ཀྲུང་གོ་བོད་ཀྱི་དྲ་བ།

རྨང་གཞི་སློབ་གསོའི་སྐབས་ཀྱི་སྐད་ཡིག་བསླབ་ཚན་གྱི་འཁྲིད་བཤད་ལ་དཔྱད་པ།

ཡོང་ཁུངས། : བོད་ཀྱི་སློབ་གསོ།སྤྱིའི་དེབ་235པ།   རྩོམ་པ་པོ། : བཙུན་པ་ཚེ་རིང་།   སྤེལ་དུས། : 2018-06-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

[གནད་བཏུས] སྐད་ཡིག་གི་འཁྲིད་བཤད་ནི་སློབ་གྲྭ་ཆུང་འབྲིང་གི་བོད་སྐད་ཡིག་སློབ་ཁྲིད་ཞིབ་འཇུག་གི་ཁྲོད་དུ་སྤྱོད་སྒོ་ཤིན་ཏུ་ཆེ་བའི་སློབ་གསོའི་གཞུང་ལུགས་དང་ལག་ལེན་ཟུང་དུ་འབྲེལ་བའི་སློབ་དཔྱོད་ཀྱི་མ་ལག་གལ་ཆེན་ཞིག་ཡིན། སློབ་གྲྭར་སློབ་ཁྲིད་ལ་ཞིབ་འཇུག་དང་། འཁྲིད་རྩལ་འགྲན་སྡུར་བྱེད་སྐབས། དགེ་རྒན་རྣམས་ཀྱིས་འཁྲིད་བཤད་སྤེལ་རྒྱུ་ནི་ལས་ཀ་གཙོ་བོ་ཞིག་ཏུ་འཇོག་གིན་ཡོད། ཁྱད་པར་དུ་དེང་དུས་རྒྱལ་ཡོངས་སུ་བསླབ་ཚན་བཅོས་སྒྱུར་བྱས་པ་ནས་བཟུང་། འཁྲིད་བཤད་ནི་དགེ་རྒན་གྱི་འཁྲིད་རྩལ་ལ་སྐྱེད་འདོན་པའི་ཐབས་ཤེས་དམ་པར་མཐོང་སྟེ། སློབ་གྲྭ་སོ་སོས་སྔར་ལས་ཀྱང་གལ་ཆེན་དུ་འཛིན་བཞིན་ཡོད།

[གནད་ཚིག] སྐད་ཡིག བསླབ་ཚན། འཁྲིད་བཤད།

དང་པོ། འཁྲིད་བཤད་ཀྱི་གོ་དོན་དང་ཁྱད་ཆོས།

གཅིག འཁྲིད་བཤད་ཀྱི་གོ་དོན།

འཁྲིད་བཤད་ཅེས་པ་ནི་འཆད་ཁྲིད་དགེ་རྒན་ཆེ་གེ་མོ་གང་དེས་སློབ་ཁྲིད་ག་གེ་མོ་དེ་ཇི་ལྟར་འཁྲིད་རྒྱུ་ཡིན་པ། གང་ཞིག་འཁྲིད་རྒྱུ་ཡིན་པ་སྟེ། སློབ་ཁྲིད་ཀྱི་སྤྱིའི་འཆར་འགོད་དང་དབྱེ་ཞིབ་ལ་ངོས་འཛིན་གྱིན་ཡོད་དེ། འཁྲིད་བཤད་ནི་དགེ་རྒན་གྱིས་སློབ་གསོའི་དམིགས་ཚད་རང་སྟེང་གི་ངོ་བོ་དང་ཁྱད་ཆོས་ལ་དབྱེ་ཞིབ་བྱས་ཐོག བསླབ་ཚན་གྱི་སློབ་ཁྲིད་འཆར་འགོད་དང་དེའི་གཞུང་ལུགས་ཀྱི་གཞི་འཛིན་ས་དག་གོ་རིམ་བཞིན་རྒྱས་བཤད་བྱེད་རྒྱུ་དེ་ཡིན། ཁ་གསལ་བོའི་སྒོ་ནས་བཤད་ན། ཚོགས་ཐུན་འདིར་ཅི་ཞིག་འཁྲིད་རྒྱུ་ཡིན་པ་དང་ཇི་ལྟར་འཁྲིད་དགོས་པ། དགོས་པ་ཅིའི་ཕྱིར་འདི་ལྟར་འཁྲིད་རྒྱུ་ཡིན་པ་སོགས་བཤད་རྒྱུ་དེ་རེད། འཁྲིད་བཤད་ནི་བཤད་པ་གཙོ་ཆེ་ཞིང་། དགེ་རྒན་གྱིས་ཁྲིད་ཇུས་རང་སྟེང་ལ་དམིགས་བཙུགས་ཏེ་དེ་ལ་དབྱེ་ཞིབ་དང་གསལ་བཤད་གནང་བའི་ངག་ཐོག་རྣམ་པའི་ཇུས་གཞི་དབྱེ་ཞིབ་ཅིག་ཡིན།

དེ་ལ་བསླབ་གཞིའི་ནང་དོན་གྱི་དབྱེ་ཞིབ་དང་སློབ་ཁྲིད་དམིགས་འབེན་གྱི་གཏན་འཁེལ། སློབ་ཁྲིད་བརྒྱུད་རིམ་གྱི་འཆར་འགོད། སློབ་ཁྲིད་ཐབས་ཤེས་ཀྱི་གདམ་གསེས། སློབ་ཁྲིད་ལས་ཕྱོད་ཀྱི་གདེང་འཇོག་སོགས་ལས་གཞན་གོང་གསལ་གྱི་ཚན་པ་སོ་སོར་དབྱེ་ཞིབ་བྱ་རྒྱུ་སོགས་ཕྱོགས་མང་པོའི་ནང་དོན་འདུས། འཁྲིད་བཤད་ཅེས་པ་ནི་ཚོགས་ཐུན་སྔོན་ལ་བྱུང་བ་ཞིག་ཡིན་ཏེ། ཚོགས་ཐུན་སྔོན་གྱི་སྟ་གོན་གྱི་ཆ་ཤས་ཤིག་ཏུ་ཆགས་ཡོད་པས། དེ་ནི་ཚོགས་རྗེས་ཀྱི་ཕྱིར་རྟོག་དང་ཕྱོགས་སྡོམ་དང་འདྲ་ས་ཡོད་པ་མིན། འཁྲིད་བཤད་ནི་ན་གཞོན་དགེ་རྒན་རྣམས་ཀྱིས་བསླབ་གཞིར་ཞིབ་འཇུག་དང་འཁྲིད་ཐབས་ལ་ཞིབ་འཇུག སློབ་ཁྲིད་ཀྱི་ཐབས་ཤེས་ལག་ལེན་དུ་གདབ་པ། སློབ་གསོའི་རྒྱུ་སྤུས་དང་སློབ་ཁྲིད་ནུས་རྩལ་ཇེ་མཐོར་གཏོང་བའི་ཐབས་ཤེས་བཟང་པོ་ཞིག་ཡིན་ལ། གཏིང་ཟབ་སྒོས་སློབ་གསོའི་ལམ་ལུགས་བཅོས་སྒྱུར་བྱས་ཚུན་ནས། ན་གཞོན་དགེ་རྒན་རྣམས་ཀྱིས་གོམ་གང་མདུན་སྤོས་ཀྱིས་སློབ་གསོའི་གཞུང་ལུགས་ལ་སློབ་སྦྱོང་དང་། ཚན་རིག་གི་བྱེད་ཐབས་ལ་བརྟེན་ནས་སློབ་ཁྲིད་ལག་ལེན་ལ་མཛུབ་སྟོན་བྱེད་པ། སློབ་ཁྲིད་ཞིབ་འཇུག་གི་ནུས་པ་ཇེ་མཐོར་གཏོང་བ། སློབ་ཁྲིད་ཀྱི་རྩ་བའི་ནུས་པ་སྦྱོང་བརྡར་བྱེད་པ་བཅས་ལ་མེད་དུ་མི་རུང་བའི་རེ་འདུན་གཙོ་བོ་ཞིག་ཡིན།

