ཀྲུང་གོ་བོད་ཀྱི་དྲ་བ།

ཚད་ལྡན་དཔེ་ཀློག་བྱེད་སྟངས་མདོ་ཙམ་གླེང་བ།

  རྩོམ་པ་པོ། : རྒྱ་སྨྱུག་སེར་པོ།   སྤེལ་དུས། : 2018-05-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

༄༅། །ཚད་ལྡན་དཔེ་ཀློག་བྱེད་སྟངས་མདོ་ཙམ་གླེང་བ། 

                        

           བདག་འཛིན་རྣམ་རྟོག་དྲི་མས་མ་ལྷད་ཅིང་།།

           ཟབ་དོན་ཆོས་གྱི་སྙིང་བོ་ལེགས་པར་གཟིགས།།

           ཀ་དག་ཁྲེགས་ཆོད་ལམ་བཟང་སྟོན་མཁས་པའི།།

           སྐལ་བཟང་རྣམ་འདྲེན་བཞི་བ་ལན་བརྒྱར་བསྔགས།།

           འཛུམ་པའི་གདོང་ལ་དཀྱུས་རིང་མིག་ཡངས་ཅན།།

           རྒྱལ་བའི་ཡིད་འཕྲོག་མཚོ་བྱུང་ཚངས་སྲས་མ།།

           གནས་ལུགས་དཔྱད་པའི་ལས་ལ་འཇུག་སྤྲོ་བས།།

           ཤེས་རབ་རལ་གྲིའི་དངོས་གྲུབ་ད་སྩོལ་ཅིག། 

ཅེས་ཚིག་གི་ཕྲེང་བས་མདུན་བསུས་ནས་སྐབས་དོན་གང་གླེང་བར་བྱ་བ་ནི་དཔེ་ཀློག་དགའ་བའི་ན་མཉམ་གྱི་གྲོགས་དག་ལ་ཕན་དུ་རེ་ནས་ཚད་ལྡན་དཔེ་ཀློག་ཇི་ལྟར་བྱེད་པའི་སྐོར་ནས་རེགས་ཙམ་གླེང་བར་བྱ་རྒྱུ་ཡིན། 

ཐོག་མའི་གཏམ།

 ལོ་ངོ་བདུན་ནས་དཔེ་ཀློག་གི་འགོ་བརྩམས་ཤིང་། ཕོ་ལོ་ཉེར་དྲུག་ལ་ཐོན་པའི་དེ་རིང་བར་དུ་དཔེ་ཆ་དང་ཁ་འབྲལ་མ་མྱོང་བའི་མི་ཞིག་གིས་འཁྱར་འཁྱོར་གྱི་གོམ་འགྲོས་དང་། མག་མོག་གི་ལམ་ཁ་བརྒྱུད་ནས་ཡོང་བའི་འདས་ཟིན་ལ་སྤྱི་སྡོམ་བྱེད་ཞོར། སོང་ཟིན་པའི་ལོ་ངོའི་དུས་ཚོད་འདི་དག་གི་རིང་ལ་སྤྱིའི་ཆ་ནས་དཔེ་ཀློག་ཆད་མ་མྱོང་བས་འཚོ་བའི་རྒྱུན་བཟས་ལྟར་དུ་གྱུར་བའི་མི་ཞིག་གི་ལག་ལེན་དངོས་ཀྱི་མྱོང་བ་དང་དཔེ་ཀློག་ཇི་ལྟར་བྱེད་དགོས་མིན་གྱི་འཛམ་གླིང་ཤར་ནུབ་ཀྱི་མཁས་དབང་ཚོས་གསུངས་པའི་བརྩམས་ཆོས་གང་མང་ལ་བལྟས་པའི་འབྲས་བུ་རྣམས་གཞི་གཅིག་ཏུ་སྤུངས་ནས་ད་ལན་ཁོ་བོས་ཚད་དང་ལྡན་པའི་དཔེ་ཆ་ཇི་ལྟར་ཀློག་དགོས་མིན་གྱི་ཕྱོགས་ནས་ཁ་བརྡ་ཐུང་ངུ་ཞིག་བྱེད་རྒྱུ་ཡིན། འདིས་དཔེ་ཀློག་ལ་དགའ་མཁན་ཚོར་ཕན་ཐོགས་ཡོང་བའི་སྨོན་ལམ་ཟབ་མོ་ཞུ་བཞིན་ཡོད། 

