཉིས་ལ་སྲས་སྐར་མ་ཡོལ་ལྡེ་བྱུང་། དེ་དང་ཡུམ་གཡུ་རི་ཕྱུག་མོ་གཉིས་ལ་སྲས་ལྷ་རབས་མཆེད་བཞི་སྟེ། ༡ དཀར་ནམ་རྒྱལ་བ། ༢ ལྟིང་རྒྱུ་དཀར་བོ། ༣ ལྷ་ཁྲི་ཤེལ་དཀར། ༥ ཐ་ཆུང་རྩེར་རྩེར་བཅས་བྱུང་། ལྷ་ཁྲི་ཤེལ་དཀར་ལ་རྗེའི་མགུར་ལྷ་མཆེད་གསུམ་སྟེ། ༡ ཕྱི་ལྷ་ཐོག་དཀར། ༢ བར་ལྷ་འོད་འབར། ༣ ནང་ལྷ་གུལ་རྒྱལ་གསུམ་བྱུང་། དེ་གསུམ་གྱིས་ལྗགས་ཀྱི་མཆིལ་མ་གནམ་དུ་གཏོར་བ་ལས་དུང་གི་མི་ཕོ་དཀར་བོ་གཡུའི་རྭ་ཆག་གང་སྐྱེས་པ་གཅིག་བྱུང་། དེ་ལ་མིང་བཏགས་ན་གནམ་ཐེན་ཆེ་ཟེར། དེ་དང་ཡུམ་གཡུང་དྲུང་ཡ་རབ་རྒྱལ་མོ་གཉིས་ལ་སྲས་རྒུང་ཐེན་ཆེ་བྱུང་། དེ་དང་ཡུམ་གསལ་སྐྱེད་མ་གཉིས་ལ་སྲས་སྤྲིན་ཐེན་ཆེ་བྱུང་། དེ་དང་ཡུམ་དཔལ་བསྐྱེད་མ་གཉིས་ལ་སྲས་ཆར་ཐེན་ཆེ་བྱུང་། དེ་དང་ཡུམ་གོས་དཀར་མོ་གཉིས་ལ་སྲས་མདའ་ཐེན་ཆེ་བྱུང་། དེ་དང་ཡུམ་ཚེ་འཛིན་མ་གཉིས་ལ་སྲས་ཟིལ་ཐེན་ཆེ་བྱུང་།དེ་དང་ཡུམ་རྩད་དཀར་བདག་མོ་གཉིས་ལ་སྲས་མོང་ཐེན་ཆེ་བྱུང་། དེ་དང་ཡུམ་ཕྱ་གཡང་བདག་མོ་གཉིས་ལ་སྲས་གནམ་ལ་རོང་རོང་བྱུང་། དེ་དང་ཡུམ་དབྱལ་ཆ་མ་ཏིང་གཉིས་ལ་སྲས་ཡབ་སྟག་ཆ་ཡལ་ཡོལ་བྱུང་། དེ་དང་ཡུམ་ཚེ་ཟ་ཁྱད་ཁྱུད་གཉིས་ལ་སྲས་སྲིད་པའི་ལྷ་རབས་མཆེད་བཞི་སྟེ། ༡ ཡབ་ལྷ་བརྡལ་དྲུག ༢ ཕྱ་ལྷ་བྲམ་ཆེན། ༣ རྒྱ་ལ་འབྲོང་ནམ། ༤ འོ་དེ་གུང་རྒྱལ་བཅས་བྱུང་། ལྷ་རབས་མཆེད་བཞི་བོས་ལྷ་ཡུལ་ནས་སུ་འདུག་དང་མི་ཡུལ་ལ་སུ་འགྲོ་ཐག་གཅོད་པའི་ཆེད་དུ། གསིང་མ་སྔོ་མཐའ་རུ་བཞམས་པོ་དཀར་བོ་བཏིངས་ནས། ཆོ་ལོ་མིག་དགུ་དེ་ཕྱག་གི་སོར་ལ་བཀྲི། རྒྱ་རྒྱ་འབྲེང་འབྲེང་ཞེས་ཤོ་བཏབ་པས། ཡབ་ལྷ་བརྡལ་དྲུག་དང་། ཕྱ་ལྷ་བྲམ་ཆེམ་གཉིས་རྒྱལ། གཅུང་གཉིས་ཕམ་སྟེ། རྒྱ་ལ་འབྲོང་ནམ་ནི་རྒྱ་མི་མང་གི་སར་གཤེགས་ནས་སྲས་དགུ་འཁྲུངས། འོ་དེ་གུང་རྒྱལ་དེ་ས་དོག་ལ་གཤེགས་པའི་ཚེ་ཁོའི་མིང་ལ་ལྷ་ཁུ་ཡུལ་མང་སྐྱེས་དང་། འོ་ལ་ཤ་ཟན་ཡང་ཟེར། ས་སྡེ་བརྒྱད་ཀྱི་ཚིས་མཛད། མི་མངས་ཀྱི་ལྷར་གཤེགས་ནས་ལྷ་བརྒྱད་ཀྱི་ཡབ་མཛད། དེས་ན་སྲིད་པ་ཆགས་པའི་ལྷ་དགུ་ནི།

