ཀྲུང་གོ་བོད་ཀྱི་དྲ་བ།

རྩིས་རིག་ཚན་ཁག་གི་སློབ་མར་བོད་ཡིག་སྦྱོང་བའི་ཁེ་དབང་དགོས།

ཡོང་ཁུངས། : ལུག་ཚང་དཔལ་ཡོན།   རྩོམ་པ་པོ། : འཇམ་དབྱངས་ཁེར་འགྲོ   སྤེལ་དུས། : 2016-06-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

གནད་ཚིག ཁྱིམ་ཚང་སློབ་གསོ།  དཔྱད་གླེང་།   རྩོམ་རིག   སློབ་གསོ།
 ང་ཚོས་དུས་དང་རྣམ་པ་ཀུན་ཏུ"སྐད་དང་ཡི་གེ་ནི་མི་རིགས་ཤིག་གི་བླ་སྲོག་ཏུ་གྲུབ་ཡོད།"ཅེས་ཁ་ནས་མ་ཎི་འདོན་འདོན་དུ་བཤད་ཀྱི་ཡོད་ལ། དེང་གི་དུས་སུ་ཡང་བོད་ཆོལ་ཁ་གསུམ་ནས་བོད་སྐད་ཡིག་གི་སྦྱོང་སྤྱོད་སྤེལ་གསུམ་གྱི་འབོད་སྐུལ་དྲག་པོ་བྱེད་དང་བྱེད་མུས་ཡིན་ལ། དེས་མ་ཚད་དེའི་ཐད་ལ་ཚ་ཚ་འུར་འུར་གྱི་བྱ་འགུལ་སྣ་ཚོགས་སྤེལ་བཞིན་ཡོད་པ་ནི་ང་ཚོ་ཚང་མས་ཤེས་གསལ་རེད། ངས་བྱས་ན་དེ་ནི་དགའ་འོས་པ་ཞིག་རེད་ལ་སྤོབས་པ་སྐྱེ་དགོས་པ་ཞིག་ཀྱང་ཡིན། འོན་ཀྱང་རང་རིགས་ཀྱི་སློབ་མ་མང་པོར་སློབ་ཆེན་བོད་ཡིག་ཆེད་ལས་འདེམ་རྒྱུ་མི་འདུག དེ་ནི་ངོ་མ་ཅི་འདྲའི་ཡིད་སྐྱོ་བ་ཞིག་རང་ཡཱ།

ད་ཐེངས་ངས་འདིར་གླེང་འདོད་པ་ནི་མཐོ་འབྲིང་སློབ་གྲྭ་ནས་སློབ་ཆེན་གྱི་ཆེད་ལས་འདེམ་དུས། རིག་གནས་ཚན་ཁག་གི་སློབ་མ་མ་གཏོགས་རྩིས་རིག་ཚན་ཁག་གི་སློབ་མར་བོད་ཡིག་ཆེད་ལས་འདེམ་པའི་ཁེ་དབང་མེད་པའི་གནད་དོན་དེ་ཡིན། གནད་དོན་དེ་ནི་མ་གཞི་སྔ་ནས་ད་བར་སྤྱི་གྲོས་ཤིག་ཏུ་འགྱུར་ཟིན་ན་ཡང་། ངས་ལྟས་ན་གཏན་འབེབས་དེ་འདྲ་ཞིག་བྱེད་དགོས་པའི་རྒྱུ་མཚན་གང་ཡང་མི་འདུག དེར་བརྟེན་ངས་གནད་དོན་ཁག་བཞི་ཡི་ཐོག་ནས་རིག་གནས་ཚན་ཁག་གི་སློབ་མ་དང་རྩིས་རིག་ཚན་ཁག་གི་སློབ་མ་འདྲ་མཉམ་ཡིན་པ་དང་། རིག་གནས་ཚན་ཁག་གི་སློབ་མར་བོད་ཡིག་སྦྱོང་བའི་ཁེ་དབང་ཡོད་དུས་རྩིས་རིག་ཚན་ཁག་གི་སློབ་མར་ཡང་བོད་ཡིག་སྦྱོང་བའི་ཁེ་དབང་དེ་དགོས་པའི་སྐོར་གླེང་བ་བྱ།

༡ རྩིས་རིག་ཚན་ཁག་དང་རིག་གནས་ཚན་ཁག་ལ་ཐོ་སྤོ་དུས་བོད་ཡིག་དང་འབྲེལ་བ་མེད།

ང་ཚོ་ཚང་མས་ཤེས་གསལ་རེད། རྩིས་རིག་ཚན་ཁག་དང་རིག་གནས་ཚན་ཁག་གི་ཁྱད་པར་ནི་སློབ་ཚན་གྱི་རྣམ་གྲངས་མི་འདྲ་བ་དེ་ཡིན། རྩིས་རིག་ཚན་ཁག་གིས་སློབ་མས་རྗས་འགྱུར་དང་དངོས་ཁམས། སྐྱེ་དངོས་སོགས་སྦྱོང་དགོས་པ་དང་། རིག་གནས་ཚན་ཁག་གི་སློབ་མས་ས་ཁམས་དང་ཆབ་སྲིད། ལོ་རྒྱུས་སོགས་སྦྱོང་དགོས་ཀྱི་ཡོད། རྩིས་རིག་ཚན་ཁག་དང་རིག་གནས་ཚན་ཁག་ལ་ཐོ་སྤོ་དུས། དེ་ནི་སློབ་མ་རང་ཉིད་ཀྱི་དགའ་ཕྱོགས་དང་མོས་པ་དེ་བཞིན་སྦྱངས་འབྲས་ལ་ལྟས་ནས་སྤོས་པ་ཤ་སྟག་ཡིན་པ་ལས་བོད་ཡིག་དང་འབྲེལ་བ་རྩ་བ་ནས་མེད། ངས་ཀྱང་ད་ལྟ་བར་ལྗོངས་ནང་ཁུལ་གྱི་མཐོ་འབྲིང་ག་གེ་མོས་རིག་གནས་ཚན་ཁག་དང་རྩིས་རིག་ཚན་ཁག་ལ་ཐོ་སྤོ་དུས། བོད་ཡིག་ཡིག་ཚད་སྐར་གྲངས་ཀྱི་ཚད་བཀག་ཐེབས་ཀྱི་ཡོད་པ་ནི་གཅིག་ཀྱང་གོ་མ་མྱོང་ལ། དེ་ནི་ཡོད་ཀྱང་མི་སྲིད།

༢ རིག་གནས་ཚན་ཁག་དང་རྩིས་རིག་ཚན་ཁག་གི་བོད་ཡིག་སློབ་འཁྲིད་ཐེབས་ཚད་གཅིག་པ་ཡིན།

གོང་དུ་བཤད་ཟིན་པ་བཞིན། རིག་གནས་ཚན་ཁག་དང་རྩིས་རིག་ཚན་ཁག་གཉིས་ཀྱི་མི་འདྲ་བ་ནི་སློབ་ཚན་རྣམ་གྲངས་དྲུག་པོ་དེ་ཡིན། འོན་ཀྱང་རྩིས་རིག་ཚན་ཁག་སློབ་མ་ཡིན་ནའང་འདྲ་ལ། རིག་གནས་ཚན་ཁག་གི་སློབ་མ་ཡིན་ནའང་འདྲ་བོད་ཡིག་གི་སློབ་ཚན་རྣམ་གྲངས་དེ་ངེས་པར་དུ་སྦྱོང་དགོས་པ་ཞིག་ཡིན། མཐོ་འབྲིང་གང་དུ་སོང་ན་ཡང་རྩིས་རིག་ཚན་ཁག་ལས་རིག་གནས་ཚན་ཁག་གི་བོད་ཡིག་སློབ་འཁྲིད་ཀྱི་སྤུས་ཚད་ལེགས་པ་དང་། སློབ་གཞིའི་ནང་དོན་ཟབ་པ། དེ་བཞིན་དགེ་རྒན་གྱི་དཔུང་ཁག་ཡག་པ་སོགས་ཀྱི་དབྱེ་བ་རྩ་བ་ནས་མེད། མདོར་ན་དེ་གཉིས་ཀྱི་སློབ་འཁྲིད་ཐེབས་ཚད་གཅིག་པ་ཡིན།

