དམངས་ཁྲོད་དད་མོས་ཀྱི་སྤྱི་ཚོགས་ཕན་ནུས།

80fc8bef08917bdd8b745236cc77f471.jpg

ཁོའི་མིང་ལ་གཅན་ཚ་བཀྲ་བྷོ་དང་སྨྱུག་མིང་ལ་གཅན་ཉི་གཞོན་ཟེར་ཞིང་། སྤྱི་ལོ1962ལོར་གཅན་ཚ་རྫོང་ཚོ་དྲུག་ཡུལ་ཚོ་གནམ་གོང་བ་སྡེ་བ་རུ་སྐྱེས། ཆུང་དུས་ནས་སློབ་གྲྭ་འགྲིམ་པའི་སྐལ་བ་བྱུང་སྟེ། སློབ་གྲྭ་ཆུང་འབྲིང་རིམ་གྱིས་མཐར་ཐོན།   1982ལོའི་ཟླ་བདུན་པ་ནས1987ལོའི་ཟླ་བདུན་པའི་བར་དུ་གཅན་ཚ་རྫོང་མི་རིགས་སློབ་འབྲིང་ནས་དགེ་རྒན་གྱི་འགན་ཁུར།   1987ལོ་ནས་1991ལོའི་བར་དུ་མཚོ་སྔོན་མི་རིགས་སློབ་ཆེན་ནས་སློབ་གཉེར་བྱས།    སློབ་ཆེན་མཐར་ཕྱིན་པའི་ལོ་དེ་ནས་ད་རག་བར་དུ་མཚོ་སྔོན་མི་རིགས་དགེ་ཐོན་སློབ་ཆེན་གྱི་དགེ་རྒན་གྱི་འགན་ཁུར་ལ། སྔ་གཞུག་ཏུ་པེ་ཅིན་དགེ་ཐོན་སློབ་ཆེན་དང་། ཀྲུང་དབྱང་མི་རིགས་སློབ་ཆེན་སོགས་ནས་བོད་ཀྱི་ལོ་རྒྱུས་དང་དམངས་སྲོལ་རིག་པར་སློབ་གཉེར་བྱས་ཤིང་སྦྱངས་འབྲས་ཀྱང་མི་དམན་པ་བླངས།ད་ལྟ་སློབ་གྲྭ་དེ་གའི་བོད་སྐད་ཡིག་དང་རྩོམ་རིག་སྡེ་ཁག་གི་སློབ་དཔོན་ཆེན་མོ་དང་བོད་ཀྱི་དམངས་ཁྲོད་རྩོམ་རིག་དང་དམངས་སྲོལ་རིག་པའི་ཞིབ་འཇུག་ཁ་ཕྱོགས་ཀྱི་ཞིབ་འཇུག་སློབ་མའི་མཛུབ་སྟོན་དགེ་རྒན་ཡིན་ལ།  སློབ་ཁྲིད་གཙོ་བོ་དང་ཞིབ་འཇུག་གི་ཁ་ཕྱོགས་ནི་བོད་ཀྱི་ལོ་རྒྱུས་དང་དམངས་སྲོལ་རིག་པ་ཡིན།   ལོ་ངོ་ཉི་ཤུ་ལྷག་གི་སློབ་ཁྲིད་ཀྱི་ཞོར་དུ་《བོད་ཀྱི་ཆོས་ལུགས་དམངས་སྲོལ་གྱི་སྣོད་བཅུད་བཏང་སྙོམས་ཐད་ཀྱི་བསམ་བློ》ཞེས་པ་དང་།   《བོད་བཙན་པོའི་སྐབས་ཀྱི་དམག་ཆས་དང་དེས་ཤན་ཤུགས་ཐེབས་པའི་ད་ལྟའི་དམངས་སྲོལ་སྣང་ཚུལ》ཞེས་པ་སོགས་དཔྱད་རྩོམ་ཞེ་གསུམ་དང་།《དམངས་སྲོལ་རིག་པའི་སྤྱི་དོན》ཞེས་པ་དང་《དམངས་སྲོལ་འཚོལ་སྡུད་དང་ཞིབ་འཇུག》ཅེས་པ་སོགས་བརྩམས་དེབ་ལྔ་འགྲེམ་སྤེལ་བྱས་ཤིང་། ཉེ་བའི་ལོ་དག་ལ་རང་ཉིད་ཀྱིས་མགོ་འཛིན་བྱེད་པའི་རྒྱལ་ཁབ་རིམ་པའི་ལས་གཞི་གཉིས་ད་ལྟར་འགྲུབ་ལེར་ཡོད་ལ། ལས་གཞི་གཞན་གསུམ་ལ་རོགས་སྒྲུབ་བྱེད་རྒྱུ་ཡོད།

གཞན་ལོ་འདི་གའི་རིང་ལ་མཚོ་སྔོན་བོད་སྐད་བརྙན་འཕྲིན་ཁང་དང་། རླུང་འཕྲིན་ཁང་སོགས་ཀྱིས་རེ་བ་དང་གདན་ཞུ་ལྟར་བོད་ཀྱི་ལོ་རྒྱུས་དང་དམངས་སྲོལ་རིག་གནས་འཆད་ཁྲིད་དང་དཔྱད་གླེང་ཐེངས 25 ཙམ་བྱས་མྱོང་ཞིང་། དེ་མ་ཟད། ལོ་འདི་འགའི་རིང་ལ་རིག་གཞུང་ཞིབ་འཇུག་ཐད་དང་སློབ་ཁྲིད་ཐད་ནས་ཞིང་ཆེན་རིམ་པ་སོགས་ཀྱི་བྱ་དགའ་དང་མཚན་སྙན་ཡང་གསུམ་ཙམ་ཐོབ་མྱོང་།