༡  ཡབ་ཆེན་འོ་དེ་གུང་རྒྱལ།

༢ སྲས་ཡར་ལྷ་ཤམ་པོ།

༣ བྱང་གི་སྲས་གཉན་ཆེན་ཐང་ལྷ།

༤ སྒ་སྟོད་ཀྱི་སྲས་ཇོ་བོ་སྒྱོགས་ཆེན་ལྡོང་ར།

༥ མདོ་སྨད་ཤར་ཕྱོགས་ཀྱི་སྲས་རྨ་ཆེན་སྦོམ་ར།

༦ སྲས་ཇོ་བོ་གཡུལ་རྒྱལ།

༧ སྐྱིད་ཤོད་ཀྱི་སྲས་ཞོགས་ལྷ་ཕྱུག་པོ། ( རྒྱུག་པོ )

༨ སྲས་ཤེལ་དཀར་ཇོ་བོ་རྟ་རྒོད།

༩ གཙང་གི་སྲས་གནོད་སྦྱིན་གང་བཟང་བཅས་སོ།།

དགུ་བོ་དེའི་སྟེང་དུ་ ༡ ཇོ་བོ་མཆིམས་ལྷ་དང་། ༢ ཇོ་བོ་ངེས་གསུམ། ༣ ཇོ་བོ་གཡང་སྒང་། ༤ ཇོ་བོ་ལྷ་བཙས་བྱ་བ་བཞི་དང་བཅུ་གསུམ་ལ་རྗེའི་མགུལ་ལྷ་བཅུ་གསུམ་ཟེར།  བོད་ཀྱི་ལྷ་བཙན་པོ་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་རིགས་རྒྱུད་ལ་འགོ་བར་བྱེད་པའི་སྲུང་མ་ཡིན་པས་མགུལ་ལྷ་དང་། ཡང་ན་བཙན་པོ་རིམ་བྱོན་དེ་དག་གིས་སྙན་མོ་མགུར་དབྱངས་ལ་དྲངས་ཏེ་ལྷ་འདི་དག་གི་མཚན་ནས་བརྗོད་ཀྱིན་གསོལ་མཆོད་མཛད་པས་མགུར་ལྷ་ཞེས་བཏགས་པ་ཡིན།  ༼ ལྡེའུའི་རྒྱ་བོད་ཀྱི་ཆོས་འབྱུང་ལས། ༽ ལྷ་དགུའི་ཡབ་ལགས་སོ།། ཞེས་གསུངས་པར་གཞིག་ན་ཡབ་ཆེན་འོ་དེ་ཁོང་ཉིད་མ་ཐེ་བའི་སྲིད་པ་ཆགས་པའི་ལྷ་དགུ་འདྲེན་ཚུལ་ཡོད་མེད་དཔྱད་པར་འོས་སོ།།

