ཀྲུང་གོ་བོད་ཀྱི་དྲ་བ།

ལོ་ཙཱ་དང་སྐད་གཉིས་སློབ་གསོའི་ཐད་ཀྱི་དྲན་ཚུལ་ཐོར་བུ།

ཡོང་ཁུངས། : བོད་ཀྱི་སློབ་གསོ།སྤྱིའི་དེབ་235པ།   རྩོམ་པ་པོ། : ལུང་རིན་ཆེན།   སྤེལ་དུས། : 2018-05-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

[གནད་བཏུས] རྩོམ་འདིར་ལོ་ཙཱའི་ངོ་བོ་དང་ལག་ལེན་དང་འབྲེལ་ནས་དེ་ཉིད་བོད་ཁུལ་དུ་དགེ་རྒན་གྱིས་སྐད་གཉིས་སློབ་ཁྲིད་དང་སློབ་གསོར་ལག་ལེན་དུ་བསྟར་དགོས་ཚུལ་གླེང་ཡོད།

[གནད་ཚིག] ལོ་ཙཱ། སྐད་གཉིས་སློབ་གསོ། ལོ་ཙཱ་པ།

དེ་ལ་འདིར་ལོ་ཙཱའི་བྱ་བ་ལ་ངག་ཐོག་དང་ཡིག་ཐོག་གཉིས་ཡོད་པ་ལས། ངག་ཐོག་གི་ལོ་ཙཱ་ནི་སྐད་གཉིས་ཡན་ཆད་ཡོད་པའི་ཁོར་ཡུག་ཏུ་ག་ས་གང་དུའང་བེད་དུ་སྤྱོད་དགོས་པ་དང་མི་སུ་ཡིན་རུང་ལོ་ཙཱ་པ་ཡིན་དགོས་པའི་ཆ་ནས། ལོ་ཙཱ་ནི་འཇིག་རྟེན་འདིར་ཆེས་སླ་མོའི་ལས་ཤིག་ཡིན་པར་སྣང་། ཁོར་ཡུག་འདི་ལྟ་བུར་ཡོད་པའི་མི་དེ་ཟོག་རྫིར་འགྲོ་བའི་འབྲོག་པའམ་ཞིང་སའི་ལས་ཙག་ཙིག་ལ་བྲེལ་བའི་ཞིང་པ་གང་ཡིན་རུང་། ལོ་ཙཱ་པ་བྱང་དུ་ཆུབ་པ་ཞིག་ཡིན་ཁོ་ཐག་རེད། དེའི་རྐྱེན་གྱིས། ཁོར་ཡུག་འདི་ལྟ་བུར་ཡོད་པ་ཀུན་གྱིས་ལོ་ཙཱའི་བྱ་བ་ནི་གཙིགས་ཆེན་དུ་འཛིན་དགོས་པ་ཤིག་ཏུ་གཏན་ནས་མི་འདོད་པ་དང་མི་འཇོག་པ་ཞིག་རེད། འདི་ལྟ་བུའི་རྣམ་པ་འདི། དུས་ད་ལྟ་ཀུན་གྱིས་ལོ་ཙཱའི་བྱ་བར་བཟུང་བའི་རྣམ་འགྱུར་དུ་གྱུར་པ་དང་དུས་འདིའི་ལོ་ཙཱའི་བྱ་བ་དང་ལོ་ཙཱ་པ་རྣམས་ཀྱི་གནས་བབ་ལྟ་བུར་གྱུར་ཡོད།

