ཀྲུང་གོ་བོད་ཀྱི་དྲ་བ།

བོད་ཀྱི་སྲོལ་རྒྱུན་སློབ་གསོ་བྱུང་འཕེལ་ལས་དགེ་ལུགས་པའི་བསྟན་པ་སོག་ཡུལ་དུ་དར་སྤེལ་བཏང་བའི་ལོ་རྒྱུས་གནས་བབ་སྐོར་རགས་ཙམ་གླེང་བ།

ཡོང་ཁུངས། : བོད་ཀྱི་སློབ་གསོ།སྤྱིའི་དེབ་236པ།   རྩོམ་པ་པོ། : རིན་ཆེན་ནོར་བུ།   སྤེལ་དུས། : 2018-05-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

[གནད་བཏུས] བོད་སོག་གཉིས་ལ་གནའ་སྔ་མོ་ནས་འཚོ་གནས་དང་གདོད་མའི་ཆོས་ལུགས་རིག་གནས་སོགས་ཐུན་མོང་གི་ཁྱད་ཆོས་མང་པོ་ཞིག་ཡོད་པ་དང་། ལོ་རྒྱུས་འཕེལ་རྒྱས་ཀྱི་དགོས་མཁོ་དང་འབྲེལ་ནས་དགེ་ལུགས་པའི་བསྟན་པ་སོག་ཡུལ་དུ་དར་ཐུབ་པ་བྱུང་ཞིང་བོད་སོག་གཉིས་ལ་ཆོས་དང་རིག་གནས་ཐད་དུ་ཐུན་མོང་མ་ཡིན་པའི་འབྲེལ་བ་ཞིག་གསར་དུ་ཆགས་ཏེ། འགྲོ་འོང་གི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་སོང་བ་དང་། བོད་སོག་གཉིས་ཀྱི་ཆོས་ལུགས་རིག་གནས་ཀྱི་འཕེལ་རྒྱས་དང་བརྗེ་རེས། མི་རིགས་མཐུན་སྒྲིལ་བཅས་ལ་ཕན་ནུས་མི་དམན་པ་ཞིག་ཐོན་ཡོད་པ་རེད།
[གནད་ཚིག] དགེ་ལུགས་པའི་བསྟན་པ། སོག་ཡུལ། ལོ་རྒྱུས། གནས་བབ།
དང་པོ། དགེ་ལུགས་པའི་བསྟན་པ་སོག་ཡུལ་དུ་དར་ཐུབ་པའི་ལོ་རྒྱུས་གནས་བབ།
        ཀྲུང་གོ་ནི་མི་རིགས་མང་པོས་གྲུབ་པའི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་ཞིང་། མི་རིགས་མི་འདྲ་བ་དེ་དག་ལ་ཡུན་རིང་བོའི་ལོ་རྒྱུས་དང་ཕུན་སུམ་ཚོགས་པའི་རིག་གནས་ཡོད་ལ། དུས་ཡུན་རིང་བོའི་ཕན་ཚུན་གྱི་འགྲོ་འོང་དང་འབྲེལ་འདྲིས་བཅས་ཀྱི་ཁྲོད་ནས་རིག་གནས་ཤེས་རིག་སློབ་སྦྱོང་དང་། ལག་རྩལ་དང་ཉམས་མྱོང་བརྗེ་རེས་བཅས་ལ་བརྟེན་ནས་མི་རིགས་སོ་སོ་ཕྱོགས་ཡོངས་ནས་འཕེལ་རྒྱས་ཆེན་པོ་བྱུང་ཡོད་པ་རེད། དེ་ལྟའི་འཕེལ་རྒྱས་ཀྱིས་ཀྲུང་གོའི་སྲིད་འབྱོར་རིག་གསུམ་གྱི་འཕེལ་རྒྱས་ལ་སྐུལ་འདེད་ཀྱི་ནུས་པ་ཐོན་ཡོད་པ་རེད། དེ་ལས་བོད་སོག་མི་རིགས་གཉིས་ནི་ཀྲུང་གོའི་གྲངས་ཉུང་མི་རིགས་གཞན་ལས་ལོ་རྒྱུས་ཡུན་རིང་ཞིང་རིག་གནས་ཕུན་སུམ་ཚོགས་པའི་མི་རིགས་གཉིས་ཡིན་ལ། དེས་ཀྲུང་གོའི་རིག་གནས་བང་མཛོད་ནང་དུ་རིན་ཐང་བྲལ་བའི་རིག་གནས་ཀྱི་ནོར་བུ་མང་པོ་བསྣན་ཡོད་པ་རེད། བོད་སོག་གཉིས་ལ་ད་ལྟ་འོད་སྟོང་འབར་བའི་ཐུན་མོང་གི་རིག་གནས་ཤིག་ཡོད་པ་ནི་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་བསྟན་པ་འདི་ཡིན་ལ། འདིར་བསྟན་པ་འདི་བོད་ཡུལ་ནས་སོག་ཡུལ་དུ་དར་ཁྱབ་བྱུང་བའི་ལོ་རྒྱུས་གནས་བབ་དང་ཐབས་ལམ། དེས་བོད་སོག་གཉིས་ཀྱི་ཆོས་ལུགས་རིག་གནས་དང་འབྲེལ་བ་སོགས་ལ་ཐོན་པའི་ཕན་ནུས་བཅས་རིམ་པ་བཞིན་རགས་ཙམ་གླེང་རྒྱུ།