༄༅།།རླུང་རྟ་ངོ་སྤྲོད་ཉུང་བསྡུས།

ཀླུང་གིས་འབྱུང་ལྔའི་ནང་ཚན་ནམ་མཁའི་ཁམས་མཚོན་པ་དང་། ཡང་ན་རྒྱུན་མི་ཆད་པར་འབབ་པའི་ཆུ་རྒྱུན་ལ་ཀླུང་ཞེས་བརྗོད་པ་བཞིན་ཚེ་བསོད་དབང་ཐང་ནམ་མཁའ་བཞིན་ཁྱབ་པ་དང་ཆུ་ཀླུང་ལྟར་རྒྱུན་མི་ཆད་པར་འཇུག་པ་མཚོན་སླད་ཀླུང་རྟ་ཞེས་དང་། ཕྱིས་རླུང་རྟ་ཞེས་བཏགས་པ་ནི་རླུང་ལྟར་མྱུར་བའི་རྟ་མཆོག་ཅེས་མྱུར་ཁྱད་ལ་བསམ་པ་ཨེ་ཡིན་སྙམས། སྟག་སེང་ཁྱུང་འབྲུག་བཞི་ལ་རླུང་རྟ་སྡེ་བཞིའམ་གཉན་ཆེན་སྡེ་བཞི་ཟེར། གནམ་ན་ཆེ་བ་ཁྱུང་འབྲུག་གཉིས་འཕུར་རྩལ་ཆེ་ཞིང་། ས་ན་ཆེ་བ་སྟག་སེང་གཉིས་མཆོངས་རྩལ་མྱུར་བ་དང་། ཡང་ན་ཁྱུང་གི་རྩལ། འབྲུག་གི་སྒྲ། སྟག་གི་མཆོངས། སེང་གེའི་སྟོབས་ཏེ་རླུང་རྟའི་ཆོ་ག་སོགས་སུ་སྦྱོར་ཚུལ་སྣ་ཚོགས་མཆིས། གཞན་ཡང་རླུང་རྟ་སྡེ་ལྔས་འབྱུང་བ་ལྔ་མཚོན་དེ། སྟག་གིས་ནགས་ཚལ་ལ་དབང་བྱེད་པས་ཤིང་མཚོན། སེང་གེས་སའི་ཁམས་ལས་གྲུབ་པའི་སྙིང་བོ་གངས་ལ་དབང་བྱེད་པས་ས་དང་། ཁྱུང་ཆེན་འབར་བ་ལྷ་མཐུ་བོ་ཆེར་བརྩི་ཞིང་ཁྱད་པར་དུ་རྭ་ལས་མེ་འབར་བས་མེ་དང་། འབྲུག་ནི་ཆུ་ལ་གནས་པའི་སྲོག་ཆགས་སྟོབས་ཆེན་དུ་གྲགས་པས་ཆུ་དང་། རྟ་མཆོག་གི་ནུས་རྒྱུན་དེ་ནམ་མཁའི་ཁམས་ལ་བརྟེན་ནས་རྒྱུན་བསྲིངས་དགོས་པས་ནམ་མཁའ་མཚོན་པར་བྱེད་དོ།། ཡང་ན་སྲོག་ཆགས་ལྔ་བོས་ལུས་ཀྱི་གྲུབ་ཆ་མཚོན་པར་བྱེ་དེ། ཁྱུང་གིས་སྲོག སྟག་གིས་ལུས། འབྲུག་གིས་དབང་ཐང་། སེང་གེས་རླུང་རྟ། རྟ་མཆོག་གིས་བླ་དཔལ་མཚོན་པའོ།། ཐོག་མའི་དུས་སུ་སྲོག་ཆགས་ལྔ་བོའི་གང་རུང་ལ་གཡག་བགྲངས་ནས་སེང་གེ་བཞག་མེད་པ་མངོན་གསལ་ཡིན་ཞིང་འདི་ཞར་ལ་ལབ་པའོ།། རླུང་རྟ་སྤུར་བ་ལ་ཕན་ནུས་ཀྱང་ཆེ་སྟེ། ཀུན་མཁྱེན་འཇིགས་མེད་དབང་བོས། རླུང་རྟའི་དར་ལྕོག་རི་རྩེར་བསྒྲེངས་པ་ཡིས། ། གནས་སྐབས་རླུང་རྟ་རྒུད་པའི་སྐྱོན་བྲལ་ཏེ། ། ལྷུན་པོའི་སྤོ་བཞིན་རླུང་རྟ་ཡར་ལ་བསྐྱེད། ། རླུང་རྟ་ཡར་ལ་བསྐྱེད་པའི་རྟེན་འབྲེལ་ལ། ། བརྟེན་ནས་འགྲོ་འདུག་སྤྱོད་ལམ་སྨྲ་བརྗོད་སོགས། ། ཅི་བྱས་ལམ་དུ་འགྲོ་བའི་འོད་སྣང་གིས། ། ཡིད་འོང་པདྨོའི་ཟེའུ་འབྲུ་བཞད་པར་ཤོག ། ཅེས་བདེན་པའི་ཚིག་གིས་བརྗོད་པ་བཞིན་ནོ།།

