ཀྲུང་གོ་བོད་ཀྱི་དྲ་བ།

བོད་ཀྱི་རྒྱན་ཆ།

ཡོང་ཁུངས། : གངས་ལྗོངས་ཉི་གཞོན།     སྤེལ་དུས། : 2016-09-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

བོད་ཀྱི་སྐྱེས་པའི་རྒྱན་ཆ་ལ།  མགོ་རྒྱན་ཁམས་ཕྱོགས་སུ་དངུལ་སྐུད་དཀྲིས་པའི་སྐྲ་འཕན་དམར་པོ་དང་ནག་པོ་གཉིས། སྐྲ་རྒྱན་བ་སོའི་མཐེབ་ཀོར་དང་བྱུ་རུའི་ཕྲ་རྒྱན་ཅན་གྱི་འགུ་བ་ཆེན་པོ་གཉིས།མགོ་དཀྲིས་ཨ་ལྡི། རྣ་བར་དངུལ་གྱི་ཨ་ལོང་དང་གསེར་རྣ་ཚེ་བུམ་མ།སྐེ་ལ་གཟི་དང་བྱུ་རུ་སྤེལ་མའི་སྐེ་ཞགས་གཅིག་ནས་གསུམ་བར། གསེར་དངུལ་གང་རུང་གི་མགུལ་ག གསེར་དངུལ་གྱི་འབའ་རྗེས། རྒྱབ་ཏུ་བོག་དངུལ་གྱིས་ཤན་པའི་བོག་ར་དང་བཅས་པ། ལག་པར་བ་སོའི་གདུ་བུ། བ་སོའི་ཕྲེང་བ། མཐེ་བོར་བ་སོ་དང་གཡང་ཊིའི་མཐེབ་ཀོར་གང་རུང་། མཛུབ་མོར་གསེར་འགུག་གཟིའི་འཕྲ་རྒྱན་དང་དངུལ་འགུག་བྱུ་རུའི་འཕྲ་རྒྱན་ཅན་མང་ཉུང་སྣ་ཚོགས། རྐེད་པར་སྐ་རགས་ཀྱི་སྟེང་དུ་མདའ་ཕྲེང་། གློ་གཡས་སུ་དབྱིན་ཇིའི་ཁ་གྲི་དང་མེ་ཆ་དངུལ་ཤན་འཕྲ་རྒྱན་ཅན། གློ་གཡོན་དུ་འབའ་ཁུག་དངུལ་ཤན་ཕྲ་རྒྱན་ཅན། གློ་གཡོན་དུ་འབའ་ཁུག་དངུལ་ཤན་ཕྲ་རྒྱན་ཅན། མདུན་ཕྱོགས་སྐ་རགས་བསྣོལ་མར་བཅིངས་པའི་གསེབ་ནས་རལ་གྲི་རིང་པོ་དངུལ་གྱི་ཤུབས་ལ་ཟངས་གསེར་གྱི་པ་ཏྲའི་སྟེང་བྱུ་རུ་མཛོ་མིག་མའི་འཕྲ་རྒྱན་གྱིས་མཛེས་པ་བཅས་སོ།།

68e3c19c025359f790f6d4652b0443e7.jpg

སྐྱེས་མའི་རྒྱན་ཆ་ལ་མི་འདྲ་བ་ཤིན་ཏུ་མང་། དབུས་ཕྱོགས་ཀྱི་ལུགས་གོང་དུ་སོང་། མདོ་ཁམས་གཉིས་ལས་ཁམས་སྡེ་དགེའི་ཕྱོགས་ཀྱི་སྐྱེས་མའི་མགོ་རྒྱན་ལ། སྤྱི་གཙུག་ཏུ་གསེར་དང་ཡང་ན་ཟངས་གསེར་གྱི་མེ་ཏོག་གཡུ་ཡི་ཕྲ་ཅན། ཡང་ན་སྤོས་ཤེལ་བྱུ་རུའི་ཏོག་ཅན། དཔྲལ་བ་དང་ལྟག་པར་གཡུའི་འཕྱང་འཕྲུ་ཅན། ལི་ཐང་ཕྱོགས་སུ་ཐོད་པའི་གཡས་གཡོན་དངུལ་དང་གསེར་གྱི་མེ་ཏོག་ཆེན་པོ་གཉིས་འདོགས་པ་དང་། ཉག་རོང་དུ་སྡེ་དགེ་དང་ཕྱོགས་མཚུངས་ཀྱི་གཙུག་རྒྱན་སྤོས་ཤེལ་གྱི་སྟེང་བྱུ་རུ་རྒྱལ་མོ་ལག་པ་ཞེས་བྱུ་རུ་ཤིང་གི་ཡལ་ག་ལྟ་བུས་ཏོག་བྱེད་པ་དང་། ཐོད་འཕྱང་དང་ཟུར་འཕྱང་ཞེས་བཞི་འགོ་སྣམ་དམར་པོ་མཐའ་ཤན་ཅན་གྱི་སྟེང་སྤོས་ཤེལ་གྱིས་བརྒྱན་པ་ལ་བྱུ་རུ་ཞིབ་ཙམ་གྱི་འཕྱང་འཕྲུལ་གོང་འོག་གཉིས་རེ། འབའ་ཐང་ཕྱོགས་དངུལ་སྐུད་ཀྱིས་དཀྲིས་པའི་སྟོང་སྐུད་ཀྱི་འཕན་གཉིས་གཤིབ་མགོ་ལ་དཀྲི་བ་དང་། སྡེ་རོང་ཕྱོགས་སུ་འགོ་འཕན་འབའ་དང་འདྲ།

84ae849f31a1d8db09d0c6055468a2ad.jpg

དངུལ་ག་སྒོར་མོའི་མདུན་ངོས་ལྟ་བུ་ཞེང་དུ་མཐོ་གང་བ་འཛོམ་ལིང་དུ་འབོད་པ་སྤྱི་གཙུག་ཏུ་འདོགས།ཤར་རྒྱལ་མོ་རོང་ཕྱོགས་ཀྱིས་མགོ་དཀྲིས་ནག་པོ་ཤིང་ལོ་པ་ཏྲའི་ཚོན་དྲུབ་ཅན་གྱི་སྟེང་ནས་སྐྲ་ལྷས་མ་དངུལ་རྒྱན་ཅན་གྱིས་དཀྲི།ཁམས་མི་ཉག་ཕྱོགས་ཀྱིས་ནི་ཞྭ་ལྷུང་གིས་སྐེ་རག་བར་སླེབ་པའི་ཞྭ་རྫུན་མཐའ་ཤན་ཅན་གྱི་ཐོག་ཏུ་སྐྲ་ལྷས་མར་འགུ་བ་རིམ་པར་བརྒྱུས་པས་དཀྲི། སྟོད་མངའ་རིས་ཀྱི་སྤུ་ཧྲེང་གི་མགོ་རྒྱན་དང་གོང་རྒྱན་འཁོར་ཆགས། གཞིས་རྩེའི་ཕྱོགས་སུ་གཙང་མོའི་སྤ་ཕྲུག་ཅེས་བྱུ་རུས་བརྒྱན་པའི་མགོ་རྒྱན་དབུས་མོའི་སྤ་ཕྲུག་ལས་ཁྱད་པར་ཅན་ཏེ། དབྱིབས་ཀྱི་སྒོ་ནས་གཙང་མོ་ཁུར་སྒའི་མགོ་རྒྱན་ཞེས་ཀྱང་འབོད་པ་ལ་སོགས་རྣམ་གྲངས་ཤིན་ཏུ་མང་ངོ། 

b81ce80c6bce25dc00e7ec62a06cfc83.jpg

 སྐྱེས་མའི་གོང་རྒྱན་ལ་ཁམས་ཤར་དུ་དངུལ་གྱི་པ་ཏྲར་བྱུ་རུའི་ཕྲ་རྒྱན་དུམ་བུ་གསུམ་གྱི་སྤྲས་ཀ་ཅན་དང་། སྤུ་ཧྲེང་གི་བུད་མེད་ལ་རྒྱུ་མུ་ཏིག་དང་བྱུ་རུ་བརྩེགས་མའི་གོང་རྒྱན་མཐོན་པོ་འཁོར་ཆགས་ཀྱི་གྲུབ་ཆར་གྱུར་པ་རིགས་གཉིས་ཙམ་དུ་མངོན།  སྐེ་རྒྱན་ལ་དབུས་གཙང་ཕྱོགས་སུ་གསེར་གྱི་གའུ་ལ་གཡུ་ཡིས་ཕྲ་རྒྱུན་མུ་ཏིག་དང་གཟི་བྱུར་སྤེལ་མའི་གཉིས་གཤིབས་དང་བཞི་གཤིབས་ཀྱི་ལུང་ཐག་ཅན། ཁམས་ཕྱོགས་ཀྱི་བུད་མེད་ལ་གའུ་སུམ་སྒྲོམ་དང་པད་འདབ་མ་སོགས་དབྱིབས་དང་ཆེ་ཆུང་སྣ་ཚོགས་ལ།གསེར་དངུལ་སྤེལ་མའམ་གསེར་གའུ་གཡུ་དང་བྱུ་རུའི་ཕྲ་ཅན། ཨ་མདོ་ཕྱོགས་སུ་བྱུ་རུ་མདོག་སྐྱ་ལ་ཆེ་བའི་སྐེ་རྒྱན་རིམ་པ་གཅིག་ནས་གསུམ་སོགས་ངེས་མེད་ལ།  ཁམས་ཕྱོགས་སུ་བྱུ་རུ་དམར་ནག་དང་གཟི་སྤེལ་མའི་སྐེ་རྒྱན་རྒྱུན་པར་རིམ་པ་གཅིག་དང་དུས་ཆེན་སོགས་ཀྱི་གསུམ་ལ་སོགས་སོ།།