ཡིན་ན་ཡང་། ལོ་ཙཱའི་ལག་ལེན་གྱི་ཐད་ནས་བཤད་ན། ལོ་ཙཱའི་བྱ་བ་ནི་ཤིན་ཏུ་ནས་ཀྱང་བྱ་དཀའ་བའི་ལས་ཤིག་རེད། ཕྱི་རྒྱལ་གྱི་མཁས་པ་དང་རྒྱ་ནག་གི་ཆེད་མཁས་པ་མང་པོས། ལོ་ཙཱ་ནི་སྐད་དང་ཡི་གེ་རིགས་ཤིག་གི་བརྗོད་བྱའམ་ནང་དོན་དེ་སྐད་དང་ཡི་གེ་རིགས་གཞན་ཞིག་ཏུ་ཇི་མ་ཇི་བཞིན་དུ་བསྒྱུར་ནས་མཚོན་པའི་བྱ་བ་ཞིག་གོ་ཞེས་བཤད་པ་དང་དེ་ལོ་ཙཱའི་བྱ་བའི་མཚན་ཉིད་དུ་བཞག་ཡོད། འོན་ཀྱང་། ལོ་ཙཱའི་བྱ་བའི་ལག་ལེན་དུ་དངོས་སུ་ཞུགས་དུས། ལོ་ཙཱའི་བྱ་བ་འདི“བསྒྱུར”ཞེས་པའི་ཐ་སྙད་འདིས་གཏན་ནས་མཚོན་མི་ཐུབ་པ་སྟེ། འདིར་རིགས་མི་འདྲ་བའི་སྐད་དང་ཡི་གེ་གཉིས་ཀྱིས་ཚབ་དང་མཚོན་པའི་མི་ཚོགས་གཉིས་བར་གྱི་ལོ་རྒྱུས་དང་རིག་གནས། ས་རྒྱུས། ཡུལ་སྲོལ་སོགས་ཕྱོགས་སོ་སོའི་ཁྱད་ཆོས་དང་མི་འདྲ་ས་མཐའ་གཅིག་ཏུ་ཤེས་པ་དང་ཡིད་དུ་ཆུད་དགོས་པ་མ་ཟད། ད་དུང་དུས་ཚོད་དང་བར་སྣང་མི་འདྲ་བའི་ཆ་ནས་སྐད་དང་ཡི་གེ་མི་འདྲ་བའི་མི་ཚོགས་གཉིས་ཀྱི་གནས་བབ་དང་བསྟུན་དགོས། འདི་ནི་ལོ་ཙཱའི་བྱ་བ་བྱ་དཀའ་བའི་གནད་དུ་གྱུར་ཡོད་ལ། ལོ་ཙཱའི་བྱ་བའི་གལ་ཆེན་རང་བཞིན་ཡང་ཤུགས་ཀྱིས་བསྟན་པ་རེད།

མི་རིགས་གང་དང་གང་ཡིན་རུང་། རང་གི་རིག་གནས་དེ་བལྟོས་མེད་རྐྱང་རྐྱང་དུ་ཆགས་པ་ཞིག་གཏན་ནས་མིན་ལ། གདོད་མ་ནས་ད་བར་དུ། སྐད་རིགས་མི་འདྲ་བའི་མི་ཚོགས་དང་འབྲེལ་འདྲིས་བྱུང་བ་དང། ཡི་གེའི་ལོ་རྒྱུས་ཡོད་པ་ནས་བཟུང་། ཡིག་ཐོག་ནས་ཀྱང་ཆད་མེད་ཀྱི་འབྲེལ་འདྲིས་ཆགས་ནས། རིམ་བཞིན་དུ་རང་གི་རིག་གནས་གྱ་ནོམ་པར་གྱུར་དང་འགྱུར་བ་རེད། བོད་མི་རིགས་ལ་མཚོན་ན། ལོ་རྒྱུས་སུ་རྒྱ་དཀར་ནག་གཙོ་བོར་གྲུབ་པ་དང་། གནའ་བོའི་མི་རིགས་ཞང་ཞུང་དང་། སྟག་གཟིག ཁ་ཆེ། བྲུ་ཤ་སོགས་རྒྱལ་ཁབ་དང་མི་རིགས་མང་པོའི་རིག་གནས་ལེགས་ཚོགས་ནང་འདྲེན་བྱས་ནས་སྤེལ་བར་བརྟེན་ནས། ཆོས་སྲིད་ལུགས་གཉིས་ཀྱི་བྱ་བ་ཕུན་སུམ་ཚོགས་པར་བཏང་བས། རང་ཉིད་ཀྱང་རིམ་བཞིན་གཉོམ་ལག་རྒྱས་ཤིང་སྟོབས་འབྱོར་མངའ་ཐང་ལྡན་པར་གྱུར་པ་རེད། ད་ལྟ་བོད་ཀྱི་ནང་བསྟན་ཆོས་ལུགས་ཀྱི་ཁྱད་ཆོས་དང་གཟི་འོད་ལྡན་པའི་བོད་ཀྱི་རིག་གནས་ནི་ལོ་ཙཱའི་ལམ་བུར་བརྟེན་ནས་རིམ་གྱིས་ཆགས་པ་དང་ཆེན་པོར་གྱུར་པ་རེད་ཅེ་ན་ཁྱོན་ཡོངས་ནས་གཞུང་དང་ལུགས་གཉིས་ཀྱིས་བསྒྲུབས་པའི་བལྟོས་མེད་དྲང་བདེན་གྱི་སྐད་ཆ་ཞིག་རེད།