༄༅།།ཇོ་དར་འཐེན་ཚུལ།

ཇོ་ནི་གཙོ་བོའམ་ལྷ་ལ་འཇུག་ཅིང་ལྷ་མཆོད་ཐབས་ཀྱི་རི་མོ་སོགས་དར་གོས་སུ་བྲིས་པ་ལ་ཇོ་དར་ཟེར། ཐོག་མ་བོན་ནས་དར་བ་ཡིན་ལ་ཕྱིས་སུ་གཡུལ་འཁྲུག་སྐབས་དགྲ་ལས་རྒྱལ་ཕྱིར་མཚོན་རྩེ་རུ་བཏགས་པས་རིམ་གྱིས་རུ་དར་རམ་དམག་དར་དུ་གྱུར།དམག་དར་དེ་ཡང་འགྱུར་ནས་བོད་ཁྱིམ་རེ་རེ་ན་ཡོད་པའི་ད་ལྟའི་དར་ལྕོག་ཟེར་བ་འདི་རེད། དར་ལྕོག་འདི་བོན་ལུགས་ཁོ་ན་མ་ཡིན་ཏེ། གདུགས་དཀར་མཆོགས་གྲུབ་མ་ལས།  རིགས་སྔགས་ཀྱི་རྒྱལ་མོ་འདི། གྲོ་གའམ་རས་སམ་ཤིང་ཤུན་ལ་བྲིས་ཏེ། ཞེས་དང་། ཤེར་ཕྱིན་གྱི་མདོ་སྡེ་རིན་པོ་ཆེ་ལས། བ་དན་དང་རྒྱལ་མཚན་དེ་དག་གི་ཤིང་རྣམས་ཐ་གུས་སྦྲེལ་བ་ལ། འཕན་དང་། རྔ་ཡབ་དང་། དྲིལ་བུ་ལ་སོགས་པས་བར་མ་ཆད་པར་མཛེས་པར་བྱས་པ་ནི། འཇའ་ཚོན་ཀུན་ནས་བཀྲ་བས་ནམ་མཁའི་ཁམས་ཁྱབ་པར་བྱས་པ་ལྟ་བུར་གྱུར། ཅེས་དང་། འཕགས་པ་ནོར་བུ་ཆེན་པོའི་གཟུངས་དང་རྒྱལ་མཚན་རྩེ་མོའི་གཟུངས་སོགས་ཀྱང་དེ་བཞིན་ནོ།། དེས་ན་ཕན་ཚུན་གཅིག་ལ་གཅིག་བརྟེན་གྱི་ཆོས་ཉིད་དུ་གྲུབ་པའི་ཕྱི་ནང་གི་འབྱུང་ཁམས་གཉིས་དོ་བསྙམས་ནས་ནང་བཅུད་སེམས་ཅན་ལ་ཚེ་བསོད་འཕེལ་ཞིང་བདེ་སྐྱིད་ལྡན་པའི་སླད་དུ་ཁ་དོག་གི་ཆ་ནས་ཀྱང་། རྩེ་མོ་སྔོན་པོས་ནམ་མཁའ་དང་། དེའི་འོག་དཀར་བོས་སྤྲིན། དེའི་འོག་དམར་བོས་མེ། དེའི་འོག་ལྗང་ཁུས་ཆུ། དེའི་འོག་སེར་བོས་ས་མཚོན་པའོ།། དར་ལྕེ་མདོག་སྣ་ཚོགས་ཀྱིས་རླུང་རྟ་སྙན་གྲགས་རྒྱས་པར་བྱེད་དོ།། བོད་རང་གི་དམངས་སྲོལ་དུ། རྒྱལ་བསྟན་འཕེལ་བ་དང་། སྐྱེས་ཆེན་དམ་པའི་ཆོས་སྲིད་ཀྱི་མཛད་འཕྲིན་རྒྱས་པ། ཡུལ་ཕྱོགས་བཀྲ་ཤིས་ཤིང་དགེ་བ། ནག་ཕྱོགས་གཉའ་ནས་གནོན་པ་ལ་ཆེད་དམིགས་ཀྱིས་དར་བོ་ཆེ་འཛུགས་སྲོལ་ཡང་ཡོད་དེ།

༡ རྗེ་ཙོང་ཁ་བས་དགུང་གྲངས་ང་གསུམ་ཐོག་ཤར་སྐྱ་རེངས་དར་ཆེན་དང་།

༢ སྡེ་སྲིད་བསོད་ནམས་ཆོས་འཕེལ་གྱིས་ཇུས་ཡག་དར་ཆེན་དང་།

༣ རྒྱལ་དབང་ལྔ་བས་དགའ་ལྡན་དར་ཆེན་སྔ་ཕྱི་གསུམ།

༤ རྒྱལ་དབང་བསྐལ་བཟང་རྒྱ་མཚོས་བསྐལ་བཟང་དར་ཆེན་དང་།

༥ པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གིས་བཀྲ་ཤིས་དར་ཆེན་བསླངས་པ་བཞིན་ནོ།།