  དམངས་ཁྲོད་དད་མོས་ཀྱི་སྤྱི་ཚོགས་ཕན་ནུས།

རྩོམ་ཡིག་འདིར་དམངས་སྲོལ་རིག་པའི་གཞུང་ལུགས་ཐད་ཀྱི་དམངས་སྲོལ་ཚོད་འཛིན་སྨྲ་བའི་གཞུང་ལུགས་གཞིར་བཟུང་ནས་བྲིས་པ་ཞིག་ཡིན་ལ།འདིར་གཙོ་བོ་སྒྲ་དོག་འཇུག་ལྟར་གྱི་དམངས་ཁྲོད་དད་མོས་ཀྱི་ནང་དོན་དང་ཁྱབ་ཁོངས།དམངས་སྲོལ་གྱི་གྲུབ་ཆ་དང་ཕན་ཚུན་གྱི་འབྲེལ་་པ་སོགས་བརྗོད་དེ།དམངས་སྲོལ་ལ་སྤྱི་ཚོགས་ཚད་གཞི་ཅན་དང་མི་རྣམས་ཚུལ་ལྡན་དུ་གཏོང་བའི་བཅའ་ཁྲིམས་ལྟ་བུའི་ནུས་པ་ཡོད་པ་བྲིས་ཡོད།

དང་པོ། དམངས་ཁྲོད་དད་མོས་ཀྱི་ནང་དོན།

དམངས་ཁྲོད་དད་མོས་ནི་དམངས་ཁྲོད་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་རེད། དེ་ནི་མིའི་རིགས་ཀྱི་སེམས་ཁམས་དང་བྱ་བྱེད་སྣ་ཚོགས་པ་ལས་ཕྱིར་མངོན་དང་མངོན་བཞིན་པའི་དམངས་ཁྲོད་ཀྱི་རིག་གནས་ཤིག་སྟེ། མི་རིགས་ཀྱི་བསམ་བློ་དང་། རིག་གནས་གཉིས་ཀའི་ཆ་ཟུང་དུ་འབྲེལ་པའི་ཉིང་བཅུད་དང་། མི་རིགས་གཅིག་སྦྲེལ་གྱི་རྒྱུ་་རྐྱེན་ཡང་གཙོ་བོ་རེད།

དེ་ཡང། དམངས་ཁྲོད་དད་མོས་ལ་གོ་བ་ལེན་སྟངས་ཐད་གོ་སླ་ལ་འཛིན་བདེ་བའི་ཕྱིར། སྒྲ་ཡངས་དོག་གཉིས་སུ་ཕྱེ་ན ། སྒྲ་ཡངས་འཇུག་ནི། རང་བྱུང་ལས་བརྒལ་བའི་སྟོབས་ཤུགས་དེར་དད་མོས་བྱེད་པའི་ཆོས་སྤྱོད་ཡོད་ཚད་ལ་ཟེར་ཞིང་། མདོ་དེད་ན་རྒྱ་ཆེ་བའི་མང་ཚོགས་རྣམས་ཀྱིས་སྒེར་དང་ཚོགས་པ་གང་རུང་གིས་འཇིག་རྟེན་བྱེད་པོ་དང་། སྐྱབས་མགོན་ཡེ་ཤུ། སྟོན་པ་སངས་རྒྱས་སོགས་ལྟ་སྒོམ་སྤྱོད་གསུམ་ཚང་བའི་ཆོས་ལུགས་དང་། དེ་མིན་ལྷ་ཀླུ་གཉན་གསུམ་ལ་དད་པ་བྱེད་པའི་བྱ་བྱེད་དང་ཆོ་ག་ཐམས་ཅད་འདིར་འདུ་བའོ།། སྒྲ་དོག་འཇུག་ལྟར་ན། ལྟ་སྒོམ་སྤྱོད་གསུམ་ཚང་བའི་ཆོས་གཞུང་དག་མིན་པར། དད་མོས་མཁན་རང་ཉིད་ལས་འཕགས་ཤིང་མི་མངོན་པའི་སྟོབས་ཤུགས་དང་ལྡན་པའི་འཇིག་རྟེན་གྱི་ཆོས་སྤྱོད་མཐའ་དག་ལ་ཟེར། ད་ལྟ་རྒྱལ་ཁབ་ཕྱི་ནང་གི་དམངས་སྲོལ་རིག་པ་སྨྲ་བ་དག་གིས་ཞིབ་འཇུག་བྱས་དང་བྱེད་བཞིན་པའང་སྒྲ་དོག་འཇུག་གི་དམངས་ཁྲོད་དད་མོས་ལ་གོ་ཞིང་། ཕྲན་གྱིས་བརྗོད་འདོད་པ་ཡང་དེའོ།།

