ཀྲུང་གོ་བོད་ཀྱི་དྲ་བ།

ཐབས་གསུམ་ཅན་གྱི་འཆད་ཐབས་ལ་དཔྱད་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : སྟོབས་ལྡན།   སྤེལ་དུས། : 2019-01-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

བོད་གངས་ཅན་གྱི་ཕུན་སུམ་ཚོགས་པའི་འཆད་ཐབས་ལས་ཐབས་གསུམ་ཅན་གྱི་འཆད་ཐབས་ལ་དག་པ་གསུམ་ལྡན་གྱི་འཆད་ཐབས་དང་། བླང་དབྱེ་བཤད་གསུམ་གྱི་འཆད་ཐབས། ཞུམ་རྒོད་རྨུགས་གསུམ་སེལ་བའི་འཆད་ཐབས། འཆད་ཐབས་ཡན་ལག་གསུམ་ལྡན། ཉི་ཟླ་སྐར་གསུམ་གྱི་འཆད་ཐབས་སོགས་ཡོད། གཤམ་ནས་རེ་རེར་འགྲེལ་བཤད་དང་དབྱེ་ཞིབ་ཅུང་ཙམ་རེ་བྱའོ། །

དང་པོ། དག་པ་གསུམ་ལྡན་གྱི་འཆད་ཐབས།

གངས་ཅན་མཁས་པའི་གཙུག་རྒྱན་རྗེ་བདག་ཉིད་ཆེན་པོས་བྱང་ཆུབ་ལམ་རིམ་ཆེ་བ་ལས། དེ་ལ་དཔལ་ནཱ་ལེནྡྲའི་མཁས་པ་རྣམས་ནི་སློབ་དཔོན་གྱི་ངག་དག་པ་དང་། སློབ་མའི་རྒྱུད་དག་པ་དང་། བཤད་བྱའི་ཆོས་དག་པ་སྟེ། དག་པ་གསུམ་གྱི་སྒོ་ནས་ཆོས་འཆད་པར་བཞེད་ལ། ཞེས་གསུངས་ཡོད་པར་གཞིགས་ན། དཔལ་ནཱ་ལེནྡྲའི་དགོན་པའི་མཁས་པ་རྣམས་ཀྱི་འཆད་ཐབས་གཙོ་བོ་ནི་དག་པ་གསུམ་ལྡན་གྱི་འཆད་ཐབས་ཡིན་པ་ཤེས་ཐུབ་བོ། །

དེ་ཡང་དག་པ་གསུམ་ལས་དང་པོ་སློབ་དཔོན་གྱི་ངག་དག་པ་ཞེས་པས། སློབ་དཔོན་ཏེ་དགེ་རྒན་གྱི་ངག་སྟེ་སློབ་ཁྲིད་ཀྱི་སྐད་ཆ་ཡང་དག་པ་ཞིག་ཡིན་དགོས་པ་གསུངས་ཡོད། སློབ་ཁྲིད་ཀྱི་སྐད་ཆ་ལ་ཡིག་ངག་གཉིས་ཀའི་སྐད་ཆ་ཡོད་དེ། གང་ཡིན་ཡང་། ལྷག་ཆད་འཁྲུལ་གསུམ་དང་བྲལ་བའི་རྗོད་བྱེད་རྣམ་དག་ཅིག་ཡིན་དགོས་པར་མ་ཟད། དོན་འདུས་ཚིག་གསལ་བརྗོད་པ་བདེ། ། ངག་ཉུང་ཚིག་སྙོམས་གཟུང་བ་སླ། ། ཞེས་ས་པཎ་གྱིས་གསུངས་པ་ལྟ་བུའི་ཁྱད་ཆོས་ཀྱང་ལྡན་དགོས།

གཉིས་པ་སློབ་མའི་རྒྱུད་དག་པ་ཞེས་པས། སློབ་མ་ནི་བསམ་པ་བཟང་ཞིང་། སློབ་སྦྱོང་གི་དམིགས་ཡུལ་ཡང་དག་ཡིན་པ། ཀུན་སློང་གཙང་བ་སོགས་སྣོད་ཀྱི་སྐྱོན་ཐམས་ཅད་དང་བྲལ་ཞིང་། དྲི་མ་དྲུག་གིས་གོས་མེད་པ། གཞན་ད་དུང་ལོག་པའི་འདུ་ཤེས་བཞི་སོགས་མི་ལེགས་པ་ཐམས་ཅད་དང་བྲལ་བ་ཞིག་ཡིན་དགོས་པ་གསུངས་ཡོད།