དང་བོ། བཀླག་བྱའི་དཔེ་ཆ་ཚད་ལྡན་འདེམ་ཚུལ། 

དམ་པ་གོང་མ་དག་གིས་དཔེ་ཆ་ཆེས་བཟང་བ་ཞིག་བལྟ་བ་ནི། མི་སྣ་རླབས་ཆེན་ཞིག་དང་བགྲོ་གླེང་སྤེལ་བ་ལྟ་བུ་ཞིག་ཡིན་པར་མ་ཟད་དཔེ་ཀློག་བྱེད་རྒྱུ་ནི་མིའི་རིགས་ཀྱི་བློ་གྲོས་ཀྱི་ཉིང་བཅུད་དང་མི་ཚེའི་གྲུབ་ཆ་གལ་ཆེན་པོ་ཞིག་ཡིན་ཞེས་གསུངས་པ་ནང་བཞིན་དཔེ་ཆ་བཟང་པོ་ལ་བརྟེན་ནས་བློ་སྟོབས་བསྐྱེད་པ་བྱ་རྒྱུ་ནི་ཅི་ནས་ཀྱང་གལ་ཆེ། དེར་བརྟེན་ང་ཚོས་བཀླག་བྱའི་དཔེ་ཆ་གདམ་གསེས་མ་ནོར་བའི་སྒོ་ནས་དཔེ་ཆ་ཀློག་དགོས། གལ་ཏེ་དཔེ་ཆ་འདེམ་གསེས་མེད་པར་ཚོད་ཚོད་དུ་ཉོ་ཞིང་གང་འདོད་དུ་བཀླགས་ན་དགོས་པ་མེད་པར་མ་ཟད་རང་རང་གི་དཔལ་འབྱོར་དང་དུས་ཚོད་ཀྱིས་འདང་གིན་མེད། ལྷག་པར་དུ་གལ་ཆེ་བ་ནི་ཁྱེད་ལ་བསམ་བློའི་རྒྱགས་ཕྱེ་ཅི་ཡང་སྦྱིན་དུ་མེད་པར་སོ་སོ་རང་ཉིད་ཀྱི་མདུན་ལམ་དང་མི་ཚེའི་ཁ་ཕྱོགས་ཀྱང་བརླག་སྲིད་པས་ཡིད་གཟབ་ནན་བྱེད་དགོས་པ་ཞིག་རེད། འཇར་མན་གྱི་རྩོམ་པ་བོ་གྲགས་ཅན་སུའུ་པུ་ཧེར་གྱི་དཔེ་ཀློག་དང་དཔེ་ཆ་ཞེས་པ་ལས། ད་སྐབས་རྩོམ་རིག་ཁྲོད་དུའང་དཔེ་ཆ་ངན་པ་གྲངས་མེད་ཅིག་རྩྭ་ལྡུམ་ལྟར་སྐྱེས་པས་ལོ་ཏོག་ལ་གནོད་པ་བཟོ་བཞིན་ཡོད། དེ་ཚོ་མ་གཞིར་དངུལ་དང་གོ་གནས་ཀྱི་ཆེད་དུ་བྲིས་པ་ཡིན་པས། ཀློག་མཁན་ཚོའི་དུས་ཚོད་དང་། སྒོར་མོ། སེམས་ཤུགས་བཅས་ཆུད་ཟོས་སུ་བཏང་བས། དེས་ན་ཕན་པ་མེད་ཅིང་གནོད་པ་ཤིན་ཏུ་ཆེ་བར་སྣང་། སྤྱི་ཙམ་ནས་བཤད་ན་མིག་སྔར་བཅུ་ཆའི་དགུ་ཟིན་པའི་དཔེ་ཆ་ནི་ཆེད་དུ་དངུལ་སྡུད་བྱེད་ཀྱི་དཔེ་ཆ་ཡིན་ལ། དམིགས་ཡུལ་དེ་ལ་རྩོམ་པ་བོ་དང་དཔྱད་བརྗོད་པ། པར་བསྐྲུན་ཁེ་བ་བཅས་ཚང་མ་འཛེམ་མེད་ངན་སྡེབ་བྱེད་བཞིན་འདུག ཅེས་དང་། ང་ཚོས་དཔེ་ཆ་ཀློག་པའི་སྔོན་དུ་གདམ་གསེས་མེད་པར་མི་ཀློག་པའི་རྩ་དོན་ཡིད་ལ་འཛིན་དགོས། ཞེས་དང་།  འཇར་མན་གྱི་མཚན་ཉིད་རིག་པའི་མཁས་ཆེན་ཞོ་ཕེན་ཧ་ཝུར་གྱིས།   རིག་ཚད་མཐོང་ཚད་གང་བྱུང་དུ་མི་བཀླག་པའི་གནད་འདི་ངེས་དགོས།  