ཕན་ནུས་ཀྱང་མཚན་ལྡན་དར་ལྕོག་ཅིག་རིའི་རྩེ་མོར་བཙུགས་ན་དེར་གནས་སྲོག་ཆགས་ལ་ཕན་པ་དང་།

ཆུ་ལ་བཙུགས་ན་ཆུ་འཐུང་བའི་སྲོག་ཆགས་ལ་ཕན།

རི་རབ་ཀྱི་རྩེ་མོར་བཙུགས་ན་རླུང་གིས་གར་ཁྱབ་ཀྱི་སེམས་ཅན་ལ་ཕན།

རྒྱ་ལམ་ཆེན་པོར་བཙུགས་ན་ལམ་དེར་འཇུག་པའི་སེམས་ཅན་ལ་ཕན།

ཤན་པའི་ཡུལ་དུ་བཙུགས་ན་དེར་གསོད་པའི་སེམས་ཅན་མང་བོར་ཕན།

ཤར་ལྷོ་ནུབ་བྱང་དབུས་དང་ལྔར་བཙུགས་ན་རྒྱལ་བ་རིགས་ལྔའི་ཞལ་མཐོང་ཞིང་སྡིག་སྒྲིབ་བག་ཆགས་འདག་པ་ཡིན་ཏེ།

རྟ་རྨིག་ལྕགས་ཀྱིས་བཏུམ་ནས་འཛམ་གླིང་བསྐོར་ཡང་ཆོས་མཚན་ལྡན་མ་ཎིའི་དར་ལྕོག་འདི་ལས་ཡོད་རེ་སྐན། ཞེས་དམ་པ་རྣམས་ཀྱི་ཞལ་ལས་འབྱུང་ངོ་།།

༄༅།།གར་འཆམ་ངོ་སྤྲོད་ཉུང་བསྡུས།

སྦ་བཞེད་ལས། བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་བསམ་ཡས་གཙུག་ལག་ཁང་བཞེངས་སྐབས་སློབ་དཔོན་པདྨ་འབྱུང་གནས་སྤྱན་དྲངས་ཏེ་གདོན་འདྲེ་འདུལ་བའི་སྔོན་ཁྲིད་ནས་བྲོ་གར་འཁྲབ་པ་འདི་ནི་བོད་ཀྱི་ལྷ་བྲོ་ཡིན་ལ་འཆམ་ཞེས་པའང་རེད། གསུངས་པ་ལྟར། འཆམ་དང་ལྷ་བྲོ་གཉིས་གཅིག་ཡིན། སྦྱིན་སྲེག་དང་། གཏོར་ཟོར་འཕེན་སྐབས་འབུད་རྡུང་དཀྲོལ་གསུམ་གྱི་འགྲོས་དང་བསྟུན་ཏེ། རྒྱུད་སྡེའི་གཞུང་ལས་གསུངས་པ་ལྟར་ཞི་ཁྲོའི་ལྷ་ཚོགས་ཀྱི་ཆས་སུ་ཞུགས་ནས། གཡས་བརྐྱངས། གཡོན་བསྐུམ། དགའ་བ་འཁྱིལ་བ་སོགས་ཀྱི་ཉམས་འགྱུར་ལ་གཞི་བཅོལ་ནས་ད་ལྟའི་འཆམ་འདི་བྱུང་། ཞི་ཉམས་གཙོ་བོར་སྟོན་ཞིང་ལག་པའི་ཕྱག་རྒྱ་གཙོ་བོར་གནང་སྟེ་ལྷ་ལ་མཆོད་པ་འབུལ་བ་གར་དང་། ལུས་ཀྱི་ཉམས་འགྱུར་སྟངས་སྟབས་གཙོ་བོར་བྱས་ཤིང་གདོན་བགེགས་འདུལ་བའི་རྣམ་པ་གཙོ་བོར་སྟོན་པ་ལ་འཆམ་ཟེར། གར་འཆམ་ནི་དགོན་སྡེའི་ཁག་ཏུ་ཁྱབ་གདལ་དུ་སོང་སྟེ། འབྲི་གུང་གར་འཆམ་དང་། གོང་དཀར་ཆོས་སྡེའི་རྔ་འཆམ། རྩེ་རྣམ་རྒྱལ་གྲྭ་ཚང་གི་འཆམ། བཀྲ་ཤིས་ལྷུན་པོའི་འཆམ། སྐུ་འབུམ་བྱམས་པ་གླིང་གི་འཆམ། རོང་བོ་དགོན་ཆེན་གྱི་འཆམ། བླ་བྲང་བཀྲ་ཤིས་འཁྱིལ་གྱི་འཆམ། མཚུར་ཕུའི་གར་འཆམ། ཞྭ་ལུ་རྣམ་སྲས་མཆོད་པའི་འཆམ། གླིང་གི་རྟ་འཆམ་སོགས་ད་ལྟ་མཐོང་དང་ཐོས་བཞིན་པ་འདིའོ།།