གསུམ་པ་བཤད་བྱའི་ཆོས་དག་པ་ཞེས་པས། བཤད་པར་བྱ་བའི་ཆོས་ཡང་དག་པ་ཞིག་ཡིན་དགོས་པ་གསུངས་ཡོད། ང་ཚོ་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་དགེ་རྒན་རྣམས་ཀྱི་བཤད་བྱ་ནི་སློབ་ཚན་དང་འབྲེལ་བའི་ཤེས་བྱ་རྣམས་ཡིན། དེ་ཡང་སློབ་ཚན་ལ་བརྟེན་ནས་འབྲེལ་ཡོད་ཀྱི་ཤེས་བྱ་འཁྲིད་དགོས་ཕྱིར། སློབ་ཚན་ནི་དཔེར་བརྗོད་ཙམ་མོ། ། དཔེར་བརྗོད་ཡིན་ན། ངེས་པར་ཡང་དག་པ་ཞིག་ཡིན་དགོས། ཡིན་ཡང་། སློབ་ཚན་ཡིན་ན་སྐྱོན་མེད་ཡང་དག་ཡིན་པས་མ་ཁྱབ། དེའི་ཕྱིར། ང་ཚོ་དགེ་རྒན་རྣམས་ཀྱིས་ཐོག་མར་སློབ་ཚན་ལ་སློབ་སྦྱོང་དང་། དེ་ནས་སློབ་ཚན་ལ་ཞིབ་འཇུག་བྱ་དགོས། གལ་ཏེ། སློབ་ཚན་སྐྱོན་ཅན་ཡིན་ན། ཅིས་ཀྱང་ཡོ་བསྲང་ཞུ་དག་བྱ་དགོས། གང་ལྟར་སློབ་མའི་རྒྱུད་ལ་ཡང་དག་པའི་ཤེས་བྱ་འཇོག་པ་ལས། ཤེས་བྱ་སྐྱོན་ཅན་འཇོག་མི་རུང་།

མདོར་ན། སྨྲ་བ་ངག་ལ་མཁས་པའི་ཡོན་ཏན་དང་ལྡན་པའི་སློབ་དཔོན་ཏེ་དགེ་རྒན་གྱིས། བསམ་པ་བཟང་ཞིང་ཀུན་སློང་དག་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པའི་སློབ་མ་ལ། བརྗོད་བྱ་དོན་དང་རྗོད་བྱེད་ཚིག བརྗོད་ཚུལ་ཐབས་ཐམས་ཅད་ཡང་དག་ཡིན་པའི་འཁྲིད་བྱ་འཁྲིད་དགོས་སོ། ། དེ་ལྟར་བྱས་ན། འཁྲིད་མཁན་དང་འཁྲིད་ཡུལ། འཁྲིད་ཐབས་སོགས་འཕེལ་རྒྱས་སུ་མི་འགྲོ་རང་འགྲོ་ཡིན་ནོ། །

གཉིས་པ། བླང་དབྱེ་བཤད་གསུམ་གྱི་འཆད་ཐབས།

ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་གྱིས་མཁས་པ་ལ་འཇུག་པའི་སྒོ་ལས། སེང་གེའི་ལྟ་སྟངས་ཀྱིས་ཁྱད་པར་གྱི་གཞི་བླང་། སྦལ་བའི་འཕར་བས་སྐབས་དོན་སོ་སོར་དབྱེ། རུས་སྦལ་གྱི་འགྲོས་ཀྱིས་ཚིག་དོན་འཇེབས་པར་བཤད། ཅེས་གསུངས་ཡོད་པར་མ་ཟད། འདི་ནི་སྒྲའི་བསྟན་བཅོས་ལས་དྲངས་པ་ཡིན་ཞེས་ཀྱང་གསུངས་འདུག དེའི་ཕྱིར། འཆད་ཐབས་འདི་ནི་རྒྱ་གར་འཕགས་པའི་ཡུལ་གྱི་མཁས་པ་རྣམས་ཀྱི་འཆད་ཐབས་ཤིག་ཡིན་ནོ། ། འཆད་ཐབས་འདིས་བླང་དབྱེ་བཤད་གསུམ་དཔེ་ཡི་ལམ་ནས་བསྟན་ཡོད་ཕྱིར། འདིའི་མིང་ལ་བླང་དབྱེ་བཤད་གསུམ་གྱི་འཆད་ཐབས་ཞེས་བཏགས་ན་དོན་ལྡན་གྱི་མིང་ཡིན་པར་འདོད།

འཆད་ཐབས་འདིའི་དང་པོ་སྟེ་ཐོག་མར་སེང་གེའི་ལྟ་སྟངས་ཀྱིས་ཁྱད་པར་གྱི་གཞི་བླང་བར་བྱ་དགོས་པ་བསྟན་ཡོད། དེ་ཡང་སེང་གེའི་ལྟ་སྟངས་ནི་ནན་མོའི་སྒོ་ནས་ཡུན་རིང་ལ་ལྟ་བ་ཞིག་ཡིན། འདི་ལྟར་བལྟས་ན་དབྱིབས་དང་ཁ་དོག ཁྱད་ཆོས་སོགས་ཕྱོགས་སྒོ་མོ་ནས་འཛིན་པར་བྱེད་ཐུབ། འཆད་མཁན་དགེ་རྒན་གྱིས་ཐོག་མར་སེང་གེའི་ལྟ་སྟངས་ལ་བརྟེན་ནས་འཆད་བྱ་སློབ་ཚན་ལ་ནན་མོའི་སྒོ་ནས་ཡུན་རིང་ལ་བལྟས་ཏེ། སློབ་ཚན་གྱི་བརྗོད་བྱ་དང་རྗོད་བྱེད། བརྗོད་ཚུལ། གཞན་ད་དུང་ཁྱད་ཆོས་སོགས་བདག་གིར་འཛིན་པ་སྟེ་ཁོང་དུ་ཆུད་པར་བྱ་དགོས་སོ། །