ཞེས་གསུངས་པ་ལྟར་དཔེ་ཆ་གང་ཡིན་གྱིས་ཁྱེད་ལ་གྲོགས་དན་བྱེད་པའི་ངེས་པ་མེད་ཕྱིན་དཔེ་ཀློག་བྱེད་པ་ལའང་ས་མཚམས་ཤིག་ངེས་པར་ཡོད་དགོས་ཏེ། རྒྱུ་མཚན་རང་ལྟ་མཆོག་འཛིན་ཁོ་ནས་བྲིས་ཤིང་དམིགས་ཡུལ་གྱི་རིགས་པའི་གཏད་སོ་གང་ཡང་མེད་པ། དཔེ་ཆ་བཟང་ངན་དང་དགོས་མཁོ་ཡོད་མེད་སོགས་སྣ་ཚོགས་ཤིག་ཡོད་པས་ཐོག་མར་བརྟག་ཅིང་དཔྱད་པའི་སྒོ་ནས་འཇུག་ན་ཀློག་པ་བོར་དོན་དུ་འགྱུར་བ་ཡིན། འོ་ན་དཔེ་ཆ་བཟང་ངན་སོགས་ཅི་ལྟར་བརྟག་ཅེ་ན། ཐོག་མར་རྩོམ་པ་བོའི་ལོ་རྒྱུས་ལ་རྒྱུས་ལོན་བྱེད་པ། དཔེ་ཆ་དེ་ཁུངས་བཙུན་ཡིན་མིན་གཞུང་གི་སྤྱི་ཁོག་དང་ས་བཅད། དཀར་ཆག་དང་ངོ་བོ་ངེས་བསྟན་སོགས་ལ་ལྟ་ཞིབ་བྱས་ནས་བརྟག་དཔྱད་རྣམ་པ་སྣ་ཚོགས་ཀྱི་སྒོས་གདམ་ག་མ་འཆུག་པ་བྱས་ཏེ་དཔེ་ཆ་ཚད་ལྡན་གང་མང་ལ་ཞིབ་མཇལ་བྱེད་རྒྱུ་ནི་ཤིན་ཏུ་ནས་ཀྱང་གལ་ཆེ། བཀླག་བྱའི་དཔེ་ཆ་འདེམ་སྐབས་གཙོ་བོ་རང་གི་མི་ཚེ་དང་མཐུན་པའི་དཔེ་ཆ་འདམ་དགོས། མི་ཚེ་དང་མཐུན་པའི་དཔེ་ཆ་ཟེར་བ་དེ་ནི་རང་གི་དུས་རྒྱུན་གྱི་ལས་ཀའི་ཆེད་ལས་དང་འཚམ་པའི་དཔེ་ཆ། རང་གི་དགའ་ཕྱོགས་དང་མཐུན་པ། དམིགས་བསལ་སློབ་ཁྲིད་ལ་དགོས་མཁོ་ཆེ་ཞིང་། རང་གི་ཕུགས་བསམ་དང་འདོད་དོན་སྒྲུབ་པར་རམ་འདེགས་ཀྱི་ནུས་པ་འདོན་ཐུབ་པའི་དཔེ་ཆ་སོགས་ལ་ཟེར་བ་ཡིན། དཔེར་ན། རང་ཉིད་སྲོལ་རྒྱུན་སྙན་ངག་ལ་སྦྱོང་མཁན་ཞིག་ཡིན་ཚེ་མེ་ལོང་མ་དང་དཔག་བསམ་འཁྲི་ཤིང་ལྟ་བུ། རྩིས་ལ་སྦྱོང་མཁན་ཞིག་ཡིན་ཚེ་འབྱུང་རྩིས་མན་ངག་ཟླ་བའི་འོད་ཟེར་ལྟ་བུ་སོགས་ཡོངས་སུ་གྲགས་པའི་གཞུང་ལུགས་ཚད་ལྡན་དག་ལ་དཔེ་ཀློག་དང་ཞིབ་འཇུག་ལེགས་པོ་བྱེད་པ་ནི་ཤིན་ཏུ་གལ་ཆེ་བ་ཡིན།དེ་མིན་རང་གི་མི་ཚེའི་ཁ་ཕྱོགས་དང་མི་འཚམ་པ། དམིགས་ཡུལ་དང་མི་མཐུན་པ།   ཆེད་ལས་དང་འབྲེལ་ཡོད་ཅི་ཡང་མ་འདེམས་ན་འཛམ་གླིང་སྟེང་གི་དཔེ་དེབ་ནི་མཐའ་མེད་པ་ཡིན་ཕྱིན་ནང་དོན་ཡང་བགྲངས་ལས་འདས་པ་ཞིག་ཡིན། དེས་ན་ང་ཚོའི་མི་ཚེ་དང་དཔེ་ཀློག་གི་དུས་ཚོད་ཉུང་བས་རང་དང་འབྲེལ་མེད་ཀྱི་དཔེ་དེབ་ནི་དུས་ཚོད་དུམ་བུར་བཏུབ་པའི་རལ་གྲི་ཡིན་པས་འབྲེལ་མེད་ཀྱི་དཔེ་དེབ་དང་ཚད་ལྡན་མ་ཡིན་པའི་དེབ་འདྲ་མིན་མི་འདེམས་པ་ཤིན་ཏུ་གལ་ཆེ། དེ་ལྟར་མ་བྱས་ན། འཇམ་མགོན་བླ་མ་རྗེ་བློ་བཟང་གྲགས་པའི་ཞལ་ནས་ཀྱང་། གཞུང་ཆེན་ཁུ་བྱུག་སྒྲ་ནི་ཉམས་གྱུར་བས།། བྱེའུ་སྦྲང་མའི་དབྱངས་ཀྱིས་ས་འདི་ཁྱབ།། ཅེས་གསུངས་བ་བཞིན་ལྟ་བ་མ་དག་པ་དང་། བཟང་བོ་མི་བརྩི་བར་ངན་པ་བྲིན་ཞིང་རྒྱུག་ཆེ་བ། གཞུང་ལུགས་ཚད་ལྡན་དག་དང་རིང་དུ་གྱེས་བཞིན་པའི་དུས་འདིར་ཚེ་འདི་ཕྱིའི་མདུན་ལྗོངས་གང་ལ་ཡང་མི་ཕན་ཞིང་། ཁ་གྱེན་དུ་མི་ལྟ་བར་ཐུར་དུ་བལྟས་པའི་གད་སྙིགས་ཀྱི་རིགས་ལ་མགོ་བོ་འཐོམས་ནས་ཉི་མ་འཁྱོལ་ཐུབ་བྱས་ནས་བསྡད་ན་ཉེན་ཁ་ཆེ་བས་ཧ་ཅང་མཉམ་འཇོག་བྱེད་དགོས། ལྕང་སྐྱ་རོལ་བའི་རྡོ་རྗེའི་ཞལ་ནས། ལྟོ་བ་འགེངས་པའི་ཆོ་ག་ཙམ།། སྙིང་བོར་རློམ་པར་བགྱི་བ་ལ།། འབད་པའི་རྩོལ་བ་ལྷུར་ལེན་པ།།དེ་དག་ཕྱུགས་དང་ཁྱད་པར་ཅི།། ཞེས་གསུངས་བ་ལྟར། སློབ་གཉེར་སྤུས་དག་ཅིག་གམ་དཔེ་ཀློག་ཚད་ལྡན་ཞིག་བྱེད་བསམས་ན་གཙོ་བོ་རང་རང་གི་མི་ཚེའི་ཁ་ཕྱོགས་དང་མཐུན་པའི་གཞུང་ལུགས་ཚད་ལྡན་གྱི་དཔེ་ཆ་རེ་ལ་གནད་དུ་སྨིན་པའི་ལྟ་ཀློག་དང་སྦྱང་བ་བྱེད་རྒྱུ་དེ་ཧ་ཅང་གལ་ཆེ་བར་མཐོང་། གོང་གསལ་གྱི་སྐྱོན་ཆ་དག་དང་བྲལ་བའི་དཔེ་དེབ་ནི་རང་ཉིད་ཀྱི་སྙིང་ནས་གཅེས་པའི་དགའ་རོགས་བཟང་བོ་ཞིག་གམ། གཡུལ་ལས་རྒྱལ་བའི་དཔུང་རོགས་ཡག་ཤོས་ཤིག  ཡང་ན་རང་ལ་དྲིན་ཆེ་ཞིང་བརྩེ་བ་ཟབ་པའི་ཕ་མ་ལྟ་བུ་ཞིག་གི་འདུ་ཤེས་བཞག་སྟེ་ཚོར་བ་ཟབ་མོའི་སྒོ་ནས་བཀླགས་ན་ཧ་ཅང་བཟང་། གལ་སྲིད་དེ་ལས་ལྡོག་པའི་དཔེ་ཆ་དག་ལ་རང་ཉིད་མི་དགའ་བཞིན་དུ་བཙན་ཐབས་དང་ཨུ་ཚུགས་སོགས་ལ་བརྟེན་ནས་ནན་གྱིས་བསླབ་ཀྱང་ཀློག་ན་ཡང་ཕལ་ཆེལ་ངལ་བ་འབྲས་མེད་དུ་འབྱིན་པའི་ལས་ཀ་ཞིག་ཡིན་པར་མ་ཟད་སྤྲོ་སྣང་གི་སྒོ་ཡང་འགོག་སྲིད། དེའི་ཕྱིར་དཔེ་ཆའི་བྱེད་ལས་མི་འདྲ་བས་མི་སྣའི་འཇོན་ཐང་མི་འདྲ་བ་གསོ་སྐྱོང་བྱེད་བཞིན་ཡོད་པ་དེ་ཡང་ཤེས་པའི་སྟེང་ནས་ཐོག་དང་བོ་རང་གིས་གང་ཞིག་གཙོ་བོར་བྱས་ནས་ཀློག་དགོས་མིན་གྱི་དཔེ་ཆ་ལ་གདམ་གསེས་ཡག་པོ་ཞིག་བྱེད་ཤེས་དགོས་པ་དེ་ནི་ཆེས་གལ་ཆེ་བའི་མ་མཐའི་ཆ་རྐྱེན་དེ་ཡིན།  དེས་ན་དཔེ་ཆ་ཀློག་པ་ནི་འཕེལ་རྒྱས་ཡོད་ཚད་ཀྱི་རྩ་བ་ཡིན་པས་དཔེ་ཀློག་ལ་གོམས་དགོས་ཤིང་། ཐོག་མར་དཔེ་ཆ་འདེམས་ཤེས་པ། བར་དུ་ཀློག་ཤེས་པ།  ཐ་མར་བཀོལ་ཤེས་པ་གསུམ་ངེས་བར་ཤེས་དགོས་སོ།།