༄༅།།གཏེར་འབུལ་ཚུལ།

གཏེར་བུམ་ནི་རབ་གསེར་དངུལ། འབྲིང་ཟངས་ལྕགས། ཐ་མ་རྫ་བུམ་ཚོན་རྩི་དཀར་བོ་བྱུགས་པའི་ནང་དུ། རིན་པོ་ཆེ་སྣ་ཚོགས། སྨན་སྣ། ཤིང་སྣ། ཟས་སྣ། འབྲུ་སྣ། གོས་སྣ། བསང་སྣ། ས་སྣ། རྡོ་སྣ། མར་ཁུ་བཅས་ཀྱིས་བྱུར་བུར་བཀང་བ་ཆོ་ག་བཞིན་བསྒྲུབས་པ་ལ་ཟེར། དེ་ལ་ཀླུ་གཏེར་དང་། ས་གཏེར། སྣུམ་སྟེར་བཅས་གསུམ་ཡོད། སོ་སོའི་རྫས་ལ་ཁྱད་པར་ཡོད་པ་ཆོ་ག་ན་གསལ། ཁུངས་ནི་སྔོན་སློབ་དཔོན་རིན་པོ་ཆེའི་དུས་ནས་ཡོད་ལ། ཇོ་བོ་རྗེ་བོད་དུ་ཕེབས་སྐབས་འབྲོམ་སྟོན་པ་ལ་ཀླུའི་གཏེར་སྦ་བའི་ཕྱག་ལེན་གནང་བ་སོགས་མཚན་ལྡན་དམ་པ་རྣམས་ཀྱིས་ཕྱག་བཞེས་སུ་བསྟར་བ་ཞིག་ཡིན། ས་བཀྲ་ལེགས་པའི་གཞི་ལ་གཏེར་འཇུག་དགོས་ཤིང་ཤུག་དུད་སོགས་གཙང་སྦྲ་གང་ཐོན་བྱེད་པ་ཆོ་ག་ནས་གསུངས་པ་ལྟར་རོ།། ཕན་ནུས་ཀྱང་ཇོ་བོ་རྗེ་དཔལ་མར་མེ་མཛད་ཀྱིས།  སློབ་དཔོན་བྱམས་པ་ཆེ་བ། བཙུན་པ་ཚེ་རིང་ཞིང་ཚུལ་དང་མཐུན་པ། དགེ་འདུན་གྱི་སྡེ་མཐུན་པ་དང་བཀྲ་ཤིས་པ། བསོད་ནམས་དང་ལོངས་སྤྱོད་འཕེལ་བ། ནད་དང་གདོན་བགེགས་བཟློག་པ། ཡུལ་བདེ་ཉམས་དགའ་དཔག་ཏུ་མེད་པ་འབྱུང་གསུངས།