བོད་རིགས་མི་དམངས་ལ་མཚོན་ན། དེ་ནི་ནམ་ཡང་ཚེ་ལ་འདི་ཕྱི་གཉིས་ལས་འདི་དང་། འཇིག་རྟེན་ལ་དག་མ་དག་གཉིས་ལས་མ་དག་པའི་འཇིག་རྟེན་དུ་ངོས་འཛིན་རྒྱུ་ཡོད་པ་ལྟ་བུར་སྣང་ཡང་། དོན་དངོས་སུ་མང་ཚོགས་རྣམས་ཀྱིས་རང་ཉིད་ཀྱི་བདེ་སྡུག་གི་ཆེད་དུ་རང་ལས་ནུས་སྟོབས་དང་རྫུ་འཕྲུལ་མངའ་བའི་ལྷ་ཀླུ་གཉན་གསུམ་གྱི་ཚོགས་དག་མགོན་དང་སྐྱབས་སུ་བཀུར་ཏེ། དད་པ་དང་མཆོད་འབུལ་བྱེད་པ་ནི་འདིར་བརྗོད་འདོད་ཀྱི་དམངས་ཁྲོད་དད་མོས་རེད།

དེ་ནི་འཇིགས་སྐྲག་དང་། བདེ་སྡུག ཤི་གསོན། སེམས་ཁྲལ། ཡིད་སྨོན་གྱི་སེམས་བྱུང་སོགས་ལས་བྱུང་བ་རེད། དམངས་ཁྲོད་དད་མོས་ཟེར་བ་ནི་ཆོས་ལུགས་གྲུབ་མཐའ་གཞན་དང་མི་འདྲ་བར་ཆོས་མང་མཉམ་བསྲེས་དང་། ལྷ་མང་འདེམ་དད་བྱས་དང་བྱེད་བཞིན་པ་མ་ཟད། ད་དུང་ཆོས་གཞུང་གཞན་དང་ཁྱད་པར་ཡོད་པ་གཙོ་བོའི་ཆ་ནི་དགོན་པ་ལྟ་བུའི་གཏན་འཁེལ་གྱི་གནས་དང་རྩ་འཛུགས་མེད་པ་དང་། ཆེས་མཐོ་བའི་དད་ཡུལ་གྱི་སྟོན་པ་དང་དེའི་ལུགས་འཛིན་གྱི་གྲུབ་མཐའ་མི་གསལ་བ། འཐུས་ཚང་བའི་གཞུང་ལུགས་ཀྱི་མ་ལག་དང་ཆོས་སྤྱོད་མི་སྣ་ལ་མདོ་རྒྱུད་དང་མཐུན་པའི་ཆོས་གོས་དང་ཕྱག་མཚན་མེད་པ། ཁྱད་པར་དུ་ལྷ་ལ་ལས་རིགས་རང་བཞིན་ཧ་ཅང་ལྡན་པས་ནམ་རྒྱུན་ལས་རིགས་སྣ་ཚོགས་གཉེར་བཞིན་པའི་བོད་རིགས་མང་ཚོགས་ཀྱིས་དགའ་བསུ་ཐོབ་པ་རེད།