c2e991682a081f2a309de0b5a31f15b3.jpg

ལག་པར་བ་སོ་དང་གཡང་ཊི། གསེར་དངུལ་གྱི་གདུ་བུ་དང་། གཡུ་བྱུར་བ་སོ་སོགས་ཀྱི་ཕྲེང་བ་རིན་པོ་ཆེའི་ཕྲེང་རྒྱན་ཅན། མཛུ་གུ་ལ་གསེར་དངུལ་གྱི་འགུ་བ་གཡུ་བྱུར་དང་གཟིའི་ཕྲ་རྒྱན་ཅན་དང་ཕྲ་རྒྱན་མེད་པའི་མཛུབ་དཀྲིས་སོགས་སོ། རྐེད་པར་དངུལ་གྱི་མེ་ཏོག་དང་གསེར་གྱི་པ་ཏྲས་བརྒྱན་པའི་ཆ་མ་དང་། ས་ཆ་འགའ་ཞིག་ཏུ་དུང་དང་། མགྲོན་བུ་དང་། དངུལ་ལོར་དང་། ཀོ་དཀར་ཀོ་དམར་ཀོ་ནག་དང་སྐྱི་སྔོན་གྱི་པ་ཏྲ་དང་ཕྲུག་ཁྲ་ལས་བྱས་པའི་རྐེད་དཀྲིས་སྣ་ཚོགས་པ་དང་། གཙང་དང་ས་སྐྱ་ཕྱོགས་སུ་རྐེད་གདན་ནམ་རྐེད་དཀྲི་དཀྲིས་པའི་སྟེང་མདུན་དུ་དངུལ་གྱི་ཙི་པ་ཏྲ་སོགས་བཀོད་པ་ཅན་གྱི་རྐེད་ཆིངས་། རྒྱལ་རོང་ཕྱོགས་སུ་སྐ་རགས་གཞི་ནག་པོའི་སྟེང་འཚེམ་དྲུབ་ཀྱི་རྒྱན་རིས་སྣ་ཚོགས་ཅན་བཅིངས་པའོ། རྐེད་པ་ནས་ཐུར་དུ་ཁམས་ཕྱོགས་གསེར་དངུལ་གྱི་གློ་ཟུར་གཡུ་བྱུར་གྱི་ཕྲ་རྒྱུན་ཅན། དུས་རྒྱུན་གྱི་འཚོ་བའི་ནང་འབའ་ཁུག་དང་གློ་ཟུང་ཆུང་ཆུང་ཡ་གཅིག་ཙམ། འབྲོག་ཁུལ་དུ་བཞོ་ལོང་། དཀར་མཛེས་ཕྱོགས་སུ་དངུལ་གྱི་རྒྱན་གྲི་གཡུ་བྱུར་གྱི་ཕྲ་རྒྱན་དུ་མ་ཅན་ནོ། 

aceaad1a512d0ee6b4879c3a30e5cff7.jpg

གཟབ་མཆོར་སྐབས། ཁམས་ལི་ཐང་དང་ཉག་རོང་ཕྱོགས་སུ་མདུན་ཕྱོགས་ཀྱི་ཆབ་མ་ནས་ཐུར་དུ་གའུ་རིམ་པ་གཅིག་ནས་གསུམ་བར་དཔྱངས་པ་ནས། གློ་ཟུང་བར་དངུལ་ཐག་ལྔ་གཤིབས་ཅན་རིམ་པ་གསུམ་གློ་ཟུང་གི་རྒྱན་སྣ་ཚོགས་བཅས་འཕྱང་འཕྲུ་ཅན། ཁམས་རྟའུ་དང་འབའ་ཕྱོགས་དངུལ་གྱི་ཕྲེང་ཚེགས་ཁྲུ་གང་བ་སྟོང་སྐུད་ཀྱི་འཕན་དང་བཅས་དང་། ཡང་ས་ཆ་འགའ་ཞིག་ཏུ་གློ་དང་མདུན་ཕྱོགས་སུ་དངུལ་ཐག་གི་དྲྭ་ཕྱེད་ལ་དངུལ་གྱི་བྱེའུ་ཁའམ་སིལ་སིལ་མང་པོས་བརྒྱན་པ་དང་། སྟོང་སྐུད་ཀྱི་འཕན་དངུལ་དཀྲིས་ཅན་འདོགས་པ་སོགས་ཀྱི་རྣམ་གྲངས་མང་ངོ་།།

ལྷམ་ནི། ཀོ་ཁྲའི་ལྷམ་སྣ་འཁྱིལ་དང་། ཕྲུག་ལྷམ་དང་། ཀོ་ནག་དང་། ཡང་ན་ལ་དགུའི་སག་ལྷག་དང་། ཕྱིང་ལྷམ་དང་འཇུ་རྟ་གྱོན་མཁན་སྲིད་མཐའ་མ་འགགས་ཙམ་མོ།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།