གཉིས་པ་སྟེ་བར་དུ་སྦལ་བའི་འཕར་བས་སྐབས་དོན་སོ་སོར་དབྱེ་དགོས་པ་བསྟན་འདུག་སྟེ། འཁྲིད་བྱ་སློབ་ཚན་ལ་དབྱེ་ཞིབ་བྱས་ཏེ་ཚན་པ་སོ་སོར་དབྱེ་དགོས་པའོ། ། དེང་དུས་ཀྱི་བརྩམས་ཆོས་ཡིན་ན། རྩོམ་པ་པོར་རྒྱ་ཡིག་སོགས་བརྩམས་ཆོས་ཀྱི་ཤན་ཞུགས་ཕྱིར། གསར་རྩོམ་མཛད་དུས་ཚན་པ་ཚན་པ་བྱས་ནས་བརྩམས་འདུག ཚན་པ་དེར་རང་བྱུང་ཚན་པ་ཟེར་རོ། ། ཚན་པ་བཀར་མེད་ལ་དགར་དགོས་པའི་བརྩམས་ཆོས་ཡིན་ན། འཆད་ཐབས་འདི་བེད་སྤྱོད་གཏོང་དགོས། ཚན་པ་དགར་དུས་བརྗོད་དོན་ལ་ཞིབ་ཏུ་བསམ་བློ་བཏང་སྟེ་དགར་དགོས་པ་ལས་ཚིག་གི་སྦྱོར་བ་ལ་བལྟས་ཏེ་བཀར་ན་མི་འགྲིག་གོ །

གསུམ་པ་སྟེ་མཇུག་ཏུ་རུས་སྦལ་གྱི་འགྲོས་ཀྱིས་ཚིག་དོན་འཇེབས་པར་བཤད་དགོས་པ་བསྟན་འདུག་སྟེ། མིང་རེ་རེ་དང་ཚིག་རེ་རེ། ཚན་པ་རེ་རེའི་ནང་དོན་གཅིག་ཀྱང་མ་ལུས་པར་སྙན་མོ་ངག་གིས་བཤད་དགོས་པའི་དོན་ནོ། ། དེ་ཡང་ཚིག་དོན་བཤད་སྐབས་སུ་དངོས་མིང་རྗེས་གྲུབ་ཀྱི་མིང་སོ་སོའི་ངེས་ཚིག་སྟེ་སྒྲ་བཤད་དུས་ཐོག་ནས་བཤད་དགོས། གལ་ཏེ་བཤད་མ་ཐུབ་ན། གཞུང་མང་ཡོད་མིན་མེད་མིན་དབང་པོའི་གཞུ། ། ཡིག་འབྲུ་གཉེར་བས་བཀའ་བསྟན་ཟད་ན་ཡང་། ། བླ་མ་བླ་མ་མགོན་པོ་མགོན་པོ་ཞེས། ། སོམ་ཉིའི་སྒྲོག་ལས་ནམ་ཡང་ཐར་མི་འགྱུར། ། ཞེས་རྡོ་སྦིས་དགེ་བཤེས་ཚང་གིས་གསུངས་པ་དང་འདྲ་བར་འགྱུར་རོ། །

མདོར་ན། དགེ་རྒན་གྱིས་ཐོག་མར་སེང་གེའི་ལྟ་སྟངས་དང་འདྲ་བའི་ལྟ་སྟངས་ཀྱིས་བལྟས་ཏེ། འཆད་བྱ་བདག་གིར་འཛིན་དགོས་པ་དང་། བར་དུ་འཆད་བདེ་བ་དང་འཛིན་བདེ་བའི་ཕྱིར་དུ། སྦལ་བའི་འཕར་བ་དང་འདྲ་བའི་རྣམ་པ་ལ་བརྟེན་ནས་ཚན་པ་སོ་སོར་དགར་དགོས། མཇུག་ཏུ་སློབ་མའི་རྒྱུད་ལ་འཇོག་ཕྱིར་རུས་སྦལ་གྱི་འགྲོས་དང་འདྲ་བའི་སྒོ་ནས་སྙན་མོ་ངག་གིས་ཚིག་དོན་རེ་རེ་བཞིན་བཤད་དགོས་སོ། ། འཆད་ཐབས་འདི་ནི་ཡོངས་ཁྱབ་ཀྱི་འཆད་ཐབས་ཤིག་རེད། ཞིབ་འཇུག་དང་བཅས་ཏེ་རྒྱུན་འཛིན་བྱེད་པ་དང་། གསར་གཏོད་དང་བཅས་ཏེ་དར་སྤེལ་བྱ་རྒྱུ་ནི་ཧ་ཅང་གལ་ཆེན་ཞིག་རེད།