གོང་དུ་ལོ་ཙཱའི་བྱ་བའི་སྐོར་གླེང་སྐབས། དེ་ལ་གནད་འགག་གི་ཐ་སྙད་ཅིག་ཡོད་པ་ནི་སྐད་གཉིས་ཞེས་པ་དེ་རེད། དེ་ཕྱིར། ལོ་ཙཱའི་བྱ་སྒྲུབ་པའི་གནད་འགག་ཀྱང་། སྒྲུབ་པ་པོའི་ལོ་ཙཱ་པ་གང་དེས་སྐད་དང་ཡི་གེ་མི་འདྲ་བ་གཉིས་སམ་གཉིས་ཡན་ཆད་ཡིན་གཅིག་མིན་གཉིས་ཀྱིས་བྱང་ཆུབ་པར་ཤེས་དགོས་པ་དེ་རེད། དེའང་སྐད་གཉིས་སློབ་གསོ་བྱ་བའི་དམིགས་ཡུལ་ལམ་རེ་བ་རེད་ཅེས་བཤད་ཆོག་ཆོག་རེད། དེ་ལྟར་ན། ལོ་ཙཱའི་བྱ་བ་དང་སྐད་གཉིས་སློབ་གསོའི་བྱ་བ་གཉིས་ཀྱི་དམིགས་ཡུལ་ལམ་རེ་བ་གཞི་གཅིག་ཏུ་གྲུབ་པ་རེད།