        ༡. བོད་སོག་གཉིས་ནི་གནའ་སྔ་མོ་ནས་མཐོ་སྒང་གི་ཡངས་པའི་རྩྭ་ཐང་དུ་སྒོ་ཕྱུགས་འཚོ་སྐྱོང་གི་ལས་གཉེར་ཞིང་དུས་བཞིར་རྩྭ་ཆུ་བསྙེགས་ནས་འཁོར་སྐྱོད་བྱེད་པ་དང་། ཕྱུགས་རིགས་དང་འབྲེལ་བའི་ཤེས་རིག་ཕུན་སུམ་ཚོགས་པ་ཞིག་ཡོད་པ་སྟེ་སྡོད་གནས་སྦྲ་གུར་ཡིན་ལ། གྱོན་གོས་པགས་རིགས་བལ་ཁུལ། ཟས་རིགས་ཤ་མར་འོ་ཞོ་སོགས་དང་། དུས་རྒྱུན་རྟ་རྩལ་མངོན་པར་དགའ་བ་དང་། རི་དྭགས་རྔོན་པར་དགའ་བ། རི་ཆུ་ནགས་གསུམ་དང་འབྲེལ་ནས་རང་སྟོབས་ཀྱིས་འཚོ་གནས་བྱེད་པའི་བློ་གྲོས་དང་ནུས་སྟོབས་ཡོད་པ་ལྟ་བུ་བཅས་ཡུན་རིང་བོའི་འབྲོག་ལས་ཀྱི་འཚོ་བའི་གོམས་སྲོལ་ཐུན་མོང་བ་ཞིག་ཆགས་ཡོད་པ་རེད།
        ༢. བོད་སོག་གཉིས་ལ་བོན་ཆོས་དང་ས་མན་ཆོས་ཏེེ་གདོད་མའི་ཆོས་ལུགས་ཀྱི་དད་མོས་ཡོད་དེ། བོད་མི་རིགས་ལ་གནའ་སྔ་མོ་ནས་བོན་སྒྲུང་ལྡེའུ་གསུམ་ལ་སོགས་པའི་གདོད་མའི་རིག་གནས་དང་ཆོས་ལུགས་ཅུང་མ་ལག་ཅན་ཞིག་ཡོད་ཅིང་། དེ་དག་ཐམས་ཅད་རང་གི་རྩྭ་ཐང་འཚོ་གནས་ཁོར་ཡུག་དང་འབྲོག་ལས་ཀྱི་འཚོ་བའི་རྟེན་གཞི། དུས་བཞིའི་འགྱུར་བ་སོགས་རང་བྱུང་ཁམས་ཀྱི་ངོས་འཛིན་བཅས་ལ་འབྲེལ་ནས་མེས་པོ་ཚོས་ཉམས་མྱོང་བསླབ་བྱ་སོགས་ལ་ཕྱོགས་སྡོམ་དང་བླང་དོར་འབྱེད་པའི་བཤད་ལུགས་ཤིག་དང་། རང་བྱུང་ཁམས་ཀྱི་ཆོས་ཉིད་ངོས་འཛིན་དང་དེའི་གནས་ལུགས་ལ་འགྲེལ་བཤད་རྒྱག་སྟངས་བཅས་དང་འབྲེལ་ནས་གནམ་ས་དང་། རི་ཆུ་ནགས་གསུམ། མི་དང་སྲོག་ཆགས་ལ་སོགས་ལ་དད་མོས་བྱེད་པ་དང་དེ་དག་ལྷ་དང་གཞི་གཅིག་ཏུ་འབྲེལ་བའི་ལྷ་མང་སྨྲ་བའི་བཤད་སྲོལ་ཡོད་པ་དང་། བོན་པོ་རྣམས་ཀྱིས་ཡར་གྱི་ལྷ་མཆོད་པ་དང་མར་གྱི་འདྲེ་འདུལ་བའི་ཆོ་ག་སྤེལ་བ་སོགས་ཀྱི་སྲོལ་ཡོད་པ་བཞིན་དུ། སོག་པོ་རྣམས་ཀྱང་ཕལ་ཆེར་བོད་དང་འདྲ་བར་རང་གི་འཚོ་གནས་དང་འབྲེལ་ནས་བྱུང་བའི་ས་མན་ཆོས་ལུགས་བྱུང་ཡོད་ཅིང་། ས་མན་ཆོས་ལུགས་ནི་གདོད་མའི་ལྷ་མང་སྨྲ་བའི་ཆོས་ལུགས་ཤིག་ཡིན་ཞིང་། དེས་ཀྱང་གནམ་ས་རི་ཆུ་ཐམས་ཅད་ལ་ལྷ་ཡོད་པར་སྨྲ་བ་དང་། ལྷ་བས་མི་དགེ་བའི་བདུད་བཏུལ་ནས་མིའི་བདེ་འཇགས་ཁག་ཐེག་ཡོང་བ་དང་། ནད་པའི་ལྷ་མཆོད་ནས་འདྲེ་བདའ་བ་དང་། ཕྱུགས་ལ་གོད་ཁ་མེད་པའི་ཆོ་ག་སྤེལ་ཞེས་ལོ་རྒྱུས་ལས་བྱུང་བ་བཞིན་བོད་སོག་གཉིས་ལ་རང་བྱུང་ཁམས་ཀྱི་ལྷ་མང་སྨྲ་བ་དང་། མེས་པོ་དང་གནམ་ས་རི་ཆུ་སོགས་ཀྱི་ལྷ་ལ་དད་པ་བྱེད་པའི་ཐུན་མོང་གི་བསམ་བློའི་འདུ་ཤེས་ཡོད་པ་རེད།