གསུམ་པ། ཞུམ་རྒོད་རྨུགས་གསུམ་སེལ་བའི་འཆད་ཐབས།

ཞུམ་ལ་གཟེངས་བསྟོད་རྒོད་པ་ལ། ། འཁོར་བའི་ཉེས་དམིགས་ལེགས་པར་བཤད། ། རྨུགས་པ་རྣམས་ལ་ངོ་མཚར་གྱི། ། གཏམ་བཤད་ནས་ནི་ཉན་དུ་གཞུག ། འདི་ནི་ས་པཎ་མཁས་འཇུག་ལས་བྱུང་བའི་རྨད་དུ་བྱུང་བའི་འཆད་ཐབས་ཤིག་རེད། ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་ཚང་གིས་བཤད་པ་ལ་འཇུག་པའི་ལེའུའི་ནང་དུ་འཆད་ཐབས་འདི་ཐད་ཀར་བསྟན་པ་ལས་སྤྱི་མིང་ཞིག་བཏགས་མེད། བདག་གིས་དགེ་རྒན་གྱིས་འཆད་བདེ་བ་དང་། སློབ་མས་འཛིན་བདེ་བའི་དགོས་མཁོར་དམིགས་ཏེ། ཞུམ་རྒོད་རྨུགས་གསུམ་སེལ་བའི་འཆད་ཐབས་ཞེས་པའི་མིང་འདི་གསོལ་བ་ཡིན། འཆད་ཐབས་འདི་ལས་བསྟོད་པའི་དགོས་མཁོ་ཡོད་པ་རྣམས་ལ་བསྟོད་པ་འདོན་པ་དང་། སློབ་གསོའི་དགོས་མཁོ་ཡོད་པ་རྣམས་ལ་སློབ་གསོ་གཏོང་བ། ངོ་མཚར་བའི་གཏམ་གྱི་དགོས་མཁོ་ཡོད་པ་རྣམས་ལ་མཚར་གཏམ་བཤད་པ་བཅས་འཆད་པའི་ཐབས་གསུམ་བསྟན་ཡོད།

དེ་ཡང་ཞུམ་ལ་གཟེངས་བསྟོད་ཅེས་པས་དཔའ་ཞུམ་སྟེ་སེམས་སློབ་སྦྱོང་གི་ཕྱོགས་སུ་སྐོར་ཐུབ་ཀིན་མེད་པའི་སློབ་མ་ལ་བསྟོད་པ་བཏོན་ཏེ་སེམས་ཀྱི་གཟེངས་བསྟོད་དགོས་པ་བསྟན་ཡོད། འདི་ནི་ཐབས་མཆོག་ཅིག་ཡིན་ཏེ། ལོ་ཉུང་བྱིས་པ་བསྟོད་པ་ལ་དགའ་བར་མ་ཟད། དར་མ་དང་ལོ་ལོན་རྒན་པ་ཡང་བསྟོད་པ་ལ་དགའ་འོ། ། ཤེས་པ་རྣལ་དུ་གནས་པའི་མི་རྣམས་བསྟོད་པ་ལ་དགའ་བར་མ་ཟད། ཤེས་པ་རྣལ་དུ་གནས་མེད་པའི་སྨྱོན་པ་དང་ཆང་འཐུང་བཟི་བོ་ཡང་བསྟོད་པ་ལ་དགའ་འོ། ། མི་རྣམས་བསྟོད་པ་ལ་དགའ་བར་མ་ཟད། ལྷ་རྣམས་ཀྱང་བསྟོད་པ་ལ་དགའ་འོ། ། དེའི་ཕྱིར། ང་ཚོ་དགེ་རྒན་རྣམས་ཀྱིས་རང་གི་སློབ་མ་ལ་རྒྱུས་ལོན་ཡག་པོ་བྱས་ཏེ། སློབ་མའི་བསམ་པ་དང་ཀུན་སློང་། སློབ་སྦྱོང་དང་སྒྲིག་ལམ། གཙང་སྦྲ་དང་ནུས་པ། ལེགས་ཆ་དང་ཞན་ཆ། གཞན་ད་དུང་ཕ་མ་དང་ཁྱིམ་ཚང་གི་གནས་ཚུལ་སོགས་བདག་གིར་འཛིན་དགོས། འདི་ལྟར་བདག་གིར་བཟུང་སྟེ། བསྟོད་པའི་དགོས་མཁོ་ཡོད་པའི་སྐབས་སུ། ལེགས་ཆ་སྟེ་བཟང་ཞིག་ལ་བརྟེན་ནས་བསྟོད་པ་འདོན་དགོས། ང་ཚོ་དགེ་རྒན་རྣམས་ཀྱིས་བསྟོད་པ་ལ་སེར་སྣ་མི་བྱེད་པར་བསྟོད་པའི་སྦྱིན་པ་མང་དུ་གཏོང་དགོས། དམའ་འབེབས་དང་ཟུར་ཟ་མ་བྱས་ན་རབ་དང་མཆོག་ཡིན་ནོ། ། བསྟོད་པའི་ཕན་ཡོན་ཤིན་ཏུ་ཆེ་ཕྱིར། ཚང་མས་ས་པཎ་གྱི་བཀའ་དྲིན་དྲན་བཞིན་དུ་འཆད་ཐབས་འདི་བེད་སྤྱོད་གཏོང་བ་ནི་ཤིན་ཏུ་གལ་ཆེན་ཞིག་ཡིན་ནོ། ། ང་ཚོས་བེད་སྤྱོད་མ་བཏང་ན། ས་པཎ་ཚང་གིས་སྤྱི་ལོའི་དུས་རབས་བཅུ་གཉིས་པའི་ནང་དུ་འདི་ལ་ཞིབ་འཇུག་བྱས་ཏེ་གཞུང་ལུགས་ཏེ་ས་པཎ་མཁས་འཇུག་གི་ནང་དུ་གཏན་ལ་ཕབ་པ་ལ་དགོས་པ་ཆུང་ངོ་། ། ང་ཚོ་བོད་ལ་ཞིབ་འཇུག་པ་མང་མོད། སློབ་གསོ་ཞིབ་འཇུག་པ་ཉུང་ཕྱིར། འདིའི་ཕྱོགས་ལ་ཤུགས་བརྒྱག་རྒྱུ་ནི་གལ་འགངས་ཧ་ཅང་ཆེ་བའི་བྱ་བ་ཞིག་རེད།

...... རྒོད་པ་ལ། ། འཁོར་བའི་ཉེས་དམིགས་ལེགས་པར་བཤད། ། ཅེས་པས་ཞུམ་པའི་ལྡོག་ཟླ་རྒོད་པ་སྟེ། ང་ནི་བདེན་ཏེ། ང་ནི་མཆོག་གོ་ཞེས་པ་ལྟ་བུའི་སྒོ་ནས་སེམས་རྒོད་ལ་ཤོར་ཏེ། སློབ་སྦྱོང་གི་ཕྱོགས་སུ་སྐོར་ཐུབ་ཀིན་མེད་པའི་སློབ་མ་ལ་འཇིག་རྟེན་འཁོར་བའི་ཉེས་དམིགས་བཤད་དེ་སློབ་གསོ་གཏོང་དགོས་ཞེས་བསྟན་ཡོད། དེ་ཡང་སློབ་མ་ཐར་བ་དོན་གཉེར་བྱེད་མཁན་ཞིག་ཡིན་ན། འཁོར་བའི་ཉེས་དམིགས་བཤད་དགོས་ལ། འཇིག་རྟེན་དོན་གཉེར་བྱེད་མཁན་ཞིག་ཡིན་ན། ཡོན་ཏན་མེད་པའི་ཉེས་དམིགས་བཤད་ན་འོས་སོ། །གང་ལྟར་སློབ་གསོའི་དགོས་མཁོ་ཡོད་དུས། ཐབས་སྣ་ཚོགས་ལ་བརྟེན་ནས་སློབ་གསོ་གཏོང་དགོས་པ་ཡིན་ནོ། །

རྨུགས་པ་རྣམས་ལ་ངོ་མཚར་གྱི། ། གཏམ་བཤད་ནས་ནི་ཉན་དུ་གཞུག ། ཅེས་པས་མཚར་གཏམ་གྱི་དགོས་མཁོ་ཡོད་པ་རྣམས་ལ་ངོ་མཚར་བའི་གཏམ་བཤད་དགོས་པ་བསྟན་ཡོད། དེ་ཡང་རྨུགས་པ་སྟེ། ལུས་སེམས་ལས་སུ་མི་རུང་བར་བྱེད་པའི་སེམས་བྱུང་གི་དབང་དུ་སོང་བའི་སློབ་མ་ལ། ངོ་མཚར་བའི་གཏམ་བཤད་དེ་རྨུགས་པ་སངས་པར་བྱ་དགོས། རྨུགས་པ་སངས་རྗེས་མུ་མཐུད་དཔེ་ཁྲིད་བྱས་ཏེ་དཔེ་ཁྲིད་ལ་ཉན་དུ་གཞུག་དགོས། མཚར་གཏམ་བརྗོད་སྐབས་སུ། དགོས་མཁོ་ཡོད་མེད་ལ་བལྟ་དགོས་པར་མ་ཟད། འཁྲིད་བྱ་དང་འབྲེལ་ཡོད་ཀྱི་མཚར་གཏམ་ཞིག་བརྗོད་པ་ལ་འབད་པ་བྱ་དགོས། གལ་ཏེ། འབྲེལ་ཡོད་ཀྱི་མཚར་གཏམ་ཞིག་ཡིད་ལ་མ་ཡོང་ན། འབྲེལ་མེད་ཡིན་ཡང་རྨུགས་པ་སངས་པའི་དམིགས་ཡུལ་འགྲུབ་པར་བྱེད་ཐུབ་ན་འཐུས་སོ། ། དེའི་ཕྱིར། ང་ཚོ་དགེ་རྒན་རྣམས་ལ་བརྡ་སྤྲོད་དང་སྙན་ངག ནང་རིག ལོ་རྒྱུས་སོགས་ཀྱི་ཤེས་བྱ་ལོས་མཁོ། ཐ་ན་ངོ་མཚར་བའི་གཏམ་ཡང་མཁོའོ། ། ངོ་མཚར་བའི་གཏམ་གསོག་འཇོག་བྱ་དགོས་པར་མ་ཟད། ངག་ཉུང་དོན་འདུས་དང་། གསོན་ཉམས་ལྡན་པའི་སྒོ་ནས་བཤད་ཀྱང་ཤེས་དགོས།