གཉིས། འཁྲིད་བཤད་ཀྱི་ཁྱད་ཆོས།

འཁྲིད་བཤད་ལ་མངོན་གསལ་གྱི་ཁྱད་ཆོས་གཉིས་ཡོད་པ་ནི།

༡.བརྗེ་རེས་གཙོར་འཛིན་པ་སྟེ། ཕན་ཚུན་ལ་སློབ་སྦྱོང་བྱས་ཏེ་ཐུན་མོང་སྒོས་ཡར་རྒྱས་ཡོང་བ་དང། ༢ དབྱེ་ཞིབ་གཙོར་འཛིན་པ་སྟེ།“འཁྲིད་བཤད”ཀྱིས་བརྒྱུད་རིམ་གླེང་དགོས་པར་མ་ཟད་རྒྱུ་མཚན་ཡང་འདྲེན་དགོས་ལ། འཁྲིད་ཇུས་ལ་དབྱེ་ཞིབ་བྱེད་པར་ཐོག་མར་བསླབ་ཚན་གྱི་རྩ་འཛིན་དང་བསླབ་གཞིར་དབྱེ་ཞིབ་བྱས་ཏེ་གང་འཁྲིད་པར་བྱ་བའི་ནང་དོན་གྱི་གོ་གནས་དང་ནུས་པ། ཁུངས་ལུང་སོགས་གཏན་འབེབས་བྱས་རྗེས། ཚོགས་ཐུན་སློབ་ཁྲིད་ཀྱི་ལྷུ་ལག་རེ་རེར་ཤ་ཐོན་རུས་ཐོན་གྱི་འཆར་འགོད་བྱེད་དགོས། འཁྲིད་བཤད་ནི་དགེ་རྒན་གྱིས་དཔྱད་འདེམ་པ་དང་ལས་གྲོགས། མགོ་ཁྲིད་སོགས་ལ་མ་ལག་ཆ་ཚང་ཞིང་གཏན་ཚིགས་ཀྱི་རིགས་ལམ་གསལ་བ། རྗེས་དཔག་གི་དཔྱད་ཞིབ་ནུས་པ་ཡོད་པའི་སྒོ་ནས་སློབ་ཐུན་གང་དེའི་སློབ་ཁྲིད་ཀྱི་འཆར་འགོད་དང་དེའི་གཞུང་ལུགས་ཀྱི་གཞི་འཛིན་ས་སོགས་ཞིབ་ཅིང་ཕྲ་བའི་སྒོ་ནས་བཤད་པའི་སློབ་དཔྱོད་བྱ་འགུལ་ཞིག་ཡིན། འདིས་དགེ་རྒན་ལ་སློབ་ཁྲིད་གྲ་སྒྲིག་བྱེད་པ་དང་སློབ་ཁྲིད་སྐབས་ཀྱི་རྗེས་དཔག་གི་རིགས་འདེད། སློབ་ཁྲིད་ཀྱི་ལས་ཕྱོད་མཐོར་འདེགས། སློབ་དཔྱོད་ཀྱི་ཆུ་ཚད་ཡར་རྒྱས་ཡོང་བར་རོགས་སྐྱོར་བྱ་ཐུབ།

གཉིས་པ། འཁྲིད་བཤད་དང་འཁྲིད་ཇུས་བར་གྱི་འབྲེལ་བ།

འཁྲིད་བཤད་དང་འཁྲིད་ཇུས་གཉིས་ནི་དོན་སྤྱི་མི་འདྲ་བའི་སློབ་ཁྲིད་ཀྱི་གོ་རིམ་གཙོ་བོ་གཉིས་ཡིན་པ་དང་། དགེ་རྒན་མང་ཆེ་ཤོས་ཀྱིས་རྒྱུན་པར་འཁྲིད་བཤད་དང་འཁྲིད་ཇུས་ཀྱི་ངོ་བོ་གཞི་གཅིག་ཏུ་བསྲེས་སྲིད་ལ། ཐ་ན་དགེ་རྒན་ལ་ལས་འཁྲིད་ཇུས་ལ་གདོང་གཏད་དེ་ཐེངས་གཅིག་ཀློག་པ་དེ་འཁྲིད་བཤད་བྱས་པར་ངོས་འཛིན་གྱིན་ཡོད། དེ་ལྟར་བྱས་ན་སྤགས་དང་ཉུང་མ་གཅིག་ཏུ་ངོས་བཟུང་བ་ལྟ་བུའི་ནོར་འཆུག་གི་ལྟ་ཚུལ་འབྱུང་སྲིད།

གཅིག དམིགས་ཡུལ་གྱི་ཐད་ནས་བཤད་ན།

འཁྲིད་བཤད་དང་འཁྲིད་ཇུས་གཉིས་ཀ་སློབ་ཐུན་ཡག་པོ་ཞིག་འཁྲིད་པའི་ཆེད་དུ་སྒྲིག་སྦྱོར་བྱས་པ་ཡིན་ལ། དེ་གཉིས་ཀས་བསླབ་ཚན་གྱི་གཙོ་གནད་དང་དཀའ་གནད་ངོས་ཟིན་དགོས་ཚད་དང་སློབ་ཁྲིད་ཀྱི་དམིགས་ཡུལ་དག་གསལ་ཅན་དུ་བསྒྱུར་བའི་ཐད་དུ་རེ་བ་ནན་མོ་བཏོན་ཡོད་པར་མ་ཟད། བསླབ་གཞིའི་ནང་དོན་དང་འབྲེལ་ཏེ་ཡང་དག་པའི་འཁྲིད་ཐབས་དང་བྱེད་ཐབས་བཀོད་སྒྲིག་བྱས་ནས་སློབ་ཐུན་གྱི་རྒྱུ་སྤུས་ཇེ་བཟང་དུ་གཏོང་བར་ཁག་ཐེག་བྱས་ཡོད།

གཉིས། ནང་དོན་གྱི་ཐད་ནས་བཤད་ན།

འཁྲིད་བཤད་དང་འཁྲིད་ཇུས་གཉིས་ཀ་བསླབ་གཞི་དང་འབྲེལ་མེད་ཡིན་མོད། འོན་ཀྱང་དེ་གཉིས་ཀའི་གནད་ཀྱི་དབབ་ས་རྩ་བ་ནས་མི་གཅིག། འཁྲིད་ཇུས་ཀྱིས་སློབ་ཁྲིད་ཀྱི་དམིགས་ཚད་ག་གེ་མོ་ལག་ཏུ་བསྟར་བའི་བརྒྱུད་རིམ་ཁྲོད་ཀྱི་བཀོད་སྒྲིག་གམ་བྱེད་ཐབས་མངོན་འགྱུར་བྱེད་པ་གཙོར་བཟུང་ཡོད་པ་དང་། འཁྲིད་བཤད་ཀྱིས་སློབ་ཁྲིད་ཀྱི་དམིགས་ཚད་ག་གེ་མོ་འགྲུབ་པར་ལག་ཏུ་བསྟར་བའི་ཐབས་ཤེས་དང་དེ་གཞི་འཛིན་སའི་གཞུང་ལུགས་ཀྱི་གསལ་བཤད་དེ་ཡིན། འཁྲིད་བཤད་ཀྱིས་གཞུང་ལུགས་དང་ལག་ལེན་འབྲེལ་བ་གཞི་བྱས་ཏེ་གཞུང་ལུགས་ངེས་ཅན་ཞིག་གི་སྟེང་ནས་སློབ་ཁྲིད་ཀྱི་དམིགས་ཚད་ག་གེ་མོ་དེ་ཇི་ལྟར་བཀོད་སྒྲིག་གནང་བའི་རྒྱུ་མཚན་གསལ་བཤད་བྱེད་རྒྱུ་དེ་རེད།