        ༣. སོག་པོའི་མཐོ་རིམ་དཔོན་རིགས་རྣམས་ལ་ཆོས་ལུགས་གྲུབ་མཐའ་སྣ་ཚོགས་ཀྱི་འཕེལ་གནས་ལ་ཕྱོགས་ཞེན་དང་ཚད་བཀག་ཆེ་མེད་པར་ཆོས་ལུགས་པ་སུ་ཞིག་ཡིན་ཡང་རང་གི་གྲུབ་མཐའི་ལྟ་སྤྱོད་སོགས་དྲིལ་སྒྲོག་བྱེད་པའི་གོ་སྐབས་ཡོད་པ་རེད། དེ་ཡང་ཧོར་ཇིང་གེར་རྒྱལ་པོ་དང་། དེའི་གདུང་རྒྱུད་ཕྱི་མ་ཨོ་གོ་ཐེ་དང་སེ་ཆེན་རྒྱལ་པོ་བཅས་ཀྱི་སྐབས་སུ་རང་གི་ས་མན་ཆོས་ལུགས་ཡོད་བཞིན་དུ་བོད་ཀྱི་ས་སྐྱ་པ་དང་བཀའ་བརྒྱུད་པའི་བླ་མ་རྣམས་ལ་ཆོས་འབྲེལ་བཞག་པ་དང། གཞན་ལི་ཡུལ་ལ་སོགས་པའི་གྲུབ་མཐའ་སྨྲ་བ་མང་པོ་ཞིག་གི་ཆོས་ལུགས་པ་མི་ཉུང་བ་ཞིག་ཀྱང་རྒྱལ་པོ་རྣམས་དང་ཆོས་འབྲེལ་བྱུང་ཡོད་པ་རེད། དེ་རྣམས་ཀྱིས་ཆོས་ཀྱི་གནས་ལུགས་སྣ་ཚོགས་ལ་བརྟེན་ནས་རང་གི་བསམ་བློ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། ཆོས་ལུགས་མི་སྣ་ལ་བརྟེན་ནས་རྒྱལ་ཁམས་བདེ་འཇགས་སུ་གཏོང་བའི་མིག་རྒྱང་རིང་བོའི་ཐབས་ལམ་ལ་བསམ་བློ་གཏོང་བཞིན་ཡོད་སྟབས་ནང་བསྟན་ཆོས་ལུགས་ལ་ཡང་རང་གི་བསྟན་པ་དར་སྤེལ་གྱི་གོ་སྐབས་ལེགས་པོ་ཞིག་བྱུང་བ་རེད། ཡང་གཅིག་བཤད་ན་སོག་པོའི་དབང་སྒྱུར་པ་རྣམས་ཀྱིས་རང་གི་ཆབ་སྲིད་བརྟན་འཇགས་དང་མི་རིགས་མཐུན་སྒྲིལ་གྱི་ཆེད་དུ་ངེས་པར་དུ་བསམ་བློའི་འདུ་ཤེས་དང་གཞུང་ལུགས་གསར་བ་ཞིག་གི་དགོས་མཁོ་བྱུང་སྟེ། སྔོན་གྱི་ས་མན་ཆོས་ལུགས་ཀྱིས་དུས་སྐབས་ཀྱི་དགོས་མཁོ་ཇི་བཞིན་སྐོང་མ་ཐུབ་པས། ཆོས་ལུགས་གསར་བ་ཞིག་ལ་བརྟེན་ནས་རང་གི་དབང་སྒྱུར་རྒྱུན་འཁྱོངས་བྱེད་རྒྱུ་ཁ་ཚ་དགོས་གཏུགས་སུ་གྱུར། དེའི་སྟབས་ཀྱིས་སོག་པོའི་དཔོན་རིགས་རྣམས་ཀྱིས་བོད་ཀྱི་ནང་བསྟན་རིག་གནས་ནང་འདྲེན་བྱེད་པའི་ཐབས་ལམ་དེ་བཙལ་བ་རེད།
        ༤. དུས་རབས་བཅུ་གསུམ་པ་ནས་བཟུང་བོད་ཀྱི་དཔལ་འབྱོར་རྣམ་པ་དེར་བཀས་བཀོད་རྒྱུད་འཛིན་གྱི་ཁྱད་ཆོས་མངོན་ཞིང་། ཆབ་སྲིད་ཐད་ནས་དུས་ཡུན་རིང་བའི་ས་གནས་བཅད་བཟུང་ཁ་འཐོར་གྱི་རྣམ་པ་ཅན་དུ་གནས་པས་ཕན་ཚུན་བར་དབང་སྒྱུར་དང་ཁོངས་གཏོགས་ཆེར་མེད་ཅིང་། གཙོ་བོར་གྲུབ་མཐའ་སོ་སོས་འགྲན་རྩོད་ཀྱིས་རང་གི་སྟོབས་ཤུགས་རྒྱ་བསྐྱེད་དེ་མངའ་འབངས་ལྷ་སྡེ་དང་ཞིང་ཕྱུགས་རྒྱུ་ནོར་མང་དུ་བསྡུས་ཡོད་སྟབས། སྲིད་ཕྱོགས་ཀྱི་བྱེད་ཕྱོགས་དང་ཁྱད་པར་ཆེར་མེད་ལ། ལོ་ངོ་མང་པོར་གྲུབ་མཐའ་སོ་སོས་འགྲན་རྩོད་ཀྱིས་