གཉིས་པ། ཀློག་པ་བོས་དཔེ་ཀློག་གི་འདུ་ཤེས་འཛིན་སྟངས།

དཔེ་ཀློག་བྱེད་སྐབས་ཀློག་པ་བོའི་སེམས་ཁམས་ཀྱི་འདུ་ཤེས་འཛིན་སྟངས་དེ་གལ་གནད་ཆེན་པོ་ཡིན། ཧྥུ་ཕུའུ་ཨེར་གྱིས་སློབ་སྦྱོང་གི་གནད་དོན་གཙོ་བོ་གོ་རྟོགས་དང་སྙིང་རུས་ལ་རག་ལས། ཞེས་གསུངས་བ་ལྟར། ཐོག་མར་དེབ་ཅིག་ཀློག་པའི་འགོ་འཛིན་སྐབས་མགོ་ནས་མཇུག་བར་དུ་ཡང་དག་ཅིག་ཀློག་དགོས་སྙམ་པའི་ཆོད་སེམས་བརྟན་པོ་ཞིག་ཡོད་དགོས། བྱ་བ་གང་ཞིག་སྒྲུབ་ཀྱང་གདོང་མཆོང་དང་ངར་ཤུགས་ཡོད་དགོས་པར་མ་ཟད། དཀའ་གཅོད་འབད་བརྩོན་ལ་མགོ་བོ་མི་སྒུར་བའི་ཡིད་ཆེས་དང་སྙིང་སྟོབས་ལྡན་དགོས། དེང་སྐབས་ང་ཚོར་ཆེས་དཀོན་པ་ནི་རང་ཡིད་རང་ཆེས་ཀྱི་སེམས་ཁམས་བོར་བ་འདི་རེད།  དེའི་ཕྱིར་རང་ཉིད་ཀྱིས་བཀླག་བྱའི་དཔེ་ཆ་དེ་མཇུག་གྲུབ་པ་ཞིག་དང་། ཤེས་ཐུབ་པའི་ཡིད་ཆེས་ཟབ་མོའི་ངང་ལྷུང་ལྷུང་འབབ་པའི་ཆུ་རྒྱུན་ཞིག་དང་འདྲ་བར་བརྩོན་པའི་སེམས་ཁམས་མི་ཡལ་བར་སྤྲོ་སྣང་དང་བཅས་བཀླག་དགོས། དེ་བརྟེན་ནམ་འཆི་ཆ་མེད་སོགས་ལ་བསམས་ནས་ངེས་འབྱུང་གི་བློས་རྒྱུད་བསྐུལ་ནས་སློབ་སྦྱོང་ལ་སྒྱིད་ལུག་བྱེད་པ་ནི་གཏན་ནས་མི་རུང་སྟེ། ཞི་བའི་སྟོན་པ་མ་ཧ་གྷན་དྷིའི་ཞལ་ནས། སང་ཉིན་འཆི་རྒྱུ་ཡིན་པ་ལྟར་འཚོ་བ་རོལ། གཏན་དུ་འཚོ་དགོས་པ་ནང་བཞིན་སློབ་གཉེར་བྱོས། ཞེས་གསུངས་པ་ཡིན་ལ། མཉམ་མེད་ཇོ་བོ་ཆེན་པོའི་ཞལ་ནས། ཚེ་ནི་ཡུན་ཐུང་ཤེས་བྱའི་རྣམས་གྲངས་མང་།། ཚེ་ཡི་ཚད་ཀྱང་ཅི་ཙམ་མི་ཤེས་པས།།ངང་བས་ཆུ་ལས་འོ་མ་ལེན་པ་ལྟར།། རང་གི་འདོད་པ་དང་དུ་བླང་བར་རིགས།། ཞེས་གསུངས་བ་ལྟར། སྦྱང་བྱ་ཤེས་བྱའི་རྣམ་གྲངས་ལ་མཐའ་མེད་པ་དང་སྐྱེས་བུའི་མི་ཚེ་ནི་རིང་པོ་མ་ཡིན་ཞིང་ཚད་མཐའ་ཅན་ཞིག་ཡིན་ཕྱིན་དུས་ཐུང་མི་ཚེ་གཅིག་གི་རིང་ལ་ཤེས་བྱ་ཡོད་ཚད་ཀྱི་གནས་ལུགས་ཕྱིན་ཅི་མ་ལོག་པར་ཇི་བཞིན་རྟོགས་དགོས་སྙམ་པ་དང་། གནའ་དེང་གི་གཞུང་ལུགས་གྲངས་མེད་ཅིག་ཁོང་དུ་ཆུད་ཐུབ་དགོས་ཟེར་བ་ནི་ད་ལྟའི་དུས་འདིར་ཧ་ཅང་དཀའ་བའི་གནས་སུ་ཡོད། ཁྱད་པར་དུ་དབང་བོ་ཅུང་ཙམ་རྟུལ་བའམ་སྒྱིད་ལུག་ཆེ་ཞིང་རྣམ་གཡེང་ལ་སྤྲོ་བ། དཀའ་སྤྱད་སྡུག་རུས་བྱེད་མི་ཐུབ་པ་ཚོར་ཉིན་མོའི་སྐར་མ་ལས་ཀྱང་དཀོན། མ་གཞི་དཔེ་ཆ་ཀློག་པ་ནི་དཔེ་ཀློག་ལས་རྙེད་པའི་ཤེས་རབ་ཀྱི་མིག་གིས་བྱ་སྤྱོད་ངན་པ་དག་སྤོང་བ་དང་རང་གིས་གང་འདོད་པའི་ལས་དེ་ཇི་བཞིན་དུ་འགྲུབ་པའི་དོན་དུ་སྟེ། མཐར་གཏུགས་ན་རང་ཉིད་ལ་གནས་སྐབས་དང་མཐར་ཐུག་གི་ཕན་བདེ་ཐོབ་ཕྱིར་ཡིན་པས་ཕོ་མོ་དང་རྒན་གཞོན་གྱི་དབྱེ་བ་མེད་པར། སྐྱ་སེར་དང་ལས་རིགས་ཀྱི་དབྱེ་བ་མེད་པར། དབུལ་ཕྱུག་དང་ཐོབ་ཐང་གི་དབྱེ་བ་མེད་པར་རང་རང་གི་ཤེས་རབ་མཐའ་མེད་དུ་གོམས་ཕྱིར་དང་། སྐྱེ་བ་རྗེས་མར་བག་ཆགས་ཀྱི་ས་བོན་འཇོག་ཕྱིར་ལེགས་ཉེས་ཀྱི་བླང་དོར་སྟོན་པའི་དཔེ་ཆ་བཟང་བོ་མཐའ་དག་ལ་ལྟ་ཀློག་གི་བརྩོན་པ་ལྷོད་མི་ཉན། དེ་ཡང་འཇམ་མགོན་ས་པཎ་གྱིས། རིག་པ་ནངས་པར་འཆི་ཡང་བསླབ། །ཞེས་གསུངས་པ་ལྟར་རོ།། འཛམ་གླིང་སྟེང་ན་གྲགས་སྙན་ཆེ་བའི་ཡ་ཧུ་དཱ་པའི་མི་རིགས་ཀྱིས་དཔེ་ཀློག་གི་འདུ་ཤེས་གསོ་སྐྱོང་སོགས་བྱེད་ཐབས་ནི། དང་ཐོག་བྱིས་པའི་སྐབས། དཔེ་དེབ་ཞིག་གི་སྟེང་དུ་ཀ་ར་སོགས་བྱིས་པ་འབྲིད་བྱེད་ཀྱི་དངོས་རྫས་ཤིག་བཞག་ལ་དེ་བྱིས་པའི་མདུན་དུ་བཤམས་ཏེ་རིམ་བཞིན་གོམས་འདྲིས་སུ་འགྱུར་དུ་བཞག   