མདོར་ན། འཆད་ཐབས་འདི་ནི་གཟེངས་བསྟོད་དང་སློབ་གསོ། མཚར་གཏམ་བཅས་ལ་བརྟེན་ནས་སློབ་མ་སྐྱོང་བའི་ཐབས་མཆོག་ཏུ་གྱུར་པ་ཞིག་རེད། འདི་ལྟ་བུའི་འཆད་ཐབས་ཀྱི་བདག་པོ་ནི་རང་ཉིད་ཡིན་ཏེ། བདག་པོ་བརྒྱག་དགོས།

བཞི་པ། འཆད་ཐབས་ཡན་ལག་གསུམ་ལྡན།

ཚིག་དོན་ངེས་པའི་ཡན་ལག་ཏུ་ངག་དོན་འགོད་པ། གནད་དོན་ངེས་པའི་ཡན་ལག་ཏུ་སྤྱི་དོན་བཤད་པ། རྩོད་པ་འཕེལ་བའི་ཡན་ལག་ཏུ་མཐའ་དཔྱོད་སྤྲོ་བ་ཞེས་པ་འདི་ཡང་ང་ཚོ་བོད་ཀྱི་འཆད་ཐབས་མང་པོའི་ཁྲོད་ཀྱི་མུ་ཏིག་ལྟ་བུའི་འཆད་ཐབས་ཤིག་རེད།

འདི་ལས་ཚིག་དོན་ངེས་པའི་ཡན་ལག་ཏུ་ངག་དོན་འགོད་པ་ཞེས་པས་ཚིག་གི་དོན་མཐའ་དག་ངེས་པའི་ཕྱིར་དུ། ངག་དོན་ཏེ་མིང་རེ་རེ་དང་ཚིག་རེ་རེ། ཚན་པ་རེ་རེ་སོགས་ཀྱི་དོན་རེ་རེ་བཞིན་དུ་བཤད་དགོས་ཞེས་བསྟན་ཡོད། དེ་ཡང་ངག་དོན་འགོད་པ་ལ་བརྡ་སྤྲོད་དང་སྙན་ངག ནང་རིག་དང་ལོ་རྒྱུས་སོགས་ཀྱི་རྨང་གཞིའི་ཤེས་བྱ་དང་གཞུང་ལུགས་ཀྱི་ཤེས་བྱ་ལ་བརྟེན་ནས་འགོད་དགོས་ཕྱིར། ངག་དོན་འགོད་མཁན་དགེ་རྒན་རྣམས་ཀྱིས་བརྡ་སྤྲོད་སོགས་ཀྱི་རྨང་གཞིའི་ཤེས་བྱ་དང་གཞུང་ལུགས་ཀྱི་ཤེས་བྱ་ཁོང་དུ་ཆུད་པ་དང་རང་དབང་དུ་སྤྱོད་ཐུབ་པར་བྱ་དགོས།

གནད་དོན་ངེས་པའི་ཡན་ལག་ཏུ་སྤྱི་དོན་བཤད་པ་ཞེས་པས་ཤོ་ལོ་ཀའམ་ཚན་པ་དང་། ཁག་སོ་སོའི་གནད་དོན་ཏེ་དོན་གྱི་གནད་ཀའམ་དོན་གཙོ་བོ་ངེས་པའི་ཕྱིར་དུ་སྤྱི་དོན་བཤད་དགོས་པ་བསྟན་ཡོད། དེ་ཡང་སྤྱི་དོན་བཤད་ལུགས་ལ་སྔོན་དུ་བཤད་པ་དང་། རྗེས་སུ་བཤད་པ་བཅས་གཉིས་ཡོད། སྔོན་དུ་བཤད་པ་ལ་ཡང་དགེ་རྒན་གྱིས་སྤྱི་དོན་སྔོན་དུ་བཤད་རྗེས། ཚིག་དོན་བཤད་པ་དང་། དགེ་རྒན་གྱིས་སྤྱི་དོན་སྔོན་དུ་བཤད་རྗེས། ཚིག་དོན་སློབ་མར་བཤད་དུ་འཇུག་པ་བཅས་གཉིས་ཡོད། རྗེས་སུ་བཤད་པ་ལ་ཡང་དགེ་རྒན་གྱིས་བཤད་པ་དང་། སློབ་མར་བཤད་དུ་འཇུག་པ་བཅས་གཉིས་ཡོད།