རང་རང་གི་གྲུབ་མཐའི་སྟོབས་ཤུགས་དང་དབང་ཤུགས་ཇེ་ཆེར་གཏོང་ཆེད་ཁོ་ཚོས་རང་གི་ཆོས་ལུགས་གྲུབ་མཐའ་དར་སྤེལ་གཏོང་རྒྱུ་དཀྱིལ་སྙིང་དུ་བཟུང་སྟེ་དར་སྤེལ་གཏོང་བའི་དུས་རབས་ཤིག་རེད། སོག་པོའི་རྒྱལ་པོ་རྣམས་ཀྱིས་ཆོས་ལུགས་ཀྱི་ལག་ཆ་སྤྱད་ནས་རང་གི་ཆབ་སྲིད་སྲ་བརྟན་དང་མངའ་ཁོངས་རྒྱ་བསྐྱེད་པ་དང་། བོད་ཀྱི་གྲུབ་མཐའ་སྨྲ་བ་དང་བླ་དཔོན་རྣམས་ཀྱིས་སོག་པོའི་ཆབ་སྲིད་ཀྱི་སྟོབས་ཤུགས་ལ་རྒྱབ་རྩ་བཅོལ་ནས་རང་གི་གྲུབ་མཐའ་ཕྱོགས་བཞིར་དར་སྤེལ་གཏོང་བ་ནི་གྲུབ་མཐའ་རང་གི་ཆོས་སྲིད་འཕེལ་རྒྱས་ཀྱི་ཐབས་ཤེས་གལ་ཆེན་ཞིག་རེད།
        ༥. དུས་སྐབས་དེར་མིང་ཆིང་རྒྱལ་རབས་ཀྱིས་སྤེལ་བའི་ཆོས་ལུགས་སྲིད་ཇུས་ཀྱིས་ཀྱང་ནུས་པ་ཆེན་པོ་ཐོན་ཡོད་དེ། ཁོ་ཚོས་ནང་བསྟན་ཆོས་ལུགས་ཀྱི་བྱམས་སྙིང་རྗེ་དང་ལས་རྒྱུ་འབྲས། སྐྱེ་བ་སྔ་ཕྱི། དགེ་སྡིག་སྤང་བླང་སོགས་ཀྱི་དགོངས་པས་སོག་པོའི་མང་ཚོགས་ཀྱི་བསམ་བློ་ཀུན་སྤྱོད་བསྒྱུར་ཐུབ་པ་དང་། ལྷག་པར་དུ་སོག་པོའི་དཔའ་ངར་རྟུལ་ཕོད་ཀྱི་གཤིས་རྒྱུད་འདུལ་ཐུབ་པར་དགོངས་ནས་བོད་བརྒྱུད་ནང་བསྟན་ཆོས་ལུགས་སོག་ཡུལ་དུ་སྤེལ་བའི་གོ་རིམ་ཁྲོད་སྲིད་གཞུང་གིས་རྒྱབ་སྐྱོར་དང་རོགས་རམ་ཆེན་པོ་གནང་བ་རེད། དེ་ལྟར་གཉིས་ཕན་གྱི་བསམ་བློའི་འདུ་ཤེས་འོག་དང་སྤྱི་ཚོགས་ཀྱི་རྒྱབ་ལྗོངས་དེ་འདྲ་ཞིག་གི་ཁྲོད་དགེ་ལུགས་པའི་བསྟན་པ་མྱུར་དུ་སོག་ཡུལ་དུ་དར་བ་དང་བོད་སོག་གཉིས་ལ་སྔ་ན་མེད་པའི་འབྲེལ་བ་ཞིག་ཆགས་ཤིང་འཕེལ་རྒྱས་བྱུང་བ་རེད།
གཉིས་པ། དགེ་ལུགས་པའི་བསྟན་པས་བོད་སོག་གཉིས་ཀྱི་ཆོས་ལུགས་རིག་གནས་དང་འབྲེལ་བ་སོགས་ལ་ཐོན་པའི་ཕན་ནུས།
        བོད་སོག་གཉིས་ལ་ཆོས་ལུགས་དང་རིག་གནས་ཀྱི་འབྲེལ་བ་བྱུང་བ་ནས་བཟུང་སྲིད་འབྱོར་རིག་གསུམ་གྱི་ཁྱབ་ཁོངས་སོ་སོ་ནས་ཕན་ཚུན་བར་ལ་ཤུགས་རྐྱེན་ཟབ་མོ་ཐེབས་པ་དང་། མེས་རྒྱལ་གྱི་རིག་གནས་སྔར་ལས་ཕུན་སུམ་ཇེ་ཚོགས་དང་མེས་རྒྱལ་གཅིག་གྱུར་ཡོང་བར་ནུས་པ་མི་དམན་པ་ཞིག་ཐོན། ཡོན་རྒྱལ་རབས་ཀྱིས་རྒྱལ་ཡོངས་གཅིག་གྱུར་བྱས་རྗེས་དུས་རབས་བཞི་ལྷག་ལ་ཉེ་བའི་བོད་སིལ་བུར་གནས་པའི་རྣམ་པ་མཇུག་བསྒྲིལ་ཅིང་། ཡོན་རྒྱལ་རབས་ཀྱིས་བོད་བརྒྱུད་ནང་བསྟན་ཆོས་ལུགས་བེད་སྤྱད་ནས་བོད་ཀྱི་ས་ཆར་དབང་སྒྱུར་བྱས་ཏེ་གྲུབ་འབྲས་ཆེན་པོ་བླངས། ཕྱིས་སུ་མིང་ཆིང་སྲིད་གཞུང་གིས་ཀྱང་དབང་སྒྱུར་ལམ་ལུགས་དེའི་རྒྱུན་བསྐྱངས་ནས་འཕེལ་རྒྱས་སུ་བཏང་སྟབས། ཆིང་རྒྱལ་རབས་ཀྱིས་བོད་སོག་གཉིས་ལ་དབང་སྒྱུར་ཐུབ་པ་བྱུང་བ་དང་རང་གི་ཀྲུང་དབྱང་དབང་ཆ་གཅིག་བསྡུས་ལ་རྨང་གཞི་བརྟན་པོ་བཏིང་། དུས་རབས་བཅུ་དྲུག་པའི་མཇུག་ནས་བཟུང་དགེ་ལུགས་པར་བོད་སོག་མི་རིགས་གཉིས་ཀྱི་ཁྲོད་དབང་ཤུགས་དང་གཟི་བརྗིད་ཆེ་སྟབས་རྒྱལ་བ་པཎ་ཆེན་དང་སོག་པོའི་དཔོན་རིགས། གཞན་བླ་སྤྲུལ་ཆེ་འབྲིང་ཆུང་གསུམ་བཅས་མི་རིགས་དང་ཚོ་ཁག་གི་སྲིད་དབང་བར་གྱི་འགལ་བའི་བར་འདུམ་པ་གཙོ་བོར་གྱུར་ཡོད་པས་། བོད་བརྒྱུད་ནང་བསྟན་ཆོས་ལུགས་རིག་གནས་ཀྱིས་མི་རིགས་གཉིས་ཀྱི་འབྲེལ་འདྲིས་རྒྱ་ཆེ་ཞིང་གཏིང་ཟབ་པར་བཏང་བ་དང། དེས་བོད་སོག་མི་རིགས་གཉིས་ཀྱི་རིག་གནས་གཅིག་མཐུན་དང་། མི་རིགས་གཉིས་ཀྱི་རིན་ཐང་ལྟ་ཚུལ་དང་མི་ཚེ་ལྟ་ཚུལ། འཇིག་རྟེན་ལྟ་ཚུལ་བཅས་འདྲ་མཚུངས་སུ་བསྒྱུར་བ་དང་སྲ་བརྟན་དུ་གཏོང་བའི་ཕྱོགས་ལ་ནུས་པ་ཆེན་པོ་ཐོན་ཡོད་པས་བོད་བརྒྱུད་ནང་བསྟན་རིག་གནས་སྲོག་ཤིང་ཡིན་པའི་རིག་གནས་ཀྱི་འབྲེལ་བ་ཞིག་གྲུབ་ཡོད་པ་རེད། ཕན་ཚུན་འབྲེལ་བའི་ཁྲོད་ཆོས་ལུགས་དེ་མི་རིགས་དེ་གཉིས་ཀྱི་འབྲེལ་བའི་གཟུངས་ཐག་ལྟ་བུར་གྱུར་ཅིང་། དེས་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ། རིག་གནས་བརྗེ་རེས་ཀྱི་སྐུལ་འདེད་བཅས་ལ་ནུས་པ་བླ་ལྷག་ཐོན་ཡོད་པ་རེད། ཆོས་ལུགས་རིག་གནས་ནི་ནང་བསམ་བློའི་རིག་གནས་ཀྱི་ཁོངས་སུ་གཏོགས་ཤིང་། ལས་རྒྱུ་འབྲས་ཡོད་པ་དང། སྐྱེ་བ་སྔ་ཕྱི་ཡོད་པ་སོགས་ཀྱི་བཤད་ཚུལ་དེས་མིའི་བསམ་བློ་ཀུན་སྤྱོད་དང་མང་ཚོགས་ཀྱི་ཕྱོགས་ཡོངས་ཀྱི་ཁེ་ཕན་ལ་ནུས་པ་ཆེན་པོ་ཐོན་ཡོད་ཅིང་། ཆོས་ལུགས་ཀྱི་གཞི་རྩའི་དགོངས་པ་སངས་རྒྱས་སྐུ་དངོས་ཀྱིས་གསུངས་པ་བཞིན《མདོ་སྡུད་པ》ལས། སྡིག་པ་ཅི་ཡང་མི་བྱ་ཞིང་། ། དགེ་བ་ཕུན་སུམ་ཚོགས་པར་སྤྱད། ། རང་གི་སེམས་ནི་ཡོངས་སུ་འདུལ། ། འདི་ནི་སངས་རྒྱས་བསྟན་པ་ཡིན། ། ཞེས་གསུངས་པ་ལྟར་ནང་པའི་ཆོས་ལུགས་ཀྱི་དགོངས་དོན་མདོར་བསྡུས་ན་སྡིག་སྤོང་དགེ་སྒྲུབ་དང་བྱམས་སྙིང་རྗེ། བདག་ལས་གཞན་གཅེས་སོགས་གཞན་ལ་མི་འཚེ་བར་རང་གི་ནང་བསམ་བློའི་གོ་རྟོགས་མཐོ་རུ་བཏང་ནས་མར་གྱུར་སེམས་ཅན་ཐམས་ཅད་ལ་བརྩེ་སེམས་བཅོས་མ་མིན་པ་ཞིག་ཡོད་དགོས་པར་བསྟན་པས་ཞི་བདེ་དང། འདྲ་མཉམ། བདེ་སྐྱིད་བཅས་ཀྱི་སྤྱི་ཚོགས་ཁོར་ཡུག་ཅིག་དང་ཐུན་མོང་གི་བསམ་བློའི་ཁ་ཕྱོགས་གསར་བ་ཞིག་ཆགས་སྟབས་རྒྱལ་ཁབ་ཀྱི་བདེ་འཇགས་དང་། སྤྱི་ཚོགས་ཀྱི་འཆམ་མཐུན། བསམ་བློའི་དཔལ་ཡོན་འཕེལ་རྒྱས་བཅས་ལ་ནུས་པ་བླ་ལྷག་ཐོན་པ་རེད།