ནམ་ཞིག་བྱིས་པའི་སེམས་ལ་དཔེ་ཆའི་སྟེང་ན་ཀ་ར་ཡོད་སྙམ་པའི་འདུ་ཤེས་ཤིག་ངང་གིས་ཆགས་ཏེ་དཔེ་ཆ་ལ་ཡང་དུངས་ཞེན་ལྡོག་ཏུ་མེད་པ་ཞིག་སྐྲུན་ཐབས་བྱེད་པ་དེ་རེད། བར་དུ་དཔེ་ཀློག་མ་བྱས་པའི་ཉེས་སྐྱོན་དང་དཔེ་ཀློག་ལས་རྙེད་པའི་འབྲས་བུ་ནི་གཞན་གྱིས་རྐུ་འཕྲོག་བྱེད་དུ་མེད་པ་སོགས་ཏེ་དཔེ་ཀློག་གི་དགེ་མཚན་སྣ་ཚོགས་གླེང་བ་དང་། ཐ་མར་དགེ་མཚན་དེའི་ཀློང་ན་མངོན་པར་མཐོ་བའི་སྐྱེས་ཆེན་དག་གི་མཛད་བཟང་བརྗོད་དེ་བྱིས་པ་ཞིག་གི་འཚར་ལོངས་ཀྱི་གོ་རིམ་དང་བསྟུན་ནས་དེ་ལྟར་ཐབས་ཚུལ་སྣ་ཚོགས་འབད་ཀྱིན་ཡོད་པ་བཞིན་གང་ཟག་སུ་ཡིན་ཡང་དང་བོ་རང་གཞན་གཉིས་ཀས་དཔེ་ཀློག་གི་འདུ་ཤེས་མ་སྐྱེས་པ་སྐྱེ་བར་བྱེད་པ་དང་། སྐྱེས་པ་མི་ཉམས་པར་བྱེད་པ། མི་ཉམས་པ་གོང་འཕེལ་དུ་གཏོང་དགོས་པ་ཡིན་ནོ། །  ལྷག་པར་ང་ཚོས་མཉམ་འཇོག་བྱེད་དགོས་ས་ཞིག་ནི་དཔེ་ཀློག་གི་དུས་ཡུན་རིང་དྲགས་ན་རྣམ་ཤེས་ཉོབ་པར་འགྱུར་བ་ནི་དངོས་པོའི་གནས་སྟངས་ཤིག་ཡིན། དེས་ན་དཔེ་ཀློག་བྱེད་སྐབས་ཨུ་ཚུགས་དང་བཙན་གྱིས་ལྟ་བ་སོགས་ནི་ངལ་བ་འབྲས་མེད་ཡིན་པས་རང་ཉིད་ཀྱི་ལྟ་ཀློག་གི་སེམས་ཁམས་དང་འབྲེལ་ནས་རང་ལ་ངལ་གསོའི་དུས་ཚོད་སྤྲོད་དགོས་ཏེ། དཔེར་ན་དཔེ་ཀློག་ཅུང་ཙམ་བྱས་རྗེས་སེམས་ཁམས་མི་སྐྱིད་པ་སོགས་ཀྱི་གནས་སྟངས་བྱུང་ཚེ་གཞས་ལ་ཉན་པ་དང་གསོལ་ཇ་མཆོད་པ། ངང་མཐུན་གྱི་གྲོགས་དང་ལྷན་དུ་འཆམ་འཆམ་ལ་འགྲོ་བ་སོགས་བྱས་ཏེ་སེམས་ཁམས་ལྷོད་ལ་དབབ་ཏུ་བཅུག་ནས་སླར་ཡང་ཀློག་པ་ལ་འཇུག་པར་བྱ་དགོས། དེ་ནས་གང་ཀླག་པའི་དཔེ་ཆ་ལ་བརྟེན་ནས་མཐར་རང་ཉིད་དཔེ་ཆ་དེ་ལས་བརྒལ་ཐུབ་པ་བྱ་དགོས། ཐོག་མར་དཔེ་ཆ་ལ་བརྟེན་ནས་སྦྱངས་འབྲས་ཐོབ་དགོས།དེ་མིན་དང་ཐོག་ནས་དཔེ་ཆ་ལས་ཤེས་རིག་བཙལ་འཚོལ་བྱེད་པ་ཡིན་ན་རང་ཉིད་ལ་བློ་སྟོབས་མེད། དཔེར་ན་ཞ་བོས་མཁར་བ་ལ་མ་བརྟེན་པར་འགྲོ་བསྐྱོད་མི་ཐུབ་པ་བཞིན་རེད།  བར་དུ་རང་ཉིད་ཀྱི་བློ་སྟོབས་དང་དཔེ་ཆའི་ནང་དོན་གཉིས་ཕན་ཚུན་ཞིབ་བསྡུར་གྱིས་བལྟ་བ་ནི། བློ་གྲོས་ལྡན་པ་གཉིས་ཀྱིས་ཤེས་བྱ་གང་ཞིག་ལ་བགྲོ་གླེང་སྤེལ་བ་ལྟ་བུ་ཡིན་ལ། དེ་ཡང་ཤིང་གི་བསྟན་བཅོས་ལས།  བློ་དང་ལྡན་པ་གཉིས་འགྲོགས་ན།། སྔོན་མེད་ལེགས་པའི་བློ་གྲོས་འབྱུང་།། ཞེས་བ་བཞིན་ཡིན་ལ། མཐར་རང་ཉིད་དཔེ་ཆ་ལས་བརྒལ་བའི་བློ་སྟོབས་བསྐྱེད་པ་ནི། འཛམ་གླིང་ན་མཁས་པའི་དབང་པོ་དག་གི་རང་ཉིད་ཀྱི་བློ་གྲོས་རྩལ་ལས་སྔོན་མེད་ཀྱི་ལེགས་བཤད་གསར་པ་ཐོན་པ་བཞིན་ཡོང་བ་ཡིན་ལ། དེ་འདྲ་ཞིག་དགོས་པའི་རྒྱུ་མཚན་ཡང་། གལ་ཏེ་མི་ཚེ་གང་བོར་དཔེ་ཆའི་ནང་དོན་ཁོ་ན་ལ་ལྟོས་པ་ལས་རང་ཉིད་ལ་དབྱེ་འབྱེད་ཀྱི་བསམ་བློ་མེད་ཅིང་། རང་ཉིད་དཔེ་ཆའི་ནང་དོན་ཁོ་ན་ལྟར་བཀོལ་སྤྱོད་བྱེད་པ་ཡིན་ན། རང་ཉིད་དཔེ་ཆའི་བྲན་གཡོག་ཏུ་མི་འགྱུར་བའི་ངེས་པ་མེད། དེ་ལྟར་བྱས་ན་འདི་ལ་ཉེན་ཁ་ཚབས་ཆེན་ཞིག་འབྱུང་སྲིད་པ་ནི། གལ་ཏེ་ཁྱོད་ཉིད་བྲན་གཡོག་བྱ་ཡུལ་དེ་མི་སྣ་བཟང་བོ་དང་འགྲོགས་པ་ནང་བཞིན་གྱིས་དཔེ་ཆ་བཟང་བོ་ཞིག་གིས་དབང་བསྒྱུར་བྱས་གྱུར་ན། རང་ལ་ཁེ་ཕན་གང་ལ་གང་འཚམས་རེ་དང་འགྲིག་ཙམ་ཞིག་ཏུ་འགྱུར་ཐུབ་ནའང་། དཔེ་ཆ་ཁོ་ནས་རང་ཉིད་ཁ་ལོར་བསྒྱུར་ན། རང་ཉིད་རྣམ་ཤེས་མེད་པའི་འཕྲུལ་འཁོར་ཞིག་དང་འདྲ་བ་མ་ཡིན་ནམ། གཞན་ཡང་བྲན་གཡོག་ཏུ་མ་གྱུར་བར་བསམ་བློ་དང་། ཕུགས་བསམ། དམིགས་ཡུལ། རྟོགས་དཔྱོད། འདུ་ཤེས། ཟུངས་ཁྲག ལྟ་དཔྱོད། ཚོར་བ་མི་འདྲ་བ་བཅས་སྔོན་དུ་སོང་ནས་བལྟས་ན། ཧ་ཅང་དགེ་མཚན་ཆེ་བ་ཞིག་ཡོད་པར་མངོན། དེ་ཡང་རང་ཉིད་དཔེ་ཆུའི་བདག་པོ་བྱེད་དགོས་པ་ལས། དཔེ་ཆ་ཉིད་ཀྱི་བདག་པོ་བྱེད་དུ་བཅུག་མི་ཉན། ཞེས་གསུངས་བ་ལྟར་རོ།། དེ་ལྟར་དཔེ་ཀློག་ནི་གོ་བ་ལེན་པ་ཙམ་གྱིས་མི་ཆོག་སྟེ།  རྒྱུ་མཚན་དང་གནས་ལུགས་གསལ་བར་གོ་དགོས། གལ་སྲིད་དེའི་གནས་ལུགས་རྟོགས་ཚེ། རང་ལ་རང་གི་གོ་བ་རང་བཞིན་དུ་སྐྱེ་འོང་། ཁྱོད་ཀྱིས་གོ་བ་ནི་རང་སྣང་ཡིན་ལ། གཅིག་བྱས་ན་དེས་ཕྱི་ཡུལ་གྱི་གནས་ལུགས་དང་མཐུན་མི་སྲིད་པའང་ཡོང་ངེས་ཡིན། འོན་ཏང་ཁྱོད་རང་ཉིད་ཀྱི་གོ་བ་དང་གནའ་མིའི་གོ་བ་གཉིས་བཤིབ་བསྡུར་ཞིག་བྱས་ཏེ། ཕན་ཚུན་ཁ་སྐོང་དང་།  ཡོ་བསྲང་བྱས་ཆོག་ལ་གོ་བའང་འོས་འཚམ་ཞིག་ཐོབ་སྲིད། གོ་བ་དེ་ནི་བྱེད་པོ་གང་ཉིད་ཀྱི་ངོས་འཛིན་ཡིན་ཏེ།  བྱེད་པོ་གང་དེས་གོ་བ་དེ་ཉིད་བཀོལ་ནས་ནམ་རྒྱུན་གྱི་ལས་ཀ་ཐག་གཅོད་བྱས་ཆོག དཔེར་ན་ཁྱོད་རང་ཉིད་ཀྱི་རྐང་པ་བེད་སྤྱད་དེ་ལམ་ལ་འགྲོ་བ་དང་། ཁྱོད་ཉིད་འགྲོ་བསམ་པའི་འདུ་ཤེས་ཤིག་བྱུང་ན་རྐང་པས་རང་བཞིན་དུ་འགུལ་བ་བཞིན་ཁྱོད་ཉིད་དཔེ་ཀློག་གི་ཚད་ཐིག་ཡང་འདི་ལ་སླེབས་ཚེ་དོན་དངོས་ཐོག་ཏུ་ཤེས་བྱ་དག་གསོན་པོར་ཞིབ་མོས་བཀོལ་ཐུབ། དེ་ལྟར་དཔེ་ཀློག་ལ་མོས་པའི་སྐྱེས་བུ་གང་ཞིག་གིས་རང་ཉིད་དང་འཚམ་ཞིང་ཕུམ་སུམ་ཚོགས་པའི་དཔེ་ཆ་ཞིག་ལ་གོང་བཤད་ལྟར་ཚུལ་བཞིན་དུ་ཡང་དག་པར་བཀླགས་ནས་མཐར་དཔེ་ཆ་དེ་ལས་རང་ཉིད་བརྒལ་ཨེ་ཐུབ་བྱ་དགོས་ཏེ། དཔེར་ན་ཕྲུ་གུས་དང་ཐོག་ཟས་བཟའ་བ་དང་འགྲོ་བ་སོགས་ཕ་མ་དང་དེའི་བསླབ་བྱ་ལ་བརྟེན་དགོས་པ་ཡིན་ཡང་ནམ་ཞིག་ན་དེ་ལས་བརྒལ་ཏེ་རང་ཉིད་ཀྱི་ནུས་པས་རང་མགོ་ཐོན་དགོས་པ་བཞིན་ནོ། །དེ་ལྟར་མིན་པར་དུས་ནམ་ཡང་དཔེ་ཆ་མེད་པར་རང་ཉིད་གསོན་མི་ཐུབ་པ་ལྟ་བུ་ཞིག་ཆགས་ཚེ་རང་ཉིད་དཔེ་ཆའི་ཁོལ་པོའམ་དཔེ་ཆ་དེ་རང་ཉིད་ཀྱི་གཡོག་པོ་ལྟ་བུ་ཞིག་ཏུ་གྱུར་བ་ཡིན་པས་དཔེ་དེབ་དེ་ཁྱོད་ཀྱི་ཆེད་དུ་བཀླགས་པ་དང་།  ཁྱོད་རང་དེབ་ཀྱི་ཆེད་དུ་མ་བཀླགས་ཚེ་དཔེ་ཆ་སེམས་ཀྱི་གཞིས་ཁྱིམ་དུ་བཀླགས་པ་དང་གནད་དུ་སྨིན་པ་ཞིག་ཐུབ། དེར་བརྟེན་དཔེ་ཆ་རྒྱབ་ཁུར་གྱི་བོང་བུའི་དཔེ་ཅན་མི་བྱེད་པར་དཔེ་ཀློག་བྱ་བའི་ཐོག་མཐའ་བར་གསུམ་དུ་ཅིས་ཀྱང་ལུས་ངག་ཡིད་གསུམ་གྲིམ་ལྷོད་རན་པོས་དཔེ་ཀློག་མཐར་ཕྱིན་པ་ཞིག་བྱེད་ཤེས་དགོས་སོ། །