རྩོད་པ་འཕེལ་བའི་ཡན་ལག་ཏུ་མཐའ་དཔྱོད་སྤྲོ་བ་ཞེས་པས་རིག་གཞུང་གི་རྩོད་པ་འཕེལ་བར་བྱེད་པའི་ཕྱིར་དུ་མཐའ་དཔྱོད་སྤྲོ་དགོས་པ་བསྟན་ཡོད། དེ་ཡང་རྩོད་པ་ལ་རྩོད་པའི་རྣམ་གཞག་ལས་གསུངས་པ་ལྟར་ན། རྩོད་པའི་གང་ཟག་དང་། རྩོད་པ་དངོས་ཏེ་གཉིས་ཡོད། རྩོད་པའི་གང་ཟག་ལ་སྔ་རྒོལ་དང་ཕྱི་རྒོལ། དཔང་པོ་སྟེ་གསུམ་ཡོད། སྔ་རྒོལ་དང་ཕྱི་རྒོལ་རེ་རེར་ཡང་དག་དང་ལྟར་སྣང་གཉིས་རེ་ཡོད། དཔང་པོ་ལ་ཤན་འབྱེད་པའི་དཔང་པོ་དང་། རྗེས་སུ་བརྗོད་པའི་དཔང་པོ། ཚར་གཅོད་པའི་དཔང་པོ་སྟེ་གསུམ་ཡོད། རྩོད་པ་དངོས་ལ་རྩོད་དུས་དང་། རྩོད་གཞི། རྩོད་ཚུལ། རྩོད་འབྲས་བཅས་བཞི་ཡོད། གསུམ་པ་རྩོད་ཚུལ་ལ་ཡང་རྩོད་པའི་སྦྱོར་བ་དང་རྩོད་པའི་དངོས་གཞི་གཉིས་ཡོད། རྩོད་པའི་དངོས་གཞི་ལ་ཡང་རྩོད་པ་དངོས་དང་། རྩོད་པའི་ཡན་ལག་གཉིས་ཡོད། རྩོད་པའི་ཡན་ལག་ལ་ཡང་རྩོད་པ་ལ་མཁས་པའི་རྒྱུ་དང། རྩོད་པ་མཛེས་པའི་རྒྱན། རྩོད་པའི་བསམ་པ། རྩོད་པའི་དཔེ། རྩོད་པའི་དགོས་པ་བཅས་ལྔ་ཡོད།

རྩོད་པ་ནི་ཧ་ཅང་གལ་ཆེན་ཞིག་ཡིན་ཏེ། རྡོ་སྦིས་དགེ་བཤེས་ཤེས་རབ་རྒྱ་མཚོས་བསླབ་བྱ་ཨ་རུ་རྣམ་པར་རྒྱལ་བའི་དགའ་ཚལ་དུ། རྩོད་སྐོར་གཅིག་གི་རིགས་པའི་སྣང་བས་ཀྱང། ། མ་རྟོགས་ལོག་རྟོག་ཐེ་ཚོམ་འབུམ་ཕྲག་འཇིག ། གཞན་གྱི་བསྐལ་པའི་འཆད་པས་དོ་མི་ཟློ། ། ངེས་དོན་བསྟན་འཛིན་བསྟན་པའི་ལྕགས་རི་ཡིན། །ཞེས་གསུངས་ཡོད་པའི་ཕྱིར་རོ། ། དེའི་ཕྱིར། དགེ་རྒན་རྣམས་ཀྱིས་འཆད་ཐབས་འདི་ལ་མཐོང་ཆེན་བྱས་ཏེ། སློབ་སྦྱོང་དང་ཞིབ་འཇུག་བྱ་བ་དང་། དཔེ་ཁྲིད་ཀྱི་ཁྲོད་དུ་བཀོལ་སྤྱོད་གང་ལེགས་བྱ་དགོས།

མདོར་ན། ངག་དོན་འགོད་པ། སྤྱི་དོན་བཤད་པ། མཐའ་དཔྱོད་སྤྲོ་བ་ཞེས་པའི་འཆད་ཐབས་འདི་བཀོལ་སྤྱོད་བྱེད་སྐབས། ངེས་པར་ཐབས་གསུམ་ག་བཀོལ་དགོས་པའི་ངེས་པ་མེད། དེ་ཡང་སློབ་མ་དང་སློབ་ཚན་ལ་གཞིགས་ཏེ་ལ་ལར་གསུམ་ག་བཀོལ་བ་དང་། ལ་ལར་དང་པོ་གཅིག་པུ་བཀོལ་བ། ལ་ལར་དང་པོ་དང་གཉིས་པ་གཉིས་ཀ་བཀོལ་བ། ལ་ལར་གཉིས་པ་དང་གསུམ་པ་བཀོལ་བ། ལ་ལར་གསུམ་པ་གཅིག་པུ་བཀོལ་བ་སོགས་གང་ལ་གང་འཚམ་བྱ་དགོས།