དེ་ཡང་། བོད་ཀྱི་ལྷ་མང་སྨྲ་བའི་དམངས་ཁྲོད་དད་མོས་ཀྱི་ནང་དོན་ཅུང་ཁ་གསལ་དུ་བརྗོད་ན། ཇི་སྐད་དུ། ཕྱྭ་གཤེན་ཐེག་པ་གཏོ་དཔྱད་ཇུ་ཐིག་དང་།། མོ་པྲ་དབྱངས་འཆར་རྩིས་དང་སྨན་ལ་སོགས།། ཞེས་པ་ལྟར། ལྷ་ཕྱྭ་དང་། ཁྱིམ་ཕྱྭ། མགྲོན་ཕྱྭ །གྲོགས་ཕྱྭ། ནོར་ཕྱྭ། དོན་ཕྱྭ། ནད་ཕྱྭ། དགྲ་ཕྱྭ། སྲོག་ཕྱྭ །སྲིད་ཕྱྭ། གདོན་ཕྱྭ། ཚོང་ཕྱྭ། ལམ་ཕྱྭ་སོགས་གཡང་འགུགས་པའི་རིག་པ་དང་། འགལ་བ་ནས་མཐུན་པ་དང་། ཉེས་པ་ནས་ལེགས་པ། མི་དགེ་བ་ནས་དགེ་བ། ལྟས་ངན་པ་ནས་བཀྲ་ཤིས་པ། རྐྱེན་ངན་པ་ནས་ཕུན་ཚོགས་སུ་བསྒྱུར་བར་བྱེད་པའི་རླུང་རྟའི་རིག་པ། སྐྱེ་འགྲོའི་ལུས་སྲོག་ལ་འཚེ་ཞིང་བར་དུ་གཅོད་པའི་ལྷ་ཀླུ་གཉན་བཙན་བསྐང་ཞིང་དགྱེས་བྱེད་ཀྱི་མདོས་དང་གླུད་ཀྱི་རིག་པ། སྐྱེས་བུའི་བླ་ཉམས་པ་དང་། ཡར་བ་དང་། སྟོར་བ་དང་། བྲོས་པ་དང་། འཁྱམས་པ་དང་། འཕྲོག་པ་དང་། བརྐུས་པ་དང་། བཀུག་པ་དག་ཕྱིར་བསླུ་ཞིང་། གཤིན་གསོན་ཀུན་ལ་ཟ་འདྲེ་དང་ཤི་གཤེད་ཀྱི་གནོད་འཚེ་འགོག་པའི་བླ་བསླུ་དང་གཤེད་འདུར་གྱི་རིག་པ། ལྷ་མི་ཀླུ་གཉན་དག་ལ་དམེ་རྨུགས་དང་། མནོལ་གྲིབ། ཐན་ལྟས། བྱུར་ཡུགས་སོགས་མི་གཙང་བའི་འབགས་པ་སེལ་ཅིང་བསང་བ་སྟེ་སེལ་བསང་ཚན་ཁྲུས་ཀྱི་རིག་པ། བྱད་ཕུར་དང་། རྦོད་གཏོང་། མནན་གཏད་སོགས་ལས་འགྲོལ་བྱེད་དབྱིངས་ཀྱི་ལྷ་ཚོགས་མཆོད་པའི་རིག་པ། ས་བདག་ཀླུ་གཉན་བཅོས་པའི་གཏོ་དཔྱད་ཀྱི་རིག་པ་སོགས་དང་། སྐྱེས་བུའི་བླ་སྲོག་དང་འབྱུང་ཁམས་ཀྱི་འབྲེལ་བ་སྟོན་ཞིང་། ལེགས་སྤེལ་ཉེས་སེལ་གཏན་ལ་འབེབས་པའི་གབ་རྩེ་དང་ཇུ་ཞག་གི་རིག་པ། ལོ་ཟླ་དང་གཟའ་སྐར་གྱི་ལེགས་ཉེས་བརྩི་བའི་སྨེ་བ་དང་སྤར་ཁའི་རིག་པ། བཟང་ངན་དང་ཕན་གནོད་ཀྱི་ལྐོག་གྱུར་སྟོན་པའི་ཇུ་ཐིག་གི་རིག་པ་སོགས་དང་། གཞན་བོད་ཀྱི་སེར་སྐྱ་ཕོ་མོ་རྣམས་ཀྱིས་རྒྱུན་དུ་ཁ་ལག་སྙིང་གསུམ་དུ་འཁྱེར་བའི་བདག་སྐྱེས་པའི་སྐྱེས་སྐར་དང་། བདག་རྒ་བའི་བདེ་སྡུག བདག་འཆི་བའི་ལམ་བུ། རུ་གཞན་དུ་སྤོ་བའི་གནས་དང་། ཡུལ་བྱེས་སུ་གྱེར་བའི་དུས། ཞིང་ཐོང་ཁ་འབྱེད་པའི་ཉིན། ཁྱིམ་གཞི་མཁར་རྩིག་པའི་ས། ཟོག་བོར་སྟོར་བྱུང་བའི་ཕྱོགས། ཆས་གཡོར་བསྐྱི་བགྱི་བའི་གཡང་སོགས་ས་སྐོ་རྡོ་སློག་གི་བཟོ་བཀོད་རྩོམ་པ་ནས་དབུ་སྐྲ་གསིལ་ལེན་གྱི་འདུ་བྱེད་སྐྱོང་བའི་བར་གྱི་བྱ་དངོས་ཆེ་མ་ཆུང་གསུམ་མཐའ་དག་ལ་མོ་ལུང་རྩིས་གསུམ་དང་།ལྷ་འབེབས་རྨི་བརྟག་གི་རིག་པ་སོགས་ཀྱི་མིང་དང་མིང་དེ་དག་གི་འཇུག་ཡུལ་དང་འཇུག་དོན་ནི་དམངས་ཁྲོད་དད་མོས་ཀྱི་འབྱུང་རྩ་དང་ཐོག་མའི་མགོ་ཁུངས་རེད། དེ་རེ་རེ་ལ་ཐུན་མིན་གྱི་ཆོ་ག་དང་། རྟགས་རྟེན་འབྲེལ་གྱི་རིག་པ། ལྟས་བཟང་ངན་གྱི་མཇུག་འབྲས་སོགས་འདིར་མང་ཞིང་སྒྱིད་ལུག་པར་དོགས་ནས་རེ་རེ་བཞིན་མ་བཀོད་པ་ཡིན། ་

གཉིས་པ། དམངས་ཁྲོད་དད་མོས་ཀྱི་ཕན་ནུས།

འཇིག་རྟེན་གྱི་རིག་གནས་གང་ཞིག་ཡིན་ཡང་དེར་ས་ཁུལ་དང་མི་རིགས་མི་འདྲ་བའི་སྤྱི་ཚོགས་སུ་དགེ་སྡིག་དང་ལེགས་ཉེས་ཀྱི་ཁྱད་ཡོད་པ་མ་གཏོགས་རིག་གནས་རང་ངོས་ནས་མཆོག་དམན་དང་མཐོ་དམའ་མེད་ལ།སྔོན་ཐོན་དང་རྗེས་ལུས་ཀྱི་ཁྱད་མི་མངའ་བར་རང་རང་ལ་རང་རང་གི་ཁོར་ཡུག་དང་དུས་བབས་དེ་རུ་དབྱར་དགུན་གྱི་ལྭ་བ་དང་འདྲ་བར་རང་རང་ལ་ནུས་པ་ཆེན་པོ་རེ་ཡོད་སྲིད།དེའི་ཕྱིར།མིའི་རིགས་ཀྱིས་རིག་གནས་གང་ཅི་ཐམས་ཅད་གསར་གཏོད་དང་།བཀོལ་སྤྱོད།རྒྱུན་སྤེལ་གྱི་ལས་ཀ་འདིར་ཞུགས་དང་འཇུག་གིན་ཡོད་པ་རེད།དེ་བཞིན་གཤམ་ནས་དམངས་ཁྲོད་དད་མོས་ཀྱི་ཕན་ནུས་མདོ་ཙམ་བརྗོད་ན།