གསུམ། བྱ་ཡུལ་གྱི་ཐད་ནས་བཤད་ན།

འཁྲིད་བཤད་དང་འཁྲིད་ཇུས་གཉིས་ཀ་རྩ་བ་ནས་མི་འདྲ་སྟེེ། འཁྲིད་བཤད་བྱ་ཡུལ་ནི་ལས་རིགས་གཅིག་པའི་སློབ་གསོའི་བྱ་བ་སྒྲུབ་མཁན་དག་ཡིན། འཁྲིད་བཤད་རང་སྟེང་ན་ཉམས་མྱོང་བརྗེ་རེས་ལྟ་ཚུལ་ངོ་སྤྲོད་ཀྱི་རང་བཞིན་ལྡན་ཞིང་། དགེ་རྒན་ལ་གཞུང་ལུགས་ཀྱི་ཐད་ནས་བཏོན་པའི་ཆ་རྐྱེན་དང་རེ་བ་ཅུང་མཐོ་བ་དང། ཁྲིད་ཡིག་གི་ཞབས་ཞུ་བྱ་ཡུལ་ནི་སློབ་མ་ཡིན་ལ། དགེ་རྒན་ལ་དག་གསལ་སླ་གསུམ་གྱི་སྒོ་ནས་སློབ་མར་ཤེས་བྱ་གནང་བའི་རེ་འདུན་འདོན་གྱིན་ཡོད་པ་ལས། དགེ་རྒན་གྱིས་སློབ་མར་སློབ་གསོ་རིག་པ་དང་སེམས་ཁམས་རིག་པ། སློབ་གསོའི་དམིགས་ཡུལ་ལ་སོགས་འབྲེལ་ཡོད་གཞུང་ལུགས་སྐོར་གྱི་ཤེས་བྱ་ངོ་སྤྲོད་བྱ་མི་དགོས།

གསུམ་པ། འཁྲིད་བཤད་ཀྱི་རྩ་བའི་བླང་བྱ་དང་རེ་འདུན།

གཅིག “འཁྲིད་བཤད”ཀྱི་རྩ་དོན།

༡. རེ་འདུན་ཚད་ཐིག་ཏུ་བླངས་ནས་ནང་དོན་འོས་ཤིང་འཚམ་པར་དགོད་པ།

༢. རྒྱས་བསྡུས་རན་ཞིང་དཀའ་སླ་རིས་སུ་དགོད་རྒྱུ་ནི་སློབ་ཁྲིད་བཟང་པོ་ཞིག་བྱ་ཐུབ་མིན་གྱི་རྩ་བའི་རེ་འདུན་དུ་མཐོང་ཞིང་། ཚོགས་ཐུན་སློབ་ཁྲིད་ཀྱི་ལས་ཕྱོད་མཐོར་འདེགས་ཡོང་རྒྱུ་དེ་ཚོགས་ཐུན་སློབ་ཁྲིད་ཀྱི་རེ་འདུན་། རྩ་འཛིན། ཚོགས་ཐུན་གྱི་ནང་དོན་སོགས་ལ་འབྲེལ་བ་གལ་ཆེན་ལྡན་པས་དེ་ཚོའི་བར་གྱི་འབྲེལ་བ་ཡང་དག་པའི་སྒོ་ནས་ཐག་གཅོད་བྱ་རྒྱུ་དེ་ཧ་ཅང་གལ་ཆེ་ལ། དེའི་གནད་དོན་ཐག་གཅོད་པ་ལ། ཕྱོགས་གཅིག་ནས། ཚོགས་ཐུན་གྱི་དུས་ཚོད་བཀོད་སྒྲིག་ཚགས་དམ་དགོས་ཤིང་། ཕྱོགས་གཞན་ཞིག་ནས་ཚོགས་ཐུན་སློབ་ཁྲིད་དེ་སློབ་མས་སློབ་སྦྱོང་གི་བརྒྱུད་རིམ་གཙོ་བོ་ཞིག་རེད། དངོས་གནས་བཤད་ན། སློབ་སྦྱོང་ནི་ཡུན་དུ་འཇུག་པའི་བྱ་བ་ཞིག་ཡིན་པས་དེ་མ་ཐག་ཏུ་གྲུབ་འབྲས་འབྱུང་དཀའ་བའི་དབང་གིས། དགེ་རྒན་གྱི་ཤེས་ཡོན་དེ་ཚོགས་ཐུན་སློབ་ཁྲིད་ཀྱི་འཆར་འགོད་རྒྱས་བསྡུས་རན་ཞིང་ཚགས་དམ་ཡོད་མེད་ཀྱི་ཆ་ལ་གདེང་ཚོད་ཡོད་མེད་ཀྱི་སྟེང་ནས་མངོན་ཐུབ།

༣. འཁྲིད་བཤད་ཀྱི་གཞི་འཛིན་ས་སློབ་ཐུན་ཡིན་ལ་རྩལ་སྟོན་སའང་སློབ་ཐུན་ཡིན། འཁྲིད་བཤད་ཀྱི་གནད་འགག་དེ་སློབ་ཁྲིད་ཀྱི་འཆར་འགོད་དང་དབྱེ་ཞིབ་ཀྱི་སྟེང་ནས་མངོན་དགོས་པ་དང་། དེ་སློབ་ཁྲིད་ཀྱི་ནུས་པ་གཞན་དག་དང་བསྡུར་ས་མི་འགྲོ་བར་ངེས་པར་དུ་སློབ་ཐུན་རང་སྟེང་ནས་གཞི་ཆགས་དགོས་པ་དེ་ཡིན།

༤. རྒྱས་བསྡུས་རན་ཞིང་གཙོ་གནད་འབུར་དུ་ཐོན་དགོས། འཁྲིད་བཤད་ཀྱི་སྐབས་སུ་འབྲེལ་ཡོད་ཀྱི་ནང་དོན་ངོ་སྤྲོད་བྱེད་པའི་རྨང་གཞིའི་སྟེང་དུ། རྒྱུན་པར་འཕྲད་ངེས་ལ་ཐག་གཅོད་དགོས་པའི་གནད་དོན་གཙོ་བོ་ལྷུར་ལེན་བྱས་ཐོག དེ་ཐག་གཅོད་པའི་ཐབས་ཤེས་མཚོན་པར་བྱས་ནས་འཁྲིད་བཤད་ཀྱི་བརྗེ་རེས་ནུས་པ་འདོན་སྤེལ་བྱ་དགོས།

༥. སྟོང་བཤད་སྤངས་ཏེ་དངོས་གཞི་འཚོལ་བ། མངོན་གསལ་གྱི་སློབ་ཁྲིད་རེ་འདུན་ཡོད་དགོས་པར་མ་ཟད་ལག་བསྟར་གྱི་ཐབས་ཤེས་དེ་བས་ཀྱང་གལ་ཆེན་དུ་མཐོང་ཞིང་། གཞན་ལ་སེམས་འགུག་བློ་བསྐྱེད་ཀྱི་ནུས་པ་བྱིན་ནས་འཁྲིད་བཤད་ཀྱི་བརྗེ་རེས་ནུས་པ་འདོན་སྤེལ་བྱ་དགོས།

གཉིས། འཁྲིད་བཤད་ཀྱི་རེ་འདུན་ནམ་བླང་བྱ།

༡. སྐབས་བབ་ཀྱི་སློབ་ཐུན་དེས་བསླབ་ཚན་རང་ཉིད་ཀྱི་སློབ་ཁྲིད་ཧྲིལ་བོའི་ཁྲོད་བཟུང་བའི་གོ་གནས་དང་ནུས་པ་གསལ་བོར་བཤད་དགོས།