༣ རིག་གནས་ཚན་ཁག་གི་སློབ་མ་ཡོངས་ཀྱི་བོད་ཡིག་སྦྱངས་འབྲས་དེ་རྩིས་རིག་ཚན་ཁག་གི་སློབ་མ་ཡོངས་ལས་ཡག་པ་ནི་ག་ལ་ཡོད།

ངས་ད་རེས་བཤད་བྱའི་སྦྱངས་འབྲས་དེ་ནི་སློབ་མ་མི་སྒེར་གྱི་སྦྱངས་འབྲས་ལས་ཆ་སྙོམས་ཀྱི་སྦྱངས་འབྲས་ལ་གོ་བ་མིན། གང་ལགས་ཤེ་ན་སློབ་ཆེན་ནང་བོད་ཡིག་ཆེད་ལས་ལ་ཐོ་སྤོ་མཁན་ནི་མི་སྒེར་ཡིན་པས་སོ། ང་ཚོ་སུས་ལྟས་ནའང་ཤེས་གསལ་རེད། རིག་གནས་ཚན་ཁག་གི་སློབ་མ་ཡོངས་ཀྱི་བོད་ཡིག་སྦྱངས་འབྲས་དེ་རྩིས་རིག་ཚན་ཁག་གི་སློབ་མ་ཡོངས་ལས་སྦྱངས་འབྲས་ལས་ཡག་པ་ཡོད་པ་ནི་གཏན་ནས་མིན། དཔེར་ན། ང་ནི་ན་ནིང་སློབ་གྲྭ་ཐོན་པའི་རྩིས་རིག་ཚན་ཁག་གི་སློབ་མ་ཞིག་ཡིན། ངས་མཐོ་རྒྱུགས་ནང་བོད་ཡིག་སྦྱངས་འབྲས་སྐར་མ་༡༣༨བླངས་ཡོད། འོ་ན་ལྗོངས་ཡོངས་ཀྱི་རིག་གནས་ཚན་ཁག་གི་སློབ་མ་དང་དེ་བཞིན་ད་ལྟ་བོད་ཡིག་ཆེད་ལས་ཀྱི་སློབ་མ་ཚང་མའི་སྐར་གྲངས་༡༣༨ལས་མཐོ་བ་ཡོད་དམ། ལན་ནི་ཧ་ཅང་གསལ་པོ་རེད་ཚང་མ་༡༣༨ལས་མཐོ་བ་ནི་ཡིན་མི་སྲིད། འོན་ཀྱང་༡༣༨ལས་མཐོ་བའི་སྐར་གྲངས་ཡོད་པ་ནི་བཤད་མི་དགོས་པ་ཞིག་རེད། དེར་བརྟེན་རྩིས་རིག་ཚན་ཁག་དང་རིག་གནས་ཚན་ཁག་གི་སློབ་མའི་བོད་ཡིག་སྦྱངས་འབྲས་ལ་དམིགས་གསལ་གྱི་ཧེ་བག་མེད།

༤ བོད་ཡིག་ཆེད་ལས་དེ་ཉིད་རྩིས་རིག་ཚན་ཁག་དང་རིག་གནས་ཚན་ཁག་སུས་སྦྱངས་ཀྱང་གཅིག་པ་ཡིན།