༡ རྒྱབ་བརྟེན་གྱི་ནུས་པ།

ཆོས་ལུགས་གང་ཞིག་ཡིན་རུང་དེས་སྤྱི་ཚོགས་དང་མིའི་རིགས་ཀྱི་སེམས་ཀྱི་རེ་བ་དང་འདོད་འདུན་ཡོད་ཚད་སྐོང་ཐུབ་པའི་བཤད་རྒྱུན་ལྟར།དམངས་ཁྲོད་ཆོས་ལུགས་འདི་འང་གོང་ནས་བཤད་པ་ནང་བཞིན་གཞུང་ལུགས་ཀྱི་མ་ལག་སོགས་འཐུས་ཚང་ཞིག་མིན་ཡང་སྤྱི་ཚོགས་ཀྱི་ཕན་ནུས་ངེས་ཅན་ལྡན་པ་སྟེ།རང་རེའི་མི་རིགས་འདིའི་སྤྱི་ཚོགས་འཕེལ་བའི་ལོ་རྒྱུས་ཀྱི་བཤུལ་ལམ་རིང་མོ་འདི་ནས་འཚོལ་སྡུད་དང་ཤེས་ཚོར་བྱུང་བ་ལྟར་ན།རང་ཉིད་ཀྱི་མགོ་སྐེ་ཕྲག་གསུམ་དང་ཁ་ལག་སྙིང་གསུམ་གྱི་འཇིགས་པ་སྣ་ཚོགས་ཏེ།རྒྱལ་པོའི་འཇིགས་པ་དང་།རྐུན་པོའི་འཇིགས་པ་དང་།ཕ་རོལ་གྱི་དམག་ཚོགས་ཀྱི་འཇིགས་པ་དང་།མུ་གེའི་འཇིགས་པ་དང་།ས་གཡོས་པའི་འཇིགས་པ་དང་།སྐར་མདའ་ལྟུང་བའི་འཇིགས་པ་དང་།ལྷའི་འཇིགས་པ་དང་།ཀླུའི་འཇིགས་པ་དང་།གློག་གི་འཇིགས་པ་དང་།ནམ་མཁའ་ལྡིང་གི་འཇིགས་པ་དང་།གཅན་གཟན་ཁྲོ་བོའི་འཇིགས་པ་ལ་སོགས་ལས་སྐྱོབ་པ་དང་འདྲེན་པ།ཟློག་པ་དང་སྐྲོད་པ།འཕེལ་བ་དང་རྒྱས་པར་མཛད་པའི་མི་མངོན་པའི་རྒྱབ་བརྟེན་སྟོབས་ཤུགས་ནི་དེ་མིན་འདི་ཡིན་གྱི་དད་མོས་སྒོས་རང་གི་སྐྱབས་གནས་མང་པོ་ལ་ཕྱག་འཚལ་མཆོད་སྦྱིན་དང་བཅས་འཇིག་རྟེན་དུ་ལྷད་མེད་པའི་འཚོ་བ་ཞིག་ལ་བརྩོན་བཞིན་པ་ལྟ་བུའོ།།

༢ འཆམ་མཐུན་གྱི་ནུས་པ།

ཆོས་ལུགས་ལ་ཞིབ་འཇུག་བྱེད་པའི་ཆེད་མཁས་པ་ཞིག་གིས་གསུང་དོན།ཆོས་ལུགས་གང་ཞིག་ཡིན་རུང་དེའི་མ་ལག་ཡོད་ཚད་ནི་དོན་དངོས་སུ་ཁྱབ་བསྒྲགས་དང་ཤུགས་སྣོན་གྱི་ཐབས་གང་རུང་ལ་བརྟེན་ནས་ཚད་ལྡན་གྱི་ཀུན་སྤྱོད་ཅིག་གིས་སྤྱི་ཚོགས་གོ་རིམ་ཅན་ཞིག་ཏུ་འགྱུར་བར་སྐུལ་འདེད་དང་།སྤྱི་ཚོགས་ཁྲོད་ཀྱི་འབྲེལ་བ་སྣ་ཚོགས་སྙོམ་སྒྲིག་གི་དགོས་དབང་དུ་གསར་གཏོད་དང་བརྒྱུད་སྤེལ་བྱས་པ་རེད་ཟེར་བ་ནི་རང་ཉིད་ཀྱི་མྱོང་ཚོར་ལྟར་ན་དོན་ལ་གནས་པ་ཞིག་རེད་སྙམ་སྟེ།ཆོས་ལུགས་དད་མོས་ཀྱི་གཞུང་དང་བྱ་བྱེད་ཆོ་ག་ཞིག་ཡིན་ན།རང་ཉིད་ལ་བསམ་བློ་ཀུན་སྤྱོད་ཀྱི་ཚད་གཞི་ཚད་ལྡན་ཞིག་དང་།ཁྱད་པར་དུ།བདག་པས་གཞན་གཅེས་དང་།རྒྱུ་འབྲས་བསླུ་མེད།ཚོགས་བསགས་སྒྲིབ་སྦྱོང་།ཚདམེད་བཞི་བསྒོམས།བྱང་ཆུབ་སེམས་བསྐྱེད།སེམས་ཅན་མར་ཤེས་སོགས་ཀྱི་བླ་མེད་བསམ་བློ་གང་མང་བཏོན་ཏེ།དུས་དང་རྣམ་པ་ཀུན་ཏུ་རང་གི་ལུས་ངག་ཡིད་གསུམ་གྱི་སྒོ་རྣམས་དམ་སྲུང་སྒོས་གཞན་ཕན་གང་ནུས་བསྒྲུབ་དགོས་པ་མ་ཟད།མུ་མཐུད་དུ་སེམས་སྤྱོད་གཙང་མོས་རྣམ་ཤེས་ལ་བསམ་གཞིག་ཡང་ཡང་བྱས་ཏེ་རང་ཉིད་ཆ་ཚང་དུ་གཏོང་དགོས་པ་བསྟན་ཡོད་པས་ན།འདི་ལས་ལྷག་པའི་སྤྱི་ཚོགས་འཆམ་མཐུན་གྱི་་ས་བོན་དང་ལག་ལེན་ཞིག་གཞན་དུ་འཚོལ་རྒྱུ་མེད་པ་འདི་ནི་ཆོས་ལུགས་སམ་དམངས་ཁྲོད་ཆོས་ལུགས་ཀྱི་བླ་ན་མ་མཆིས་པའི་སྤྱི་ཚོགས་ཕན་ནུས་རེད།

༣ ཕུན་ཚོགས་ཀྱི་ནུས་པ།

དམངས་ཁྲོད་ཆོས་ལུགས་ཀྱི་ཆོ་ག་སྣ་ཚོགས་སུ་ལྷ་མཆོད་ཀླུ་འབོད་དང་། ལྷ་བསུ་ཀླུ་བསུ།ལྷ་སྐྱེལ་ཀླུ་སྐྱེལ། རྫོངས་གླུད་གཏོ་བཅོས་ལ་སོགས་པའི་རྩེད་མོ་རྣམས་དགའ་བ་དང་དད་པ།དུངས་པ་དང་སེམས་ཤུགས་བླ་ལྷག་གི་སྒོ་ནས་རྩེ་ཞིང་འཆམ་བཞིན་པར་མ་ཟད། དེ་འབྲེལ་གྱི་གླུ་ལེན་གར་རྩེ་དང་། དགའ་འབོད་ཤགས་འགྱེད་ཀྱི་རྩེད་རིགས་སྣ་ཚོགས་ལོ་འཁོར་གཅིག་ནང་གི་དུས་ཚིགས་ངེས་ཅན་རེ་ལ་གཡར་ཁྲལ་དང་འགན་འཁྲི་རུ་མི་བརྩི་བར་དགའ་སྐྱིད་དང་སྤྲོ་སྣང་གི་བཅའ་བ་རིམ་གྲོ་ཞིག་ཏུ་སེམས་ཏེ་རོལ་བཞིན་པ་དང། དེ་དང་བསྟུན་ནས་དུས་རབས་གསར་བ་དང་། སྤྱི་ཚོགས་གསར་བའི་བདེ་ཐང་དང་ཕྱུག་འགྱུར། དྲང་བདེན་དང་འཆམ་མཐུན་གྱི་སློབ་གསོ་སོགས་ཀྱང་དགའ་གསུམ་དད་གསུམ་གྱི་བར་གསེང་ནས་རང་ཤུགས་སུ་ཐོན་པ་སྟེ། གཉེན་སྲོལ་དང་དུས་སྟོན་སྣ་ཚོགས་ལྟ་བུ་ལ་མཚོན་ནའང་། རྩེད་འཇོའི་དགའ་སྟོན་ཆེན་པོ་ཞིག་དང་རིག་གནས་ཀྱི་སློབ་སྟོན་ཟབ་མོ་ཞིག་རེད་ལ།མདོར་ན། ལྷ་མི་མཉམ་རྩེ་དང་ཡུལ་ཚོ་མཉམ་སྐྱིད།ལྷ་ཀླུ་མཉམ་དགའ་དང་རྒན་གཞོན་མཉམ་མཐུན་དང་། ཆུང་བྱིས་པ་རྣམས་ཟས་གོས་དང་ཟང་ཟིང་ལ་དགའ་བ་དང་།ལང་ཚོ་དར་མ་རྣམས་མཆོད་གར་དང་རོལ་རྩེད་ལ་དགའ་བ།  རྒན་པ་མགོ་དཀར་རྣམས་རིམ་གྲོ་དང་ལྟད་མོ་ལ་རོལ་བའི་དགའ་བ་བཅས་ཀྱིས་དམངས་ཀྱི་འཚོ་བ་ལ་སྟོབས་ཤུགས་དང་བཀྲག་མདངས་སྦྱིན་བཞིན་ཡོད།