        དེ་མིན་བོད་སོག་གི་ས་གནས་མང་པོ་ཞིག་ནང་བའི་གནས་རི་བྱིན་ཅན་དུ་བརྩིས་ནས་དེར་བཀྲ་ཤིས་པའི་མཚན་མས་བྱིན་གྱིས་བརླབས་པ་སོགས་དཔེར་ན། གནམ་འཁོར་ལོ་རྩིབས་བརྒྱད་དང་། ས་པདྨ་འདབ་བརྒྱད་ཀྱི་རྟགས་མཚན་ཡོད་པར་སྨྲ་བ་དང་། གནས་རི་དང་གཙང་པོ་མང་པོར་བཀྲ་ཤིས་རྟགས་བརྒྱད་ཀྱི་མཚན་གསོལ་བ་ལྟ་བུ་སོགས་ཀྱིས་དད་ལྡན་མང་ཚོགས་རྣམས་ལ་མཚོན་ན་གནས་དེ་དག་གནས་བསྐོར་མཆོད་འབུལ་བྱེད་ས་གཙོ་བོར་གྱུར་ཅིང་། དེས་ས་གནས་དེ་དག་གི་རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་ལ་སྲུང་སྐྱོབ་ལེགས་པོ་བྱས་ཡོད་པས་དེང་གི་དུས་འདིར་ལྗོངས་རྒྱུའི་གནས་རི་གལ་ཆེན་དུ་གྱུར་ཡོད་པ་ལྟ་བུ་རེད། སྔོན་ཆད་བོད་དང་སོག་པོ་མི་རིགས་གཉིས་ཀྱིས་གནས་གང་དུ་འགྲོ་ནའང་ཐོག་མར་རང་གི་སྐྱེས་ལྷ་གཞི་བདག་ལ་ལྷ་བསང་མཆོད་འབུལ་བྱེད་པའི་ལུགས་སྲོལ་ཡོད་པ་རེད། བོད་སོག་མི་རིགས་གཉིས་ཀྱིས་སྲིད་པའི་ལྷ་ལ་དད་མཆོད་བྱས་པ་ནས་ནང་པའི་ཆོས་ལ་དད་པ་བྱས་པ་ནི་ལོ་རྒྱུས་ཀྱི་བརྒྱུད་རིམ་རིང་མོའི་ཁྲོད་འཕེལ་རྒྱས་བྱུང་བ་ཞིག་ཡིན་ལ། དེ་ལས་བོད་སོག་མི་རིགས་གཉིས་ཀྱིས་ཕྱིའི་རང་བྱུང་ཁོར་ཡུག་སྲུང་སྐྱོབ་དང་ནང་བསམ་པའི་དཔལ་ཡོན་མཐོར་འདེགས་བྱེད་རྒྱུར་གཙིགས་ཆེན་བྱས་ཡོད་པ་གསལ་བོར་ཤེས་ཐུབ། རིམ་བཞིན་དུ་བོད་སོག་མི་རིགས་གཉིས་ནང་བསམ་བློའི་ལྟ་གྲུབ་ཐད་གཅིག་གྱུར་བྱུང་བ་མ་ཟད་རིག་གནས་ཀྱི་ཐད་ནས་ཀྱང་གཅིག་མཐུན་གྱི་ཕྱོགས་སུ་སོང་བ་ཡིན་པས། དེ་ནི་ལོ་རྒྱུས་འཕེལ་རྒྱས་ཀྱི་ཆོས་ཉིད་དང་མཐུན་ཞིང་། དེར་བརྟེན་ནས་སྤུན་ཟླ་མི་རིགས་གཞན་གྱི་ནང་དུ་ཡང་རང་བྱུང་ཁོར་ཡུག་སྲུང་སྐྱོབ་དང་མི་རིགས་མཐུན་སྒྲིལ་བཅས་ཀྱི་ཕྱོགས་ལ་ཡར་སྐུལ་གྱི་ནུས་པ་ཐོན་ཡོད་པ་རེད།
        གོང་ནས་གླེང་བ་བཞིན་བོད་བརྒྱུད་ནང་བསྟན་ཆོས་ལུགས་དང་ལྷག་པར་དུ་དགེ་ལུགས་པའི་བསྟན་པར་མཐོ་རིམ་དབང་སྒྱུར་པའི་རྒྱབ་སྐྱོར་ཐོབ་པའི་རྒྱུ་མཚན་གཙོ་བོ་ཕྱོགས་གཉིས་ཡོད་དེ། གཅིག བོད་ཀྱི་ཆོས་ལུགས་དེ་དབང་སྒྱུར་པའི་འདོད་བློ་དང་འཚམས་ཤིང་། ཁོ་ཚོས་སྐྱེ་བ་སྔོན་མར་བསགས་པའི་ལས་ཀྱི་འབྲས་བུས་ཚེ་འདིར་གནམ་བསྐོས་གོང་མར་གྱུར་ནས་མི་དམངས་ལ་དབང་སྒྱུར་ཐུབ་པ་བྱུང་བར་བཤད་པས། མཐོ་རིམ་དབང་སྒྱུར་པས་རྒྱབ་སྐྱོར་ཆེན་པོ་བྱས་པ་རེད། གཉིས། མཐོ་རིམ་དབང་སྒྱུར་པས་རང་གི་དབང་སྒྱུར་བརྟན་འཇགས་ཡོང་ཕྱིར་བོད་བརྒྱུད་ནང་བསྟན་ཆོས་ལུགས་དང་ལྷག་པར་དུ་དགེ་ལུགས་པའི་བསྟན་པ་སོག་ཡུལ་དུ་སྤེལ་བ་ལ་སྲིད་ཇུས་རབས་དང་རིམ་པ་སྤེལ་ཞིང་མིང་དང་ཆིང་ཀྲུང་དབྱང་སྲིད་གཞུང་གིས་བླ་སྤྲུལ་ཁག་ལ་གོ་མིང་སོགས་གསོལ་རས་ཆེན་པོ་གནང་བ་མ་ཟད། བོད་ཀྱི་བླ་སྤྲུལ་སོག་ཡུལ་དུ་མངགས་ནས་གོ་སྐོན་བློ་འགུག་བྱས། ཆིང་གོང་མ་ཁང་ཞི་དང་ཡུང་ཀྲེང། ཆན་ལུང་བཅས་ཀྱིས་ཆོས་སྲིད་ཟུང་འབྲེལ་ལ་མཐོང་ཆེན་གནང་སྟེ་དགོན་པ་གསར་བཞེངས་དང་དཔལ་འབྱོར་ཁ་གསབ་ཀྱི་རྣམ་པས་བོད་བརྒྱུད་ནང་བསྟན་ཆོས་ལུགས་ལ་རྒྱབ་སྐྱོར་བྱས་པ་དང་། བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འཕེལ་རྒྱས་ལ་དངོས་ཡོད་ཀྱི་ཆ་རྐྱེན་བསྐྲུན་པས་བསྟན་པ་འཕེལ་རྒྱས་དང་ལྷག་པར་དུ་རྒྱལ་ཁམས་བདེ་འཇགས་ལ་ནུས་པ་བླ་ལྷག་ཐོན་ཡོད་པ་རེད། ལྷག་པར་དུ་དགེ་ལུགས་པའི་བསྟན་པ་སོག་ཡུལ་དུ་དར་བ་ནས་བཟུང་། བོད་སོག་མི་རིགས་གཉིས་ཀྱི་སྔར་ཡོད་འཚོ་གནས་བྱེད་སྟངས་གཅིག་མཐུན་གྱི་རྨང་གཞིའི་སྟེང་ཆོས་ལུགས་བསམ་བློའི་ཁྱབ་ཁོངས་ཀྱང་གཅིག་གྱུར་གྱི་ཕྱོགས་ལ་འཁོར་བར་ནུས་པ་ཐོན། རིག་གནས་སོགས་ཕན་ཚུན་བརྗེ་རེས་དང་མཉམ་སྡེབ་ཀྱི་ཁྲོད་ནས་མཐར་གཅིག་མཐུན་གྱི་རྣམ་པ་བྱུང་བས། བོད་སོག་མི་རིགས་གཉིས་ཀྱི་མི་ཚེ་ལྟ་ཚུལ་དང་འཇིག་རྟེན་ལྟ་ཚུལ། རིན་ཐང་ལྟ་ཚུལ་ལས་གཞན་མི་དང་བྱ་དངོས་ལ་བཟུང་བའི་ལྟ་སྟངས། བསམ་བློ་ཀུན་སྤྱོད་བཅས་ཕྱོགས་མང་པོ་ཞིག་ལ་བོད་ཀྱི་ཆོས་ལུགས་རིག་གནས་ཀྱི་ཤན་ཤུགས་ཐེབས་ཕྱིར། ནང་ཆོས་ཀྱི་དགོངས་པ་ལྟར་དུ་གཞན་ལ་འཚེ་བ་སྤངས་ནས་དགེ་བ་རྐྱང་རྐྱང་སྒྲུབ་པའི་ཕྱོགས་ལ་འབད་པ་བཅས་ཀྱིས་མིའི་རིགས་ཀྱི་ཞི་བདེ་ལས་དོན་ལ་ཡར་སྐུལ་གྱི་ནུས་པ་ཐོན། བོད་སོག་མི་རིགས་གཉིས་ཀྱི་ཡུན་རིང་བའི་ལོ་རྒྱུས་དང་མཚར་སྡུག་འོད་སྟོང་འབར་བའི་རིག་གནས་དེ་གནའ་ནས་འབྲོག་ལས་རིག་གནས་གཙོ་བོར་གྱུར་པའི་འབྲོག་ལས་དཔལ་འབྱོར་གྱིས་གྲུབ་ཅིང་། ཐོན་སྐྱེད་བྱེད་སྟངས་སྣ་གཅིག་རང་བཞིན་དང་ལག་རྩལ་རྗེས་ལུས་བཅས་ཡིན་མོད། འོན་ཀྱང་བོད་སོག་མཐོ་རིམ་བླ་དཔོན་རྣམས་ཀྱི་བར་དུ་ཕན་ཚན་འབྲེལ་འདྲིས་བྱུང་བ་དང་མཉམ་དུ་མི་རིགས་གཉིས་ཀྱིས་ཕྱོགས་སྒོ་མོ་ནས་འབྲེལ་བ་བཙུགས་ཏེ་རིག་གནས་བརྗེ་རེས་ཀྱི་གོ་རིམ་ཁྲོད་མི་རིགས་གཉིས་ཀྱི་ཆོས་ལུགས་དང་རིག་གནས་ཀྱི་འདུ་ཤེས་འཛིན་སྟངས་གཅིག་མཚུངས་ཅན་དུ་གྱུར་ལ། དེ་ལས་མི་རིགས་གཉིས་ཀྱི་ཐུན་མོང་རིག་གནས་སྟེང་གྲུབ་པའི་ཐུན་མོང་བསམ་བློའི་སྤུས་ཀ་མངོན་ཡོད་པ་དང་། འཛམ་གླིང་ཞི་བདེ་དང་མེས་རྒྱལ་གཅིག་གྱུར། མི་རིགས་མཐུན་སྒྲིལ་དང་དཔལ་ཡོན་གཉིས་ཀྱི་འཕེལ་རྒྱས། རིག་གནས་སྣ་ཚོགས་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་བཅས་ལ་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་པོ་ལྡན་ཡོད་པ་རེད། །