བོད་ཡིག་ཆེད་ལས་འདེམ་མཁན་ཞིག་གི་ངོས་ནས་བཤད་ན། ཆེས་ཐོག་མའི་ཀུན་སློང་ནི་བོད་སྐད་ཡིག་དེ་ཉིད་ཉམས་པ་སླར་གསོ་དང་མ་ཉམས་གོང་འཕེལ་གཏོང་རྒྱུའི་ཐད་རང་ནུས་ཅུང་ཟད་འབུལ་དགོས་བསམ་པ་ཤ་སྟག་ཡིན། དེ་ནི་བོད་ཡིག་ཆེད་ལས་པའི་དམིགས་ཡུལ་དང་འདུན་པ་ཉག་གཅིག་ཡིན་ཞེས་བཤད་ཆོག དེས་མ་ཚད་བོད་ཡིག་ཆེད་ལས་འདེམ་མཁན་ཞིག་ཡིན་ན་བོད་ཡིག་དེ་ཉིད་སློབ་ཚན་རྣམ་གྲངས་གཞན་ལས་སྦྱངས་འབྲས་ཅུང་ལེགས་པ་ཡོད་པའམ་ཡང་ན་ཆུང་དུས་ནས་བོད་ཡིག་ལ་བརྩིགས་མཐོང་དང་དགའ་ཞེན་བྱེད་མཁན་ཞིག་ཡིན་པ་གསལ་པོར་ཤེས། དེར་བརྟེན་རྩིས་རིག་ཚན་ཁག་དང་རིག་གནས་ཚན་ཁག་སུས་བོད་ཡིག་སྦྱངས་ནའང་ཁྱད་པར་རྩ་བ་ནས་མེད།

གོང་གསལ་གྱི་གནད་དོན་དེ་དག་ལ་བསམ་གཞིགས་བྱས་ན། རིག་གནས་ཚན་ཁག་གི་སློབ་མ་མ་གཏོགས་རྩིས་རིག་ཚན་ཁག་གི་སློབ་མར་བོད་ཡིག་ཆེད་ལས་འདེམ་མི་ཆོག་པའི་རྒྱུ་མཚན་རྩ་བ་ནས་མི་འདུག དེས་མ་ཚད་ང་ཚོའི་སྐད་དང་ཡི་གེ་དེ་ཉམས་པ་སླར་གསོ་དང་མ་ཉམས་གོང་འཕེལ་གཏོང་རྒྱུ་ནི་ཁ་ནས་བཤད་པ་ཙམ་གྱི་ལས་སླ་པོ་ཞིག་གཏན་ནས་མིན། དེ་ལྟར་ཉམས་པ་སླར་གསོ་དང་མ་ཉམས་གོང་འཕེལ་དུ་གཏོང་དགོས་ན་ངེས་པར་དུ་དཔུང་ཁག་ཆེན་པོ་ཞིག་དགོས་པ་ནི་སྨོས་མ་དགོས་པ་ཞིག་ཡིན།