༤  བརྒྱུད་སྤེལ་གྱི་ནུས་པ།

ཕྲན་གྱིས་བལྟས་ན་བོད་ཀྱི་གདོད་མའི་ཆོས་ལུགས་དང་བོན་གྱི་ཆོས་ལུགས།སངས་རྒྱས་ཆོས་ལུགས་གསུམ་ནི་བྱུང་འཕེལ་གྱི་དུས་རིམ་དང་། གཞུང་ལུགས་ཀྱི་ཐོག་མའི་རྩ་བ་གཅིག་མཚུངས་མིན་ཡང་བོད་མི་རིགས་ཀྱི་འཚོ་བའི་གོམས་སྲོལ་ཁྲོད་གཅིག་ལ་གཅིག་བསྲེས་དང་གཅིག་ལ་གཅིག་བསྣན་གྱིས་སྤྱིའི་ངོ་བོ་གཅིག་མཚུངས་སུ་གྲུབ་སྟེ།གཞན་ལ་མེད་པའི་རང་མི་རིགས་ཀྱི་དམངས་ཁྲོད་དད་མོས་སམ་རིག་གནས་ཀྱི་ཉིང་བཅུད་དུ་གྱུར་པ་རེད། མི་རིགས་ཀྱི་བླ་སྲོག་ལྟ་བུར་གྱུར་བའི་རིག་གནས་དེ་ནི་ཞིང་འབྲོག་ཐོན་སྐྱེད་དང་། མང་འདོགས་བཙས་སྟོན། འགྲོ་འདུག་ཉལ་འཆགམཁར་རྩིག་ཁང་དབུབ།ཟས་རིག་གཡས་སྦྱོར།རྒྱན་གོས་འཚེམ་བཟོ། དམངས་གཞས་རྩེད་འཇོ། དུར་འཇུག་གཤིན་སྒྲུབ་སོགས་འཚོ་བའི་གྲུ་ཟུར་རེ་རེར་འཐིམས་ཤིང་གནས་པར་མ་ཟད། མི་ཚེ་ཆོ་སྒྲུབ་ཀྱི་བྱ་བྱེད་སྣ་ཚོགས་ལ་མཚོན་ནའང་། དད་མོས་གཙོ་བཅས་ནང་སེམས་ཀྱི་ཆོས་ལུགས་འདུ་ཤེས་དང་། བྱ་བྱེད་ལག་ལེན་གྱི་ཆོ་གའི་རིག་གནས་མང་པོ་དང་སྦྲགས་ནས་མི་རིགས་རིག་གནས་བརྒྱུད་སྤེལ་བྱས་དང་བྱེད་བཞིན་པ་ལྟ་བུ་རེད།

༥   བཅའ་ཁྲིམས་ཀྱི་ནུས་པ།

དམངས་ཁྲོད་དད་མོས་ཀྱི་ཆོ་ག་རུ་འཁོར་རྒྱུགས་ཆེ་བའི་འཛེམ་འཛིས་ཀྱི་དད་མོས་ལྟ་བུ་ནི་རང་བྱུང་ལས་བརྒལ་བའི་ནུས་པ་ལ་འཇིགས་སྐྲག་དང་གུས་བཀུར་གྱི་སེམས་ཁམས་ལས་བྱུང་ཞིང་། མིའི་སེམས་ཁམས་ལ་སྒྲིག་བཅོས་དང་སྲུང་སྐྱོབ་ཀྱི་ཡོ་བྱད་དུ་གྲུབ་ལ་ནུས་པའང་ངེས་ཅན་ལྡན། འཛེམ་འཛིས་ནི་མིའི་རིགས་ཀྱི་ཆེས་སྔ་བའི་གཟུགས་མེད་ཀྱི་ཁྲིམས་ལུགས་ཡིན། དེའི་མི་མངོན་པའི་ནུས་པས་སྤྱི་ཚོགས་ཁོངས་མིའི་ལུས་ངག་ཡིད་གསུམ་གྱི་བྱ་བྱེད་སྣ་ཚོགས་ལ་ཚོད་འཛིན་སྒོས་འཆམ་མཐུན་གྱི་སེམས་ཁམས་ཤིག་དང་། འཆམ་མཐུན་གྱི་ཁོར་ཡུག་ཅིག་བསྐྲུན་རྒྱུ་ཡོད་པ་ལྟ་བུ་རེད།

དེ་ཡང་། དད་མོས་ཀྱི་ཆོ་གའི་རིམ་པ་ནས་བརྟགས་ན།འཛེམ་འཛིས་ཀྱི་བརྒྱུད་རིམ་ཐམས་ཅད་ནི་ཞི་འཇགས་དང་དོན་ཉུང་གི་སྐབས་བབ་ཡག་ཤོས་ཤིག་དང་། འཇིགས་སྣང་དང་རྣམ་རྟོག་གིས་དབེན་པའི་སེམས་ཁམས་བདེ་ལྷོད་ཀྱི་དུས་བཟང་པོ་རེད། དེའི་ཕྱིར། མི་རྣམས་ཀྱིས་དེ་ནི་སྤྱི་ཚོགས་འཆིང་སྡོམ་དང་སྤྱི་ཚོགས་བདེ་སྐྱོང་གི་བཅའ་ཁྲིམས་ལྟ་བུ་ལ་བརྩི་རྒྱུ་ཡོད་ལ། དོན་དངོས་དང་ཡང་མཐུན་ཏེ།རི་ལུང་ཐང་གསུམ་དུ་ས་རྐོ་རྡོ་སློག་བྱེད་པར་འཛེམས་པ་དང་། རྩི་ཤིང་ནགས་ཚལ་འབལ་འབྲེག་གཅོད་གསུམ་ལ་འཛེམས་པ། སྦལ་ལྕོང་སྦྲུལ་གསུམ་ཁ་ཟས་སུ་རོལ་བར་འཛེམས་པ་སྟེ། སྡིག་སྤོང་དགེ་སྒྲུབ་དང་། སྤྱི་ཚོགས་འཆམ་མཐུན། སྣོད་བཅུད་བཏང་སྙོམས་བཅས་བྱེད་པའི་ཁྲིམས་རེད།