དཔྱད་གཞིའི་ཡིག་ཆ།
[1] སུམ་པ་ཡེ་ཤེས་དཔལ་འབྱོར། ཆོས་འབྱུང་དཔག་བསམ་ལྗོན་བཟང་། [M].ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1992
[2]སུམ་པ་ཡེ་ཤེས་དཔལ་འབྱོར། སུམ་པ་ཡེ་ཤེས་དཔལ་འབྱོར་གྱི་རང་རྣམ།[M].དཔེ་རྙིང་།
[3]སུམ་པ་ཡེ་ཤེས་དཔལ་འབྱོར། མཚོ་སྔོན་པོའི་ཚངས་གླུ་གསར་སྙན།[M].མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1982
[4]ཤིང་བཟའ་སྐལ་བཟང་ཆོས་ཀྱི་རྒྱལ་མཚན། འཕགས་པའི་ཡུལ་ནས་བོད་དང་ཧོར་གྱི་ཡུལ་དུ་བསྟན་པ་དར་ཚུལ་གྱི་རྣམ་གཞག་མདོ་ཙམ་བརྗོད་པ་པད་དཀར་ཕྲེང་མཛེས།[M].མི་རིགས་དཔེ་སྐྲུན་ཁང་། 1992
[5] དབལ་མང་པཎྜིི་ཏ། རྒྱ་བོད་ཧོར་གསུམ་གྱི་ལོ་རྒྱུས།[M].མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1990
[6] གུ་ཤྲི་དཀའ་བཅུ་སུ་དྷཱི་ཨ་ཡུ་ཝརྟ། ཧོར་གྱི་ཆོས་འབྱུང་རྒྱལ་བསྟན་རིན་པོ་ཆེ་གསལ་བར་བྱེད་པའི་སྒྲོན་མེ།[M].དཔེ་རྙིང་།
[7] དགེ་བཤེས་ཤེས་རབ་རྒྱ་མཚོ། ཧོར་གྱི་ཆོས་འབྱུང་པདྨ་དཀར་པོའི་ཕྲེང་བ།[M]. དཔེ་རྙིང་།
[8] སེ་ཆེན་ས་སྣང་ཐི་ཅི། ཧོར་གྱི་རྒྱལ་བརྒྱུད་ཀྱི་གཏམ་མེ་ཏོག་ཚོམ་བུ་མཐོང་བ་དོན་ལྡན།[M]. དཔེ་རྙིང་།
[9] དྲུང་ཡིག་དབང་ཆེན་སྐྱབས། མེས་པོའི་ཞལ་ལུང་།[M].དཔེ་རྙིང་།
[10]འཇིགས་མེད་རིག་པའི་རྡོ་རྗེ། ཧོར་གྱི་ཆོས་འབྱུང་། [M].མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1993
[11]芈一之张科 青海蒙古族简史[M]青海人民出版社2014
[12]李文君 明代西海蒙古史研究[M]中央民族大学出版社2008
[13]艾丽曼 青海河南蒙旗文化变迁研究[M]甘肃文化出版社2010
[14]陈庆英 蒙藏关系史大系。政治卷[M]西藏人民出版社2002
[15]才让编著 青海蒙古世系[M]青海人民出版社2006
[16]樊保良 蒙藏关系研究[M]青海人民出版社1992
[17]乌力吉巴雅尔 蒙藏文化关系研究[M]中国藏学出版社2004
[18]崔永红主编 青海通史[M]青海人民出版社1999
[19]青海年鉴编委会 青海省志[M]青海人民出版社2001
[20]海晏县志编写委员会 海晏县志[M]甘肃文化出版社1994
[21]刚察县编写委员会 刚察县志[M]陕西人民出版社1997
[22]河南县编写委员会 河南县志[M]陕西人民出版社1997
①  རིན་ཆེན་ནོར་བུ། མཚོ་སྔོན་དགེ་འོས་སློབ་ཆེན་མི་རིགས་དགེ་འོས་སློབ་གླིང་དུ་ཕྱག་ལས་གནང་བཞིན་ཡོད།

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།