༄༅།།གསེར་སྐྱེམས་འབུལ་ཚུལ།

གསེར་སྐྱེམས་ཞེས་པའི་ཐ་སྙད་འགྲེལ་ན། གསེར་སྐྱེམས་ནི་ནང་དུ་གསེར་ཡོད་པའི་སྐྱེམས་ལ་མི་གོ་བར། འདིར་གསེར་ཞེས་པ་ནི་གུས་ཚིག་ཡིན་ཏེ། དཔེར་ན་བླ་མ་དང་གོང་མའི་ཞལ་ལ་གསེར་ཞལ་ཞེས་བརྗོད་པ་དང་སྐྱེམས་ནི་བཏུང་བ་སྤྱིའི་མིང་ཡིན། དེས་ན་མཐོ་བ་ལྷའི་གསེར་ཞལ་དུ་འབུལ་རྒྱུའི་སྐྱེམས་ལ་གསེར་སྐྱེམས་ཞེས་བཏགས་པ་ཡིན་ནོ། གསེར་སྐྱེམས་ནི་བཟའ་བཅའ་བཏུང་གསུམ་ལས་བཏུང་བའི་མཆོད་པ་འབུལ་བ་ཡིན་ལ། རྒྱུ་ནི་ནས་ཆང་། རྒུན་ཆང་། སྦྲང་ཆང་སོགས་ཀྱི་ཆང་ཕུད་ལ་གསེར་དངུལ་སོགས་རིན་པོ་ཆེ་དང་། སྨན་སྣ། འབྲུ་སྣ་སོགས་རྡོག་པོའམ་དེ་དག་གི་ཕྱེ་མ་བཏབ་པ་ལ་ཟེར། རིགས་ཀྱང་སྣ་ཚོགས་ཡོད་དེ།  འོ་ཞོ་སོགས་ཀྱི་དཀར་སྐྱེམས། སྦྲང་རྩི་དང་བུ་རམ་གྱི་མངར་སྐྱེམས། གསེར་དངུལ་སོགས་བཏབ་པའི་གསེར་སྐྱེམས། ནས་ཆང་རྒུན་ཆང་སོགས་ཀྱི་མྱོས་བྱེད་ཀྱི་སྐྱེམས་སོགས་ཡོད་དོ། མགྲོན་སྤྱན་འདྲེན་པ། རྫས་བྱིན་གྱིས་རླབས་པ། བར་དུ་མཆོད་པ་འབུལ་བ། མཇུག་ཏུ་འཕྲིན་ལས་བཅོལ་བ་སོགས་སྤྱིའི་ལུགས་ལྟར་རོ།། གསེར་སྐྱེམས་ནི་སེར་སྲུང་བཙའ་ཐན་བཟློག་པ། ཟོར་དང་དངོས་གླུད་གཏོང་བ། ཞི་རྒྱས་དབང་དྲག་གང་བྱེད་ཀྱང་སྔོན་དུ་འགྲོ་བ་མེད་མི་རུང་གསུངས།

༄༅།།མདའ་རྩེད་ངོ་སྤྲོད།

དེབ་ཐེར་སོགས་ལས། དང་བོ་གནོད་སྦྱིན་ནག་པོ་བྱ་བ་བྱུང་སྟེ། ཡུལ་གྱི་མིང་ཡང་བཟང་ཡུལ་རྒྱན་མེད་བྱ་བར་བཏགས། ལག་ཆར་མདའ་གཞུ་འཕེན་པ་དེ་ནས་བྱུང་། ཞེས་པ་ལྟར། དབང་མཛད་བཅུ་གཉིས་ཀྱི་ཐོག་མའི་དུས་ནས་བཟུང་མདའ་གཞུ་དར་ཞིང་། རང་སྲུང་སྲོག་སྐྱོབ་དང་། ལྟོ་རྒྱབ་ཟས་གོས། རི་དྭགས་རྔོན་ལས་ལ་བཀོལ། མདའ་རྩེད་འདི་བོད་ཀྱི་སྐྱེས་པ་རྣམས་དགའ་བོ་བྱེད་པའི་གནའ་དུས་ཀྱི་ལུས་རྩལ་རྣམ་གྲངས་ཤིག་ཀྱང་ཡིན་ཏེ། སྲོང་བཙན་གྱི་དུས་དེར་ར་ས་གཙུག་ལག་ཁང་གི་ལྡེབས་རིས་སུ་མདའ་རྩེད་ཀྱི་རི་མོ་བཀོད་པ་ད་ལྟའང་མཐོང་རྒྱུ་ཡོད་པ་ལྟར་རོ།། མདའ་ལ་ངོ་བོའི་ཆ་ནས། རྒྱང་མདའ། གནམ་མདའ། བི་ཤུ་སོགས་དང་། རྒྱུའི་ཆ་ནས་ལྕགས་མདའ། གསོམ་མདའ། སྐྱེེར་མདའ། སྨྱུག་མདའ་སོགས་དང་། སྒྲོའི་སྒོ་ནས། གླག་སྒྲོ་མ། རྒོད་སྒྲོ་མ། ཁྲ་སྒྲོ་མ། འུག་སྒྲོ་མ་བཅས་སོ།། མདོ་སྨད་དུ་མདའ་རྩེད་དར་ཚུལ་ལ། མ་ལྟ་བུ་གཉིས་དང་། བུ་ལྟ་བུ་གཅིག་ཅེས་བཤད་ཚུལ་ཡོད་དེ། 

༡ མདོ་སྨད་པ་ཕལ་ཆེར་བཙན་པོའི་མཐའ་མཚམས་སྲུང་བའི་དམག་གི་རྒྱུད་པ་ཡིན་པས། དམག་དཔུང་ཕན་ཚུན་རྒྱལ་ཕམ་གྱི་སྐུགས་བཞག་ནས་མདའ་རྩལ་འགྲན་པ་ལས་རིམ་གྱིས་དར་མ་ལྟ་བུ་གཅིག་དང་། 