སློབ་ཁྲིད་ཀྱི་བརྒྱུད་རིམ་ཁྲོད་དུ་སློབ་ཚན་རེ་རེའི་འཁྲིད་ཇུས་ཀྱི་ནང་དོན་མི་འདྲ་ཞིང་། དེ་ཚོས་བསླབ་ཚན་སོ་སོའི་ཤེས་བྱའི་མ་ལག་གི་ཁྲོད་དུ་བཟུང་བའི་གོ་གནས་དང་ནུས་པའང་མི་འདྲའོ། ། སློབ་ཐུན་ཁ་ཤས་ཀྱི་ནང་དོན་གྱིས་བསླབ་ཚན་ཧྲིལ་བོའི་གཙོ་གནད་ཟིན་གྱིན་ཡོད་པ་དང་། དུས་རིམ་ངེས་ཅན་ཞིག་གི་ནང་དུ་སློབ་སྦྱོང་དང་སློབ་ཁྲིད་ཀྱི་གནད་འགག་ལྟ་བུར་གྱུར་ཡོད་པས་གོང་མཐུད་རྗེས་འདྲེན་གྱི་ནུས་པ་ཐོན་གྱིན་ཡོད། དེ་བས་དགེ་རྒན་གྱིས་ངེས་པར་དུ་སློབ་ཐུན་སོ་སོའི་འཁྲིད་ཇུས་ཀྱིས་བསླབ་ཚན་སློབ་ཁྲིད་ཁྲོད་དུ་བཟུང་བའི་གོ་གནས་ལ་ངོས་འཛིན་གསལ་བོ་གནང་ནས་སློབ་མར་སྙིགས་འདོར་བཅུད་ལེན་གྱི་ཐབས་སྤྱད་ནས་སྤྱོད་གོ་ཆོད་པའི་མཛུབ་སྟོན་ལག་ཏུ་བསྟར་དགོས། ང་ཚོས་རྒྱུན་པར་དགེ་རྒན་ཉམས་མྱོང་ཅན་ལ་བསམ་བློ་བརྗེ་རེས་བྱེད་དུས། ཁོ་ཚོས་རྒྱུན་པར་སློབ་ཐུན་གྱི་གཙོ་གནད་ལས་གཞན་བསླབ་ཚན་ཧྲིལ་བོའི་དཀའ་གནད་དང་གཙོ་གནད་རྣག་ཐོག་གཙགས་ཁེལ་གྱི་སྒོ་ནས་འབྱིན་ཐུབ་པ་དང། ཁོ་ཚོའི་སློབ་ཁྲིད་ལ་རྐྱོང་སྐུམ་དང་མཉེན་འགུག སྲ་སྙི་སོགས་བཏང་སྙོམས་ཀྱི་ཁྱད་ཆོས་མང་པོས་ཕྱུག་ཡོད་རྐྱེན། དགེ་རྒན་གྱི་འཁྲིད་བཤད་འདིའི་རིགས་ལ་གོ་བསྐོན་བློ་འགུག་གི་ནུས་པ་ལྡན་པར་མ་ཟད། སློབ་ཁྲིད་ཀྱི་གོ་རིམ་མི་འཆོལ་ཞིང་གནད་ཟིན་པ། བྱེད་བདེ་བ། སློབ་མས་སློབ་པར་དཀའ་ཁག་ཉུང་ཞིང་མངོན་གསལ་གྱི་གྲུབ་འབྲས་འཐོབ་ཐུབ་པ་སོགས་ཀྱི་དགེ་མཚན་ཡོད་པས། སློབ་གསོའི་གཡུལ་སར་ཞུགས་མ་ཐག་པའི་དགེ་རྒན་ལོ་ཆུང་རྣམས་ཀྱིས་འཁྲིད་བཤད་ཀྱི་སྐབས་སུ་ངེས་པར་དུ་བསླབ་ཚན་ཚད་གཞི་གཞིར་བྱས་ནས་ཆུང་བ་སློབ་ཐུན་ནས་ཆེ་བ་བསླབ་ཚན་གྱི་འཁྲིད་ཇུས་འཆར་འགོད་ཀྱི་ལུགས་མཐུན་རང་བཞིན་ལ་གསལ་ཁ་གཏོད་དགོས།

༢. སྐབས་བབ་སློབ་ཐུན་གྱི་དཀའ་གནད་དང་གཙོ་གནད་སེལ་བ།

སློབ་ཐུན་སོ་སོའི་འཁྲིད་བྱའི་ནང་དོན་ལ་རང་གི་ཐུན་མིན་གྱི་ཁྱད་ཆོས་དང་སློབ་མས་ངེས་པར་དུ་རྟོགས་དགོས་པའི་གནད་འགག་ཡོད། སློབ་མས་སློབ་ཐུན་གཅིག་གི་ནང་དོན་རྟོགས་དགོས་ན་ངེས་པར་དུ་དཀའ་གནད་དང་གཙོ་གནད་འབུར་དུ་ཐོན་དགོས་པ་དང་། དེ་དང་བསྟུན་ནས་བསླབ་ཚན་རྩ་འཛིན་གྱི་ནུས་པ་ཕྱིར་མངོན་དགོས། སློབ་ཐུན་གང་ཞིག་ཡིན་རུང་སློབ་མས་གོ་དཀའ་བའི་ཤེས་བྱ་མི་ཉུང་བ་ཡོད་ངེས་པས། དགེ་རྒན་གྱིས་སློབ་མའི་གནས་ཚུལ་ལ་གཞིགས་ནས་དཀའ་གནད་འཚོལ་བ་དང་དཀའ་གནད་འགྲོལ་བ། དཀའ་གནད་སེལ་བའི་གོ་རིམ་ལ་མཐོང་ཆེན་བྱས་ནས་སློབ་ཐུན་གྱི་དམིགས་ཚད་ལེགས་འགྲུབ་བྱ་དགོས། འདི་དག་ཡོད་ཚད་འཁྲིད་བཤད་གནང་མཁན་གྱི་དགེ་རྒན་ནས་འཁྲིད་བཤད་ཀྱི་གོ་རིམ་ཁྲོད་ནས་ངོས་འཛིན་ཡག་པོ་གནང་ཞིང་སློབ་ཁྲིད་ཁྲོད་དུ་ཇི་ལྟར་མངོན་འགྱུར་འབྱུང་དུ་གཞུག་རྒྱུའི་གོ་རིམ་གསལ་བོར་བཤད་དགོས།

༣. སྐབས་བབ་སློབ་ཐུན་གྱི་དུས་ཡུན་དང་དམིགས་ཚད་བཤད་པ།

ཚད་ཡོད་པའི་སློབ་ཐུན་གྱི་ཁྲོད་ནས་སློབ་ཐུན་གྱི་དམིགས་ཚད་ལ་གདེང་ཚོད་འཛིན་རྒྱུ་ནི་དགེ་རྒན་གྱི་རྩ་བའི་ནུས་པ་ཞིག་ཡིན། སྐར་མ་བཞི་བཅུ་ཞེ་ལྔའི་སློབ་ཐུན་སློབ་ཁྲིད་ཀྱི་དུས་ཡུན་ནང་དུ། སློབ་ཐུན་གྱི་དམིགས་ཚད་འགྲུབ་པ་ལ་རེ་བ་ནན་མོ་ཡོད་དེ། གཙོ་གནད་དང་དཀའ་གནད་ཇི་ལྟར་འབུར་ཐོན་བྱེད་པ། ཇི་ལྟར་སེལ་བ། ཇི་ལྟར་སྲ་བརྟན་དུ་གཏོང་བ། ཇི་ལྟར་བསྐྱར་སྦྱོང་བྱེད་པ། ཇི་ལྟར་སློབ་གསར་འདྲེན་པ། ཇི་ལྟར་དཔེ་སྟོན་བྱེད་པ། ཇི་ལྟར་ཕྱོགས་སྡོམ་བྱེད་པ། ཇི་ལྟར་དྲི་བ་འདོན་པ། ཇི་ལྟར་ལས་བྱ་བགོ་བ་སོགས་སློབ་ཐུན་གྱི་ཆ་གང་ཞིག་བསྒྲུབ་པ་ལ་དུས་ཚོད་ཀྱི་སྟེང་ནས་ལུགས་མཐུན་སྙོམས་བགོའི་བཀོད་སྒྲིག་བྱེད་སྟངས་ཤིག་ཡོད། སློབ་ཐུན་ལེགས་པོ་ཞིག་འཁྱོངས་མིན་དེ་དུས་ཡུན་ཡག་པོ་ཞིག་བཀོད་སྒྲིག་བྱེད་ཐུབ་མིན་ལ་འབྲེལ་བ་ཆེན་པོ་ཡོད།