༦  ཁྲིམས་དཔོན་གྱི་ནུས་པ།

ལྷ་པ་དང་མོ་བ་རྩིས་པ་བཅས་ནི་དམངས་ཁྲོད་དད་མོས་ཁྲོད་ཀྱི་གཙོ་བོ་དང་སྲོག་སྙིང་ལྟ་བུར་གྱུར་ཡོད་པ་མ་ཟད། དད་མོས་ཀྱི་བྱ་བའི་གོ་རིམ་མང་ཆེ་ཤོས་སུ་མེད་དུ་མི་རུང་བའི་གྲུབ་ཆ་གལ་ཆེན་ཞིག་སྟེ།བཀོད་འདོམས་པ་དང་། སྒྲིག་འཛུགས་པ།ལུང་སྟོན་པ། ཆོ་སྒྲུབ་པ་སོགས་ཀྱི་ནུས་པ་ཐོན་རྒྱུ་ཡོད་པས། བོད་རིགས་རྒན་དར་གཞོན་གསུམ་ཚང་མས་དང་དོད་ཆེན་པོ་བྱེད་རྒྱུ་ཡོད

དེ་ཡང་། མི་སྣ་དེ་དག་ནི་སུ་ཡིན་རུང་ཆོག་པ་ཞིག་དང་། གང་བྱས་ཀྱང་བརྩི་དགོས་པ་ཞིག་མ་ཡིན་པར་བདམས་ཐོན་གཏན་འཁེལ་ལ་ཉམས་སད་ཚོད་བགམ་དང་བཅའ་བ་རིམ་གྲོ་སོགས་བརྒྱུད་རིམ་མང་པོ་ཞིག་བརྒྱུད་དགོས་ལ། བརྒྱུད་རིམ་དེ་ཡང་དམངས་ཁྲོད་དད་མོས་སམ་དམངས་ཁྲོད་ཆོས་ལུགས་བྱ་འགུལ་ནང་གི་གལ་ཆེན་འགངས་ཆེན་ཞིག་ཏུ་བརྩི་རྒྱུ་ཡོད།

༧ རིགས་རུས་གསལ་འབྱེད་ཀྱི་ནུས་པ།

རུས་བླ་ལ་དད་པ་བྱེད་པ་ནི་དད་མོས་ཀུན་གྱི་གོང་མ་དང་ཐོག་མ་རེད་སྙམ། རྒྱུ་མཚན་ནི་རྒྱལ་ཁབ་དང་མི་རིགས་མང་པོ་ཞིག་གི་མིའི་རིགས་ཀྱི་ལོ་རྒྱུས་དང་དམངས་ཁྲོད་ཆོས་ལུགས་ཀྱི་བྱུང་འཕེལ་སོགས་ལ་བལྟས་ན་རུས་བླ་ནི་སྲོག་གི་སྐྱབས་དང་། རུས་ཀྱི་བདག་པོ་སྟེ། རང་གི་མེས་པོ་དང་གཅིག་འདྲར་ལྟ་ཞིང་། དེ་ལ་དད་གུས་དང་བཀུར་སྟི་བྱེད་པ་ནི་དམངས་ཁྲོད་དད་མོས་ཀྱི་མགོ་ཁུངས་སུ་འཁུམས་པས་སོ།།

དེ་བས། རུས་བླ་ནི་བྱུང་བ་སྔ་ལ་ནང་དོན་ཕུན་སུམ་པས་ཆོས་ལུགས་དང་རིག་གནས་ཀྱི་འགོ་ཁུངས་དང་། རི་མོའི་དན་རྟགས་དང་དེར་བརྟེན་རིགས་རུས་ངོས་འཛིན་གྱིས་གཉེན་སྒྲིག་ལམ་ལུགས་དང་དེའི་འབྲེལ་ཡོད་རིག་གནས་མང་པོ་ཞིག་གསལ་བར་བྱེད་དོ།།


ཟུར་ལྟའི་དཔྱད་གཞི།

༡ མཁར་རྨེའུ་བསམ་གཏན་གྱི་གསུང་རྩོམ་ཕྱོགས་བསྒྲིགས་མདའ་དང་འཕང་། སྟོད་ཆ།  སྨད་ཆ།   ༢༠༠༧ལོར་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན། 

༢ ནམ་མཁའི་ནོར་བུའི་གསུང་རྩོམ་ཕྱོགས་བསྒྲིགས།  ༢༠༠༩ལོར་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན།

༣ ཨ་མགྲོན་མཁས་བཙུན་སོགས་ཀྱིས་མཛད་པའི་རེབ་ཀོང་སྔགས་མང་གི་སྐར་ཡིག་ཕྱོགས་བསྒྲིགས།  ༢༠༠༨ལོར་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན།

༤ བསྟོད་སྨོན་ཕྱོགས་བསྒྲིགས་ལས་གདུགས་དཀར་མཆོག་གྲུབ་མ།  ༢༠༠༨ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།