དཔུང་ཁག་ཆེན་པོ་ཞིག་ཆགས་དགོས་ན་མཐོ་འབྲིང་སློབ་མ་ནི་ཁ་བྲལ་མི་རུང་བ་ཞིག་ཏུ་གྲུབ་ཡོད། མཐོ་འབྲིང་སློབ་མ་ལ་དབྱེ་ན་རིག་གནས་ཚན་ཁག་དང་རྩིས་རིག་ཚན་ཁག་གཉིས་ལ་དབྱེ། དེས་མ་ཚད་རྩིས་རིག་ཚན་ཁག་གི་སློབ་མས་མཐོ་འབྲིང་སློབ་མའི་༡/༢ལྷག་ཙམ་ཟིན་གྱི་ཡོད། གལ་སྲིད་སྔར་བཞིན་རྩིས་རིག་གི་སློབ་མ་བོད་ཡིག་ཆེད་ལས་འདེམ་མ་བཅུག་ན་དཔུང་ཁག་ཆེན་པོ་ཆགས་རྒྱུ་ནི་ཧ་ཅང་དཀའ་ལས་ཁག་པོ་རེད། གང་ཡིན་ཟེར་ན་མ་གཞི་རིག་གནས་ཚན་ཁག་གི་སློབ་མ་ཚང་མར་བོད་ཡིག་ཆེད་ལས་འདེམ་པའི་དབང་ཆ་ཡོད། འོན་ཀྱང་རིག་གནས་ཚན་ཁག་ཡིན་ཚད་ཀྱིས་བོད་ཡིག་ཆེད་ལས་འདེམ་པ་དང་བོད་ཡིག་ལ་དགའ་ཞེན་ཡོད་པ་ཤ་སྟག་རེད་ཅེས་སུས་ཀྱང་ཁ་ཚོན་གཅོད་ཐབས་བྲལ། དེས་མ་ཚད་དེང་དུས་ཕ་མས་རང་གི་བུ་ཕྲུག་ཆུང་དུས་ནས་ནང་སར་སློབ་སྦྱོང་བྱེད་པར་གཏོང་མཁན་ནི་ཇེ་མང་ནས་ཇེ་མང་དུ་འགྲོ་གི་ཡོད། སློབ་མ་དེ་ཚོའི་ངོས་ནས་བཤད་ན་རྗེས་སུ་བོད་ཡིག་ཆེད་ལས་སྦྱོང་རྒྱུ་ཕར་བཞོག་རང་གི་ཕ་སྐད་མ་བརྗེད་ན་ངོ་མ་རྩེ་གྲ་ཡིན། དེས་ན་ད་དུང་རྩིས་རིག་ཚན་ཁག་གི་སློབ་མ་བོད་ཡིག་གི་ཆེད་ལས་འདེམ་མ་བཅུག་ན་བོད་ཡིག་འཕེལ་རྒྱས་གཏོང་རྒྱུ་ཕར་བཞོག་དེས་ལས་ལྡོག་སྟེ་བོད་ཡིག་སྦྱང་མཁན་ཉུང་དུ་ཉུང་དུ་འགྲོ་ངེས་ཡིན། ལོ་ངོ་མང་པོ་འདས་པའི་རྗེས་ཁ་ནས་བོད་ཡིག་འཕེལ་རྒྱས་གཏོང་དགོས་ཟེར་མཁན་ཤ་སྟག་ལས་དོན་དམ་པར་འཕེལ་རྒྱས་གཏོང་མཁན་མེད་པར་ལུས་ཉན་ཆེ། ང་ཚོ་མི་སུ་འདྲ་ཞིག་ཡིན་རུང་རང་མི་རིགས་ཀྱི་སྐད་དང་ཡི་གེ་དེ་འཕེལ་རྒྱས་གཏོང་རྒྱུ་ནི་ང་ཚོ་མི་ཚང་མའི་ཕྲག་སྟེང་དུ་འབབ་པའི་འོས་འགན་ལྕི་པོོ་ཞིག་ཡིན། རྩིས་རིག་ཚན་ཁག་གི་སློབ་མ་ཡང་ཚུད་ཡོད། དེས་ན་རྩིས་རིག་ཚན་ཁག་གི་སློབ་མར་རང་མི་རིགས་སྐད་དང་ཡི་གེ་འཕེལ་རྒྱས་སུ་གཏོང་རྒྱུའི་འོས་འགན་དེ་ཡོད་ན། རྩིས་རིག་ཚན་ཁག་གི་སློབ་མ་རང་མི་རིགས་སྐད་དང་ཡི་གེ་སྦྱོང་བའི་ཁེ་དབང་ཡོད། དེར་བརྟེན་རྩིས་རིག་ཚན་ཁག་གི་སློབ་མར་བོད་ཡིག་ཆེད་ལས་འདེམ་ཆོག་པའི་ཁེ་དབང་དགོས་སོ།

—འཇམ་དབྱངས་ཁེར་འགྲོ་ནས།

༢༠༡༥-༦-༥ཉིན་བཅོས།

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།