༤. སློབ་ཐུན་གྱི་དམིགས་ཚད་ལག་བསྟར་གྱི་ཐབས་གསལ་པོོར་བཤད་པ།

སློབ་ཐུན་གྱི་དམིགས་ཚད་གཏན་འབེབས་བྱས་རྗེས། ཐབས་ཤེས་གང་ཞིག་སྤྱད་དེ་དམིགས་ཚད་མངོན་འགྱུར་ཡོང་རྒྱུ་ནི་ཧ་ཅང་གལ་ཆེ་བ་དང་། དེས་འཁྲིད་བཤད་མཁན་གྱིས་སློབ་ཁྲིད་ཀྱི་རེ་འདུན་དང་སློབ་ཁྲིད་བྱ་ཡུལ་གཞིར་བཟུང་ནས་འཁྲིད་ཐབས་གང་ཞིག་སྤྱད་ནས་སློབ་ཁྲིད་དེ་ལེགས་འགྲུབ་འབྱུང་བར་རེ་བ་ནན་མོ་བཏོན་ཡོད་པར་མ་ཟད། ཐབས་ཤེས་གང་ཞིག་སྤྱད་ནས་སློབ་ཁྲིད་ཀྱི་དཀའ་གནད་དང་གཙོ་གནད་འབུར་དུ་གཏད་ནས་ཤེས་བྱ་དང་ནུས་པ་གཉིས་སློབ་མའི་རྒྱུད་དུ་ཆགས་པར་ཁག་ཐེག་བྱས་ཡོད། ཇི་སྐད་དུ། འཁྲིད་ཐབས་མི་འགྱུར་ལུགས་སྲོལ་མེད། ། འཁྲིད་ལ་ཐབས་ཀྱི་སྦྱོར་བ་མཁས། ། ཞེས་པ་ལྟར་ཐབས་གང་ཞིག་སྤྱོད་པ་ལ་དེའི་ལུགས་མཐུན་རང་བཞིན་དང་ཚན་རིག་རང་བཞིན་བརྩི་སྲུང་བྱ་དགོས་ཏེ། སློབ་ཐུན་གཅིག་གི་ནང་དུའང་ཐབས་སྣ་ཚོགས་འདྲེས་མར་སྦྱོར་ཆོག་རུང། མཐར་ཐུག་གི་ཐབས་ཤེས་དེ་དག་སློབ་ཁྲིད་ཀྱི་དངོས་གཞི་དང་མཐུན་བསྡུར་དུ་གྲུབ་དགོས་པ་ཞིག་ཡིན།

༥. སྐབས་བབ་སློབ་ཐུན་ལས་སློབ་ཁྲིད་འཆར་འགོད་ཀྱི་ཚོད་བགམ་གདེང་འཇོག

འཁྲིད་བཤད་ནི་ཁྲོམ་སྒྲོག་སློབ་ཁྲིད་དང་བསྡུར་ཐབས་མེད་ལ། སློབ་ཁྲིད་ཀྱི་ནུས་པ་མངོན་འགྱུར་མ་ཡོང་བའི་གནས་ཚུལ་འོག་ཏུ། འཁྲིད་བཤད་མཁན་གྱིས་འཁྲིད་བཤད་ཀྱི་ནང་དོན་ལ་ཚོད་དཔག་རང་བཞིན་གྱི་གདེང་འཇོག་ངེས་ཅན་ཞིག་བྱ་དགོས་པ་དང་དེ་རང་ཉིད་ཀྱི་འཁྲིད་བཤད་ཀྱི་ནང་དོན་ཁག་ཅིག་ཏུ་བརྩིས་ཆོག བསླབ་ཚན་བཅོས་སྒྱུར་བྱེད་རིམ་དུ། སློབ་ཁྲིད་བྱེད་པར་གནད་དོན་མི་ཉུང་བ་འབྱུང་བས། འཁྲིད་བཤད་བྱེད་དུས་སློབ་ཁྲིད་དུ་གནད་དོན་གང་བྱུང་བ་དང་། དེ་ཐག་གཅོད་ཇི་ལྟར་བྱེད་པ་བཤད་དགོས། འཁྲིད་བཤད་དུ་ད་དུང་སློབ་ཁྲིད་བྱེད་རིམ་དུ་དོན་དག་གློ་བུར་བ་གང་དག་བྱུང་བ་དང་། དེ་དག་གི་འབྱུང་རྐྱེན་གང་ཡིན་པ་དབྱེ་ཞིབ་གསལ་པོ་བྱས་ནས་བཤད་དགོས། དེ་ལ་དབྱེ་ཞིབ་དང་གསལ་བཤད་བྱེད་ཐུབ་ན་ཕྱིས་སུ་དོན་དག་གློ་བུར་བ་བྱུང་བ་ཐག་གཅོད་བྱེད་ཐབས་གསར་པ་རྙེད་ཅིང་། སློབ་གསོ་དང་སློབ་ཁྲིད་ཀྱི་བློ་རིག་རྒྱས་པར་ཕན་ཐོགས་ཆེན་པོ་ཡོད་པ་རེད། སློབ་གསོའི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་བསྟུན་ནས། སྒྲིག་སྦྱོར་དང་འཁྲབ་ཁྲིད། འཆར་འགོད་དང་སློབ་ཁྲིད་སོགས་བདག་ཉིད་གཅིག་ཏུ་འདུས་པའི་སློབ་གསོའི་རྣམ་པ་གསར་དུ་ཆགས་པ་ཡིས་ཕྱོགས་ཡོངས་ནས་དགེ་རྒན་གྱི་ཤེས་ཡོན་དང་དགེ་རྒན་གྱི་སློབ་གསོའི་གཞུང་ལུགས་ཀྱི་ཆུ་ཚད། དགེ་རྒན་གྱི་སློབ་ཁྲིད་ནུས་རྩལ་གྱི་ཁྱད་འཕགས་རང་བཞིན་སོགས་མཚོན་གྱིན་ཡོད། ང་ཚོས་འཁྲིད་བཤད་ཀྱི་རྣམ་པ་འདིར་བརྟེན་ནས་སློབ་གསོ་དང་སློབ་ཁྲིད་ཀྱི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་ནས་མགྱོགས་མྱུར་ངང་བོད་སྐད་ཡིག་དགེ་རྒན་གྱི་དཔུང་ཁག་གསོ་སྐྱོང་གནང་ཐོག དེ་ལས་མང་བའི་བོད་ཀྱི་སློབ་གསོའི་ཕ་གཞིས་སྐྱོང་བའི་རྐང་འཛིན་པ་ཡག་པོ་ཆགས་རྒྱུར་འབད་འབུངས་བྱ་དགོས།

བཞི་པ། འཁྲིད་བཤད་ཀྱི་ནང་དོན།

དོན་དམ་དུ་བཤད་ན། འཁྲིད་བཤད་ཀྱི་དུས་སུ་བརྒྱུད་རིམ་བཤད་པ་ཕལ་བ་དང་གནས་ལུགས་བཤད་པ་གཙོ་བོར་འཛིན་དགོས། དེས་ན་བྱེ་བྲག་གི་འཁྲིད་བཤད་ནང་དོན་དེ་ཕྱོགས་གང་དག་ནས་བགྱི་དགོས་སམ་ཞེ་ན།