ལྔ་པ། ཉི་ཟླ་སྐར་གསུམ་གྱི་འཆད་ཐབས།

སྤྱི་དོན་ཚངས་ཐིག་གི་སྒོ་ནས་ཁོག་ཕུབ། རྩ་འགྲེལ་ཞིབ་སྦྲགས་ཀྱི་ཁྲིད་ཀྱིས་གཞུང་བཟུང་། མཐའ་དཔྱོད་བརྒལ་ལན་གྱི་སྒོ་ནས་མཐའ་བཅད་ཅེས་པ་འདི་ནི་ཉི་ཟླ་སྐར་གསུམ་གྱི་འཆད་ཐབས་ཡིན་ནོ། །

འདི་ལས་དང་པོ་སྤྱི་དོན་ཚངས་ཐིག་གི་སྒོ་ནས་ཁོག་ཕུབ་ཅེས་པས་ཚན་པ་དང་ཁག་སོ་སོ། སློབ་ཚན་ཧྲིལ་པོའི་སྤྱི་དོན་ཚངས་ཐིག་གི་སྒོ་ནས་ཏེ་དྲང་བོར་བརྗོད་དེ་བརྩམས་ཆོས་ཀྱི་ཁོག་ཕུབ་པ་སྟེ་སྤྱི་ཁོག་ལེན་དགོས་པ་བསྟན་ཡོད།

གཉིས་པ་རྩ་འགྲེལ་ཞིབ་སྦྲགས་ཀྱི་ཁྲིད་ཀྱིས་གཞུང་བཟུང་ཞེས་པས་གཞུང་གི་རྩ་བ་དང་དེའི་འགྲེལ་བ་གཉིས་ཞིབ་ཏུ་སྦྲགས་པའི་དཔེ་ཁྲིད་ཀྱིས་གཞུང་བདག་གིར་བཟུང་དགོས་པ་བསྟན་ཡོད། འདི་ནི་འགྲེལ་བ་ཞིག་འཁྲིད་པ་དང་ཡང་ན་འགྲེལ་བ་ཡོད་པའི་རྩ་བ་ཞིག་འཁྲིད་སྐབས་ཁོ་ནར་བཀོལ་སྤྱོད་གཏོང་དགོས།

གསུམ་པ་མཐའ་དཔྱོད་བརྒལ་ལན་གྱི་སྒོ་ནས་མཐའ་བཅད་ཅེས་པས་རྩོད་པའི་རིགས་པ་ལ་བརྟེན་ནས་གནད་དོན་ཐག་གཅོད་བྱ་དགོས་པ་བསྟན་ཡོད། རྩོད་པ་བྱེད་སྐབས། བུ་སྟོན་ཐམས་ཅད་མཁྱེན་པས། རང་ཉིད་གྲགས་འདོད་ཕ་རོལ་དམའ་འབེབས་འདོད། ། གཡོ་སྒྱུའི་རྩོད་པ་ཚིག་རྩུབ་ངན་སེམས་ཅན། ། ངག་འཁྱལ་སྣ་ཚོགས་སྨྲ་ཞིང་གཞན་རྒྱུད་སྲེག ། ད་ལྟའི་རྩོད་པ་འདི་ཡང་དམྱལ་བའི་རྒྱུ། ། ཞེས་གསུངས་པ་ལས་བསླབ་བྱ་བླངས་ཏེ། རང་གིས་ཤེས་འདོད་དང་། ཡང་ན་གཞན་ལ་སྟོན་འདོད། ཡང་ན་གཞན་གྱི་ལོག་རྟོག་སེལ་འདོད་གང་རུང་གི་སྒོ་ནས་རྩོད་པ་བྱ་དགོས།

མདོར་ན། ཉི་ཟླ་སྐར་གསུམ་གྱི་འཆད་ཐབས་ཏེ། སློབ་ཚན་གྱི་ཁོག་ཕུབ་པ་སྟེ་སྤྱི་ཁོག་ལེན་པ་དང། གཞུང་བཟུང་བ་སྟེ་སློབ་ཚན་བདག་ཏུ་འཛིན་པ་དང། མཐའ་གཅོད་པ་སྟེ་ཡིན་མིན་སོགས་ཀྱི་མཐའ་གཅོད་པ་ལ་བརྟེན་ནས། སློབ་མའི་རྒྱུད་ལ་ཤེས་བྱ་གསར་པ་འཇོག་པ་དང་། སློབ་མའི་ཉན་བཤད་འབྲི་ཀློག་སོགས་ཀྱི་ནུས་པ་སྐྱེད་སྲིང་བྱ་དགོས་སོ། །

སྨྲས་པ།

དྲི་བྲལ་གངས་ལས་བྱུང་འདྲའི་ལྷག་བསམ་དང་། །

སློབ་གསོ་ཀུན་ནས་སྤེལ་འདོད་ཀུན་སློང་གིས། །

གསར་དུ་དཔྱད་པའི་ཐོག་མའི་དཔྱད་འབྲས་འདི། །

དཔོན་སློབ་ཟུང་གི་མིག་ལ་མཛེས་གྱུར་ཅིག །

————————————————

* སྟོབས་ལྡན། མཚོ་སྔོན་དགེ་འོས་སློབ་ཆེན་མི་རིགས་དགེ་འོས་སློབ་གླིང་དུ་ཕྱག་ལས་གནང་བཞིན་ཡོད།

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།