༢ ལྷ་ལུང་དཔལ་རྡོར་གྱིས་བོད་རྒྱལ་བཀྲོངས་ནས་རྨ་འགྲམ་རྡོ་རྗེ་བྲག་ལ་བྲོས་བྱོལ་དུ་ཕེབས་ནས་མདའ་གཞུ་བྲག་འོག་ཏུ་སྦས་པ། ས་དེའི་མི་རྣམས་ཀྱིས་རྗེས་དྲན་གྱི་ཚུལ་དུ་མདའ་རྩེད་དགའ་སྟོན་བྱུང་བ་ཡང་མ་ལྟ་བུ་གཅིག་གོ།

༣ གླིང་རྗེ་གེ་སར་རྒྱལ་བོས་ཕྱོགས་བཞིའི་དགྲ་བཞི་བཏུལ། རྫོང་ཆེན་བཅོ་བརྒྱད་ཕབ་པའི་མཚོན་གྱི་གཙོ་བོ་མདའ་གཞུ་ལ་བརྟེན་པ་དང་། བཀའ་བློན་འདན་མ་སོགས་ཉག་ཕྲན་མདའ་ལ་དབང་འབྱོར་བའང་མང་བོ་བྱུང་བས། མདའ་གཞུའི་ཆེ་བ་འདོན་ཕྱིར་མདའ་རྩེད་དང་དགའ་སྟོན་ལས་དར་བ་ནི་བུ་ལྟ་བུ་གཅིག་གོ།

དེས་ན་མདའ་རྩེད་ནི་ལོ་རྒྱུས་ཀྱི་རྒྱུན་ཆེས་རིང་བའི་དམངས་སྲོལ་གྱི་ལུས་རྩལ་ཁྱད་པར་བ་ཞིག་གོ།།

༄༅།།ལ་གཞས།

གླུ་གཞས་ནི་ཆོས་འབྱུང་སྦྲང་རྩིའི་བཅུད་ལས། བོད་ཀྱི་རྒྱལ་བོ་ལ་སྔ་བ་རྗེ་གཉའ་ཁྲི་བཙན་པོ་ཡིན་ལ། དེའི་སྐུ་རིང་ལ། གཏམ་རྒྱུད་དང་། སྒྲུང་རྒྱུད་དང་། སྡེབ་སྦྱོར་དང་། བཀའི་ཀུགས་དང་། བྲོ་གར་དང་། གླུ་གཞས་དང་། ཤོན་རྩེད་དང་། རྩེད་འཇོ་ལ་སོགས་པ་བྱུང་བ་ཡིན་ནོ།།  ཞེས་པ་ལྟར་ཐོག་མའི་དུས་ནས་དར་བ་ཞིག་ཡིན། ལ་གཞས་ཀྱང་འཇིག་རྟེན་ཕོ་མོའི་ཞེ་སྣང་བའམ་དུངས་སེམས་མཚོན་པའི་སྐད་ཆའི་སྒྱུ་རྩལ་ཞིག་དང་། ཤོ་ལོ་ཀ་རེ་རེ་དཔེ་དང་དཔེ་ཅན་གཉིས་ཀྱིས་གྲུབ་ཅིང་། ཁ་གསལ་ལ་སྡེབ་ལེགས་པའི་ངག་ཐོག་གི་སྙན་རྩོམ་ཁྱད་པར་བ་ཞིག་གོ།། ནང་དོན་གྱི་ཆ་ནས་གནང་བ་ཞུ་བའི་སྐོར། འགོ་རྩོམ་པའི་སྐོར། རོགས་འགྲོགས་པའི་སྐོར། རོགས་མཐུན་པའི་སྐོར། རོགས་འགལ་བའི་སྐོར། རོགས་དྲན་པའི་སྐོར། བདེ་མོ་འཇོག་པ་སོགས་ཡོད། རྩོམ་ལུས་ཀྱི་ཆ་ནས་དྲུག་ཚིག  བདུན་ཚིག  དགུ་ཚིག་སོགས་ཡོད། མིང་གི་ཁྱད་པར་ལ། ཡུལ་གླུ། རི་གླུ། ལ་གླུ། ལ་གཞས་སོགས་ཟེར། མཚོ་སྔོན་དང་། རྨ་ལྷོ། རྔ་བ་སོགས་སུ་དར་ཁྱབ་ཆེན་པོ་བྱུང་ཡོད།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།