གཅིག བསླབ་གཞི་བཤད་པ།

༡. སློབ་ཁྲིད་ཀྱི་དམིགས་ཚད་བཤད་པ།

བསླབ་གཞི་བཤད་པ་ལ་ཐོག་མར་བསླབ་ཚན་གྱི་དམིགས་ཡུལ་གཏན་འབེབས་བྱེད་དགོས། བསླབ་ཚན་དམིགས་ཚད་ལ་ཁྱབ་ཁོངས་གསུམ་ཡོད་དེ། ཤེས་བྱ་དང་ནུས་རྩལ། བརྒྱུད་རིམ་དང་ཐབས་ཤེས། སེམས་ཁམས་འཁྱེར་སོ་དང་རིན་ཐང་ལྟ་ཚུལ་རྣམས་སོ། ། ཤེས་བྱ་ཞེས་པ་དོན་དངོས་དང་གོ་དོན། རྩ་བའི་རིགས་པ། ཆོས་ཉིད་སོགས་ལ་ཟེར། ནུས་རྩལ་ཞེས་པ་འགུལ་སྐྱོད་ཀྱི་རྩལ་དང་ལྟ་ཞིབ། ཀློག་འདོན། རྩིས་རྒྱག་པ། དཔྱད་ཞིབ་བྱེད་པ་སོགས་ཀྱི་ནུས་པ་ལ་ཟེར། བརྒྱུད་རིམ་དང་ཐབས་ཤེས་ཞེས་པ་ཤེས་རྟོགས་ཀྱི་བརྒྱུད་རིམ་དང་ཐབས་ཤེས། ཚན་རིག་འཚོལ་ཞིབ་ཀྱི་བརྒྱུད་རིམ་དང་ཐབས་ཤེས། ཤེས་རྟོགས་ཀྱི་བརྒྱུད་རིམ་དུ་ཕན་ཚུན་འབྲེལ་ཐུག་བྱེད་པའི་བརྒྱུད་རིམ་དང་ཐབས་ཤེས་ལ་ཟེར། ཁྱད་པར་དུ་བརྒྱུད་རིམ་དུ་ཤེས་བྱ་ཁོང་དུ་ཆུད་པར་བྱེད་པ་དང་ལག་ལེན་བྱེད་པ། ཐབས་ཤེས་སློབ་སྦྱོང་བྱེད་པ་དང་ལག་ལེན་བྱེད་པ་གནད་དུ་འཛིན་བཞིན་ཡོད། སེམས་ཁམས་འཁྱེར་སོ་དང་རིན་ཐང་ལྟ་ཚུལ་དུ་རང་དང་གཞན། རང་བྱུང་ཁམས། དེ་དག་བར་གྱི་འབྲེལ་བ་བཅས་ལ་གཞིགས་ནས་བྱུང་བའི་སེམས་ཁམས་དང་བསམ་པའི་འཁྱེར་སོ། རིན་ཐང་ལྟ་ཚུལ་དང་། བྱ་བ་བྱེད་པར་དགོས་ངེས་པའི་ཚན་རིག་དང་མཐུན་པའི་སྤྱོད་ཚུལ། ཚན་རིག་དང་མཐུན་པའི་ལྟ་བ་དག་འདུས་ཡོད། སློབ་ཁྲིད་དམིགས་ཚད་ཀྱི་ཁྱབ་ཁོངས་གཏན་ལ་འབེབས་ཚེ། ཁྱབ་ཁོངས་དེ་གསུམ་པོར་བསམ་བློ་མཉམ་པོར་གཏོང་དགོས་པ་ལས་ཕྱོགས་རེ་བར་འཛིན་མི་རུང་། ཚོགས་ཐུན་རེ་རེའི་དམིགས་ཚད་འཇོག་པའི་ཚེ། དེ་གསུམ་ལས་གལ་ཆེ་ཆུང་གི་དབྱེ་བ་ཡོད་པ་རེད། སློབ་ཁྲིད་དམིགས་ཚད་བཤད་ཚེ། སློབ་ཁྲིད་དམིགས་ཚད་ཆ་ཚང་མིན་དང་ཞིབ་ཆ་ཡོད་མེད། དམིགས་ས་ཡོད་མེད་བཅས་ཕྱོགས་གསུམ་ནས་བཤད་དགོས། དམིགས་ཚད་རགས་པ་ཆེ་ལོང་ཙམ་དུ་བཤད་པ་དང་། ཚིག་ལོ་མང་ཞིང་དོན་གྱིས་སྟོང་བ་དང་། སྤྱི་འགྲོས་སུ་བཤད་པ་དང་། བསླབ་བྱའི་ནང་དོན་གྱིས་ཚབ་བྱེད་པ་ཀུན་མི་རིགས་པས་སྤང་བྱའོ། །

༢. བསླབ་བྱའི་གཙོ་གནད་བཤད་པ།

བསླབ་བྱར་ཤེས་བྱ་ཐུན་མོང་རང་བཞིན་ཅན་དང་འདུས་ཆེ་ཞིང་རིག་གཞུང་གི་ཁྱད་ཆོས་གསལ་པོ་ཡོད་པ་དག་ཕལ་ཆེ་བ་བསླབ་བྱའི་གཙོ་གནད་ཡིན། བསླབ་བྱར་ཤེས་བྱ་དང་ཐབས་ཤེས། ནུས་རྩལ་ཐུན་མོང་རང་བཞིན་ཅན་དག་དམིགས་སུ་འཛིན་ཐུབ་ན་སློབ་ཁྲིད་ཀྱི་གཙོ་གནད་ཟིན་པ་ཡིན། བསླབ་བྱར་གཞི་རྩའི་གོ་དོན་དང་རྩ་བའི་རིགས་པ། ངེས་ལུགས་སམ་གནས་ལུགས་སོགས་ནི་དོན་འདུས་ཆེ་ཞིང་རིག་གཞུང་གི་ཁྱད་ཆོས་གསལ་པོ་ཡོད་པའི་ཤེས་བྱ་ཡིན་པས། སློབ་ཁྲིད་དུ་འདི་དག་དམིགས་སུ་ཟིན་ཚེ་རྩ་བ་ཟིན་པས་ཡན་ལག་རྣམས་རང་བཞིན་གྱིས་འཐོན་ཞིང་། གཅིག་ཤེས་ཀུན་གྲོལ་དུ་འགྱུར་བ་རེད། བསླབ་བྱའི་གཙོ་གནད་གཏན་ལ་དབབ་པའི་ཚེ། ཤེས་བྱ་གང་དག་ནི་སློབ་མས་སྦྱངས་ཟིན་པའམ་སྔོན་གྱི་རྨང་གཞིར་བརྟེན་ནས་ཤེས་སླ་པོར་ཡོད་པ་དང་། ཤེས་བྱ་གང་དག་ནི་སློབ་མར་ཆ་རྒྱུས་མེད་པའམ་གཏན་ནས་མཐོང་མ་མྱོང་བ་ཡིན་པ་དབྱེ་བ་གསལ་པོར་འབྱེད་དགོས། སློབ་མར་ཆ་རྒྱུས་མེད་པའམ་གཏན་ནས་མཐོང་མ་མྱོང་བའི་ཤེས་བྱ་ནི་སློབ་ཁྲིད་ཀྱི་གཙོ་གནད་ཡིན་ནོ། །

གཉིས། འཁྲིད་ཐབས་བཤད་པ།

སློབ་ཁྲིད་ཀྱི་དམིགས་ཚད་དང་བསླབ་བྱ་གཏན་ལ་ཕབ་ཟིན་པ་ན་དེ་དག་འགྲུབ་བྱེད་དུ་ཐབས་ཤེས་གང་དག་བསྟེན་དགོས་པ་ཐག་གཅོད་བྱ་དགོས། འཁྲིད་བཤད་མཁན་གྱིས་སློབ་ཁྲིད་ཀྱི་དམིགས་ཚད་དང་སློབ་མའི་གནས་ཚུལ་ལ་གཞིགས་ཏེ། སློབ་ཁྲིད་ཀྱི་ལས་འགན་འགྲུབ་ནས་སློབ་མས་ཤེས་བྱ་ཁོང་དུ་ཆུད་བྱེད་དུ་འཁྲིད་ཐབས་གང་དག་སྤྱོད་དགོས་པ་གསལ་པོར་བཤད་དགོས། འཁྲིད་ཐབས་བཤད་པ་ལ་ཐབས་དེ་འདྲ་བསྟེན་དགོས་པའི་རྒྱུ་མཚན་དང་ཐབས་དུ་མ་སྡེབ་ཚུལ་ཏེ་ཕྱོགས་གཉིས་ནས་བཤད་དགོས།