འོན་ཀྱང་། ང་ཚོའི་མཐོང་ལམ་དུ་གྱུར་པའི་སྐད་གཉིས་སློབ་གསོ་བྱ་བ་དེ་རང་གི་དམིགས་ཡུལ་ལམ་རེ་བ་ལོ་ཙཱའི་བྱ་བ་དང་གཅིག་འདྲ་ཡིན་པའི་འདུ་ཤེས་མེད་པ་འདྲ་འདུག་ལ། སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གང་ཡིན་རུང་། བོད་ཡིག་གི་དགེ་རྒན་གྱིས་རང་རང་གི་ཕྱོགས་ནས་བོད་ཡིག་འཁྲིད་པ་དང་། རྒྱ་ཡིག་གམ་ཡིག་རིགས་གཞན་པའི་དགེ་རྒན་གྱིས་ཀྱང་རང་རང་ས་ནས་རང་ཉིད་ཀྱིས་འཁྲིད་དགོས་པ་དེ་འཁྲིད་པ་ལས། དེ་གཉིས་ཕན་ཚུན་བསྣོལ་བ་དང་། དེའི་དོན་ལོ་ཙཱ་དང་འབྲེལ་བ་ཞིག་ད་དུང་ཆགས་མེད། བོད་ཀྱི་ལོ་རྒྱུས་དེབ་ཐེར་དུ་བཀོད་པའི་ལོ་ཙཱའི་དོན་བྱའི་སྐོར་ལས། དཔེར་ན་དུས་རབས་བདུན་པའི་སྐབས་སུ་ཆོས་རྒྱལ་སྲོང་བཙན་སྒམ་པོས་ཐོན་མི་སམ་བྷོ་ཊ་སོགས་རྒྱ་གར་སོགས་སུ་མངགས་ནས་གཞན་གྱི་སྐད་དང་ཡི་གེ་བསླབས་པ་དང་རྒྱ་དཀར་ནག་སོགས་རྒྱལ་ཁམས་གཞན་པའི་མཁས་ཆེན་བོད་ལ་གདན་དྲངས་ནས་སངས་རྒྱས་ཀྱི་གསུང་རབ་དང་རྩོམ་རིག་སོགས་ལོ་ཙཱ་བྱས་པ་སོགས་ལས། ལོ་ཙཱ་དམིགས་ཡུལ་གཙོ་བོ་ཡིན་པའི་སྐད་གཉིས་སློབ་གསོའི་བྱ་བ་རྒྱ་ཆེར་སྤེལ་བ་མངོན་པར་ཤེས་གསལ་རེད། དེ་མིན་སྐད་གཉིས་སྨྲ་བའི་ལོ་ཙཱ་པར་འཇིག་རྟེན་མིག་ཅེས་འབོད་པ་དང་། དཔེ་དེབ་རེ་རེའི་མགོ་བརྗོད་དུ་རྒྱ་གར་སྐད་དུ་ཞེས་བྲིས་པའང་སྐད་གཉིས་དང་སྐད་གཉིས་ཀྱི་ཤེས་ལྡན་མི་སྣར་ཆེས་ཆེར་བཀུར་བསྟི་བྱས་པ་མཚོན་པ་རེད།

དུས་རབས་གོང་མའི་ལོ་རབས་དྲུག་ཅུ་ཡས་མས་ནས་མགོ་བརྩམས་པའི་རང་ཞིང་གི་སྐད་གཉིས་སློབ་གསོ་བྱ་བ་དེ་ད་ལྟའི་བར་ལོ་ངོ་ལྔ་བཅུ་ཙམ་འགོར་བ་དང། སྐད་གཉིས་མངའ་བའི་ཤེས་ལྡན་མི་སྣའང་གང་མང་མང་སྐྱེད་སྲིང་བྱས་ཡོད་པ་རེད། ཡིན་ནའང་། རང་ཞིང་ལ་མཚོན་ན། བོད་རྒྱའི་སྐད་ཡིག་གི་ལོ་ཙཱ་པའི་དཔུང་སྡེ་ཞིག་ད་དུང་ཆགས་མེད་ལ། ལྷག་པར་དུ་རྩོམ་རིག་ལོ་ཙཱའི་སྐོར་གྱི་ཤེས་ལྡན་མི་སྣ་ད་དུང་དཀོན་པོའི་ཚད་རེད། དེ་ཕྱིར། སྐད་གཉིས་སློབ་གསོའི་ཐད་ལ་དྲན་ཚུལ་ཐོར་བུ་བྱུང་བ་ནི། སྐད་གཉིས་སློབ་གསོའི་དམིགས་ཡུལ་གཙོ་བོ་ལོ་ཙཱ་མིན་ན་ཡང་། ལོ་ཙཱའི་སློབ་གསོར་མཁོ་བའི་ཕྱི་སྣོད་དང་ནང་བཅུད་ཀྱི་ཆ་རྐྱེན་ཚང་བཞིན་དུ། སྐད་གཉིས་སློབ་གསོ་དང་ལོ་ཙཱ་པ་སྐྱེད་སྲིང་གི་བྱ་བ་གཉིས་བསྣོལ་མར་འབྲེལ་ནས་སྤེལ་ན་ཅི་མ་རུང་ངོ་། །

①ལུང་རིན་ཆེན།  མཚོ་སྔོན་ཞིང་ཆེན་རིག་རྩལ་ལྷན་ཚོགས་སུ་ཕྱག་ལས་གནང་བཞིན་ཡོད།

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།