༡. འཁྲིད་ཐབས་འདེམས་པའི་ཁུངས་ལུང་བཤད་པ།

སློབ་ཁྲིད་ཀྱི་དམིགས་ཚད་དང་སློབ་ཁྲིད་ལས་འགན་འགྲུབ་པར་བྱེད་རྒྱུ་ནི་འཁྲིད་ཐབས་བསྟེན་པའི་དགོས་པ་གཙོ་བོ་ཡིན། འཁྲིད་ཐབས་དང་སློབ་ཁྲིད་དམིགས་ཚད། བསླབ་བྱའི་ནང་དོན། སློབ་མའི་ཁྱད་ཆོས། དགེ་རྒན་གྱི་བྱང་ཆ། སློབ་ཁྲིད་ཀྱི་ལྷུ་ཚིགས་བར་ལ་འབྲེལ་བ་དམ་པོ་ཡོད། དེ་དག་བར་གྱི་འབྲེལ་བ་ནི་དགེ་རྒན་གྱིས་འཁྲིད་ཇུས་འགོད་རིམ་དུ་འཁྲིད་ཐབས་འདེམས་པ་དང་འཁྲིད་ཐབས་དུ་མ་ལེགས་པར་སྡེབ་པའི་ཁུངས་ལུང་ཡིན།

༢. འཁྲིད་ཐབས་སྡེབ་པ།

སློབ་ཁྲིད་དམིགས་ཚད་ཅིག་ཡོངས་སུ་འགྲུབ་པར་བྱ་དགོས་ན། ཐབས་ཤེས་སྣ་གཅིག་གིས་འགྲུབ་མི་ཐུབ་ཅིང་། དུ་མ་མཉམ་དུ་ལེགས་པར་བསྡེབས་ནས་འགྲུབ་པར་བྱེད་དགོས་པ་ཞིག་ཡིན། ཐབས་ཤེས་དུ་མ་བསྡེབས་ནས་བཀོལ་ན་ཐབས་སོ་སོ་ཕན་ཚུན་ཉི་མ་མེ་གྲོགས་དང་ཆར་པ་ཆུ་གྲོགས་སུ་གྱུར་ཏེ། དུ་མ་འདུས་པའི་ནུས་པ་འཐོན་པ་རེད། འཁྲིད་ཐབས་གང་ཞིག་བསྟེན་ཡང་། སློབ་མའི་བློ་སྒོ་འབྱེད་ཅི་ཐུབ་བྱེད་རྒྱུ་ནི་གཙོ་བོ་ཡིན་པས། བློ་སྒོ་འབྱེད་ཐུབ་མིན་ནི་འཁྲིད་ཐབས་འདེམས་པའི་རྩ་དོན་ཡིན། སློབ་མས་སློབ་སྦྱོང་བྱེད་རིམ་དུ་སློབ་སྦྱོང་བྱེད་པའི་ཀུན་སློང་དྲག་པོ་བསྐྱེད་པ་དང་། སློབ་མས་བསམ་གཞིག་བྱེད་པར་བརྩོན་པ་ལ་བློ་ཁ་བསྒྱུར་བ་དང་། སློབ་མར་རང་རྐྱ་འཕེར་བས་བསམ་གཞིག་བྱེད་པའི་ནུས་པ་བསྐྱེད་པ་ལ་འབད་དེ། སློབ་མའི་གསར་གཏོད་བྱེད་པའི་བསམ་གཞིག་བྱེད་སྟངས་ཆགས་པ་ལ་མཐུན་རྐྱེན་གང་ལེགས་བསྒྲུབ་དགོས། སློབ་ཁྲིད་དུ་སློབ་མ་རྣམས་བསླབ་པར་འཇུག་མི་འཇུག་ནི་འཁྲིད་ཐབས་སྤྱད་པ་ལེགས་ཉེས་འབྱེད་པའི་ཚད་གཞི་ཞིག་ཡིན། འཁྲིད་ཐབས་སྤྱོད་པའི་བརྒྱུད་རིམ་ནི་དགེ་སློབ་ཟུང་འཇུག་བྱེད་པ་དང་མཉམ་ལས་བྱེད་པའི་བརྒྱུད་རིམ་ཞིག་ཡིན་དགོས་པ་ལས། དགེ་རྒན་གཅིག་པུས་གར་ཁེར་འཆམ་དང་གླུ་ཁེར་ལེན་བྱེད་པའི་བརྒྱུད་རིམ་ཞིག་ཡིན་མི་རུང་བ་ཤེས་དགོས། དེ་བས་འཁྲིད་ཐབས་སྤྱོད་པར་སློབ་མ་ནི་སློབ་སྦྱོང་གི་བྱེད་པོ་གཙོ་བོའི་གནས་སུ་བཞག་ནས། སློབ་ཁྲིད་ཀྱི་དམངས་གཙོའི་བསམ་བློ་ལག་ལེན་དུ་བསྟར་ཞིང་། སློབ་མ་ཡོངས་རྫོགས་སློབ་ཁྲིད་ཀྱི་ལས་སུ་འཇུག་པར་བསྐུལ་ཏེ། དགེ་སློབ་མཉམ་འཇུག་མཉམ་ལས་དང་ཕན་ཚུན་སྐུལ་རེས་བྱེད་པའི་སློབ་ཁྲིད་ཀྱི་རྣམ་པ་ཧུར་པོ་ཞིག་ཆགས་པར་བྱ་དགོས། འཁྲིད་བཤད་ཀྱི་སྐབས་སུ། དགེ་རྒན་གྱིས་བསླབ་བྱ་ལ་གཞིགས་ནས་སློབ་ཁྲིད་ཀྱི་འཁྲིད་ཆས(སྨྱན་ཆས)འདེམས་ཚུལ། སྡེབ་ཚུལ་དང་བཀོལ་ཚུལ་སྔ་ཕྱིའི་གོ་རིམ་གསལ་ཞིང་གནད་དུ་ཁེལ་པོ་དང་ནོར་འཛོལ་མེད་པར་བཤད་དགོས། ཁྱད་པར་དུ་ཁྲིད་ཆས་བཀོལ་སྤྱོད་ལེགས་ཤོས་དང་བཀོལ་བའི་སྐབས་ལེགས་ཤོས་གང་ཡིན་པ་བཤད་དགོས་པ་མ་ཟད། འཁྲིད་ཆས་འདེམས་པ། སྡེབ་པ་དང་བཀོལ་བའི་རིམ་པ་དེ་ལྟར་བྱེད་དགོས་པའི་རྒྱུ་མཚན་ཡང་གསལ་པོ་བཤད་དགོས།

གསུམ། སློབ་ཐབས་བཤད་པ།

༡. སློབ་སྟོན་དང་སློབ་ཐབས། དེའི་གཞི་འཛིན་ས་བཤད་པ།

སློབ་ཐབས་ནི་སློབ་མས་བོད་སྐད་ཡིག་གི་རྨང་གཞིའི་ཤེས་བྱ་ཇི་ལྟར་སྦྱང་བ་དང་དེ་ནུས་པར་ཇི་ལྟར་བསྒྱུར་བའི་སློབ་སྦྱོང་གི་གོ་རིམ་དེ་ཡིན། སློབ་སྟོན་ནི་སློབ་ཁྲིད་དང་དགེ་རྒན་གྱི་མཛུབ་ཁྲིད་ལ་བརྟེན་ནས་སློབ་མས་སློབ་ཐབས་གང་འདྲ་ཞིག་སྤྱོད་ཤེས་དགོས་པ་དང་། ནུས་པ་ཅི་འདྲ་ཞིག་སྦྱང་དགོས་པ། སློབ་སྦྱོང་གི་གྲུབ་འབྲས་ཇི་སྙེད་པ་ཞིག་ལོན་དགོས་པའི་ཚན་རིག་གི་མཛུབ་སྟོན་དེ་ལ་ཟེར། དེ་ནི་བྱིས་པའི་བློ་རིག་འཕེལ་བའི་བརྒྱུད་རིམ་གལ་ཆེན་ཞིག་ཡིན་ལ། བོད་སྐད་ཡིག་གི་སློབ་ཐབས་ལ་གཙོ་བོར་ཉན་ཀློག་འབྲི་གསུམ་ལས་མ་འདས་ཤིང་། དགེ་རྒན་གྱིས་སློབ་སྟོན་བྱེད་པ་ལ་སློབ་ཚན་གང་དེའི་ཤེས་བྱ་དང་ནུས་པའི་དམིགས་ཚད་དང་སློབ་མའི་རྨང་གཞི། ན་ཚོད། ཁྱད་ཆོས། འཁྲིད་ཐབས་གདམ་གསེས། སློབ་ཁྲིད་བྱེད་ཐབས་སོགས་ཀྱི་ཕྱོགས་ནས་གསལ་བཤད་བྱ་དགོས།

བཞི། སློབ་ཁྲིད་ཀྱི་བརྒྱུད་རིམ་བཤད་པ།

༡. སློབ་ཁྲིད་རིགས་ལམ་གྱི་འཆར་འགོད་དང་དེའི་གཞི་འཛིན་ས་བཤད་པ།

སློབ་ཁྲིད་རིགས་ལམ་ལ་སློབ་ཁྲིད་ཀྱི་ཆ་ཡོངས་ཀྱི་དུས་རིམ་བཀོད་སྒྲིག་དང་དེའི་ནང་ཁུལ་གྱི་སྒྲིག་གཞི་གཉིས་འདུ། སློབ་ཐུན་གྱི་མགོ་ཇི་ལྟར་རྩོམ་དགོས་པ་དང་སློབ་ཚན་གསར་པའི་ནང་དོན་ཚན་པ་དུ་ལ་དགར་བ། ཚན་པ་སོ་སོའི་སློབ་ཁྲིད་ཀྱི་ཁྲིད་རིམ་དེ་སྔོན་ཁྲིད་རྗེས་ཀློག དེ་ནས་སྦྱོང་བརྡར་བྱ་དགོས་སམ་ཡང་ན་སྔོན་སྦྱོང་རྗེས་ཀློག དེ་ནས་ཁྲིད་དགོས་པའི་སྤྱིའི་བཀོད་སྒྲིག་དང་། གཞན་འཁྲིད་ཆས་ཇི་ལྟར་བེད་སྤྱོད་པ། འདྲི་རེས་དང་གྲོས་སྡུར་རྩ་འཛུགས་ཇི་ལྟར་བྱེད་པ། སློབ་ཁྲིད་ཀྱི་དུས་རིམ་སོ་སོ་ཇི་ལྟར་སྦྲེལ་བ། མཇུག་ཇི་ལྟར་བསྒྲིལ་དགོས་པ་སོགས་མ་ནོར་བར་གསལ་བོར་བཤད་རྒྱུ་དེ་ཡིན།

༢. སློབ་ཐུན་གྱི་ཆ་སོ་སོའི་དུས་ཚོད་ཀྱི་བཀོད་སྒྲིག་དང་འགྲོགས་ནས་བསླབ་གཞིའི་ནང་དོན་དང་སློབ་མའི་རྨང་གཞི། སློབ་ཁྲིད་ཀྱི་ཐབས་ཤེས་སོགས་ཀྱི་གཞི་འཛིན་ས་དེ་བཤད་པ།

༣. ནག་པང་ཇུས་འགོད་དང་དེའི་གཞི་འཛིན་ས་བཤད་པ །

ནག་པང་ཇུས་འགོད་བཤད་པ་ལ་གཙོ་བོར་སྐབས་བབ་ཀྱི་སློབ་ཐུན་དེའི་པང་ཡིག་གི་དབྱེ་བ་དཀར་ཆག་གི་རྣམ་པའམ་ཡང་ན་རི་མོ། ཡང་ན་ཟིན་བྲིས་སོགས་རིགས་གང་ཡིན་པ་ངོ་སྤྲོད་བྱེད་པ་དང་། དུས་ནམ་ཞིག་ལ་པང་ཡིག་བྲི་རྒྱུ་ཡིན་པ། པང་ཡིག་གི་བྱེ་བྲག་གི་ནང་དོན་ཅི་ཞིག་ཡིན་པ། པང་ཡིག་བྲི་བའི་རྣམ་པ་དང་ཡིག་གཟུགས་ཅི་ཞིག་སྤྱོད་རྒྱུ་ཡིན་པ་སོགས་འབྲེལ་ཡོད་ཀྱི་ནང་དོན་དང་འབྲེལ་ནས་གསལ་བོར་བཤད་དགོས།

སྐད་ཡིག་སློབ་ཐུན་ཞིག་ལ་འཁྲིད་བཤད་ཡག་པོ་ཞིག་བྱེད་དགོས་ན། དགེ་རྒན་ལ་ངེས་པར་དུ་སློབ་ཁྲིད་ཀྱི་ནུས་རྩལ་དང་སློབ་གསོའི་གཞུང་ལུགས་ཀྱི་ལྟ་རྒྱ་ཐོས་རྒྱ་སོགས་འཛོམ་དགོས། དུས་རྒྱུན་པར་འཁྲིད་བཤད་ཀྱི་བྱ་འགུལ་སྤེལ་ནས་དགེ་རྒན་གྱི་དཔུང་སྡེའི་ཁྲོད་དུ་སློབ་ཁྲིད་ནུས་རྩལ་གྱི་དཔྱད་ཞིབ་དང་སློབ་གསོའི་གཞུང་ལུགས་ལ་སློབ་སྦྱོང་བྱེད་པའི་མཁའ་དབུགས་གསར་པ་ཞིག་ཆགས་ཐུབ་པ་དང་། དགེ་རྒན་ཚོས་དུས་ཚོད་ཐུང་ངུའི་ནང་དུ་སློབ་ཁྲིད་གདེང་འཇོག་བྱེད་པར་ཤུགས་བརྒྱག་ཐུབ། མ་ཟད་བཤད་ཞོར་དང་བསྡུར་ཞོར། བསྡུར་ཞོར་དང་གདེང་འཇོག་བྱ་ཞོར་བྱས་ན་རང་གཞན་སུ་ཡིན་ཡར་ཐོན་ཡོང་ངེས།

མདོར་ན་འཁྲིད་བཤད་བྱ་བ་ལ་དངོས་ཡོད་གནས་ཚུལ་དང་བསྟུན་དགོས་པས་ཉོག་བཤད་དང་སྟོང་བཤད། ཁྲམ་བཤད། མདོར་བཤད་སོགས་མི་རུང་བར་ངེས་པར་དུ་བསླབ་གཞིར་བསྟུན་པ་དང་དུས་དང་བསྟུན་པ། ས་གནས་དང་བསྟུན་པ། མི་དང་བསྟུན་པ་སོགས་གནས་ཚུལ་འདྲ་མིན་ལ་གཞིགས་ནས་ཐབས་ཤེས་བསྒྱུར་ཏེ་འཁྲིད་བཤད་ཀྱི་ཚན་རིག་རང་བཞིན་དང་ལག་བསྟར་རང་བཞིན་ཇེ་མཐོར་གཏོང་དགོས་སོ། །

དཔྱད་གཞིའི་ཡིག་ཆ།

1. ཞལ་ལྕེ་ལྷག་པ་ཚེ་རིང་གིས་བསྒྲིགས།.བོད་ཀྱི་སྲོལ་རྒྱུན་སློབ་ཁྲིད་རྣམ་བཤད། [M].མི་རིགས་དཔེ་སྐྲུན་ཁང་། 2012

2. སྐད་ཡིག་བསླབ་ཚན་ཚད་གཞི། [M].མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2000

3. ཧྥང་ཐའེ་ཧྲན་གྱིས་བསྒྲིགས། སློབ་ཆུང་སྐད་ཡིག [M].ཆིང་ཧྭ་སློབ་ཆེན་དཔེ་སྐྲུན་ཁང་། 2012

① བཙུན་པ་ཚེ་རིང་། སི་ཁྲོན་ཞིང་ཆེན་རྔ་བ་དགེ་འོས་སློབ་ཆེན་སྐད་གཉིས་སློབ་གསོའི་སློབ་གླིང་དུ་ཕྱག་ལས་གནང་བཞིན་ཡོད།

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།