གསུམ་པ།  ཇི་ལྟར་ཀློག་པའི་ཚུལ་དངོས། 

འཛམ་གླིང་གི་མཁས་པ་དུ་མས་དཔེ་ཆ་ནི་འགྲོ་བ་མིའི་སེམས་ཀྱི་འཚོ་བཅུད་དང་། མིའི་རིགས་ཡར་རྒྱས་སུ་འགྲོ་བའི་ཐེམ་སྐས། འགྲོ་བ་མིའི་བློ་གྲོས་ཀྱི་གཤོག་རྩལ་ངོམ་པའི་གཤོག་ཡ། མིའི་རིགས་ཀྱི་དགེ་རྒན་བཟང་བོ། རིན་པོ་ཆེའི་ཚོང་ཟོག་སྐྱེལ་འདྲེན་བྱེད་པའི་གྲུ་གཟིངས་སོགས་སུ་བསྔགས་པ་བརྗོད་ཡོད་ལ། དངོས་པོའི་གནས་སྟངས་ལའང་དཔེ་ཆ་ནི་ས་སྒང་རིལ་མོ་འདིའི་སྟེང་གི་སྐྱེ་འགྲོ་མཐའ་དག་ལ་ཉི་འོད་བཞིན་ཤིན་ཏུ་གལ་ཆེ་བ་ཡིན་མོད། འོན་ཀྱང་བཀླག་ཚུལ་ཡག་དག་ཅིག་མ་ཤེས་པ་ཡིན་ན། དཔེ་ཆ་ཞིག་བཀླགས་ནས་ཡུན་རིང་བོ་འགོར་ན་ཕལ་ཆེར་ནང་དོན་མང་ཤོས་བརྗེད་ངས་རྐུན་པོས་ཤུལ་མེད་དུ་ཁྱེར་འགྲོ་བ་དང་ཡང་ན་རབ་རིབ་མག་མོག་ཞིག་ཏུ་གྱུར་ནས་དོན་སྤྱི་ཙམ་ལས་གསལ་བོར་དྲན་མི་ཐུབ། དཔེར་ན་བྱིས་པའི་དུས་སུ་བཟས་མྱོང་བའི་ཟས་རིགས་མང་ཆེ་ཤོས་ད་ལྟ་ཡོངས་སུ་བརྗེད་ཡོད་སྲིད། ཡིན་ན་ཡང་ཟས་རིགས་དེ་དག་ལས་ཁག་ཅིག་ཁྱོད་ཀྱི་ཤ་དང་རུས་པར་གྲུབ་ཡོད། དེ་བས་དཔེ་ཀློག་ལ་སྤྲོ་བ་ཡོད་མཁན་ཚོས་རང་རང་གིས་དཔེ་ཆ་ཞིག་ལ་ལྟ་སྐབས་ཐོག་མར་ངེས་ཅན་དུ་དཔེ་ཀློག་ཇི་ལྟར་བྱེད་པའི་ཤེས་བྱ་རྣམས་རྟོགས་པར་བྱེད་རྒྱུ་ནི་ཧ་ཅང་གལ་གནད་ཅིག་ཏུ་གྱུར་ནས་ཡོད། དེར་བརྟེན་ངས་གོང་དུ་གླེང་བ་ནང་བཞིན་དཔེ་ཉོབ་མང་པོ་ཀློག་པ་ལ་ཕན་ཐོགས་མེད། ཡིན་ཡང་ལ་ལས་སྣ་མང་གི་དཔེ་ཆ་ཀློག་ན་སྣ་མང་གི་ཤེས་རབ་འཕེལ་བར་འདོད་ཀྱང་དེ་ནི་མི་བསོད་ནམས་ཅན་རེ་གཉིས་ཡིན་སྲིད་པ་ལས། ཕལ་ཆེ་བ་ཞིག་ལ་ཤེས་རབ་འཆལ་རྒྱུ་ལས་ཕན་ཐོགས་ཡོད་པ་དཀོན།  ཀློག་ཚུལ་གྱི་ཐབས་ལམ་མ་འཆུག་པའི་སྒོ་ནས་ཀློག་དགོས། བརྩམས་ཆོས་རིང་ཐུང་གང་ཡིན་ཡང་ཐོག་མར་བམ་ཀློག་གམ་དཀར་ཆག་ལ་རགས་ལྟ་བྱས་ཏེ་སྤྱི་ཁོག་གི་བརྗོད་བྱ་གང་ཡིན་ངོས་ཟིན་པར་བྱེད། དེ་ནས་རིམ་བཞིན་ཇེ་ཕྲར་བཏང་སྟེ་སྡེ་ཚན་དུ་བགོ །དུས་ཚོད་ཀྱིས་ལྕོགས་ན་སྒྲ་དག་ཅིང་ཁ་གསལ་བ། ཚིག་གི་གཅོད་མཚམས་འགྲིག་པའི་སྒོ་ནས་འབྲུ་ཀློག་བྱས་ཏེ་ཚིག་གི་རྣོ་སོ། དོན་གྱི་ལྗིད་ཉམས། བསྒྲུབ་བྱ་དང་སྒྲུབ་བྱེད། ཡང་ན་མཚོན་བྱེད་ཀྱིས་མཚོན་སྟངས་སོགས་ལ་ཞིབ་ཏུ་བལྟས་ཏེ་བཀླགས་ན་དཔེ་ཆ་གང་ཡིན་ནའང་སྤྲོ་སྣང་དང་ལྡན་པའི་སྒོ་ནས་རོལ་མྱོང་བྱ་ཐུབ། ལྷག་པར་དཔེ་ཆ་ཀློག་སྐབས་ཆེས་གལ་ཆེ་བ་ནི། གནད་དཀའ་ཡོད་པའི་རིགས་ལ་རྟགས་བརྒྱབས་ན་རྗེས་ནས་བཙལ་སླ་བ་དང། དེ་དག་རང་གི་སེམས་ཐོག་ཏུ་འདུག་རྒྱུར་ཕན་ཐོགས་ཆེན་པོ་འདུག དུས་མཚུངས་སུ་མ་ཤེས་པ་དང་དོགས་པ་ཡོད་པའི་རིགས་རྣམས་ཀྱང་སྣང་མེད་དུ་མི་འཇོག་པར་བསམ་གཞིག་དང་གཞན་ལ་འདྲི་བ་སོགས་བྱས་ན་རང་གི་ཤེས་བྱའི་ཁྱབ་ཁོངས་ཁོད་ཡངས་ཤིང་གཏིང་ཇེ་ཟབ་ཏུའང་འགྲོ་ཐུབ། མདོར་ན་གང་ཞིག་བསྟན་པ་དང་། ཇི་ལྟར་བསྟན་པ་གཉིས་སེམས་སུ་ངེས་པར་བྱས་ནས་དཔེ་ཆ་གང་ཞིག་ཡིན་ཡང་སྡེ་ཚན་སྡེ་ཚན་བྱས་ཏེ་བལྟས་ན་ཕན་ཆེ་བ་ལས་མགོ་ནས་མཇུག་བར་མཐར་ཆགས་སུ་བཀླགས་ཀྱང་དུས་ཚོད་རྫོགས་སྤྱད་ལས་ཡིད་ལ་དེ་ཙམ་ངེས་དཀའ། དེའི་ཕྱིར་དང་བོར་ཚན་པ་གཅིག་ཚད་དང་ལྡན་པར་བཀླགས། དེ་ཚར་བའི་རྗེས་ནས་ཡང་ཚན་པ་ཞིག་གི་འགོ་བཙུགས་ཏེ་དེའི་སྐོར་ལ་སྔར་བཞིན་བལྟས་ན་བཟང་། ལྟ་ལུགས་འདི་བེད་སྤྱད་ནས་དབུ་ཕར་མཛོད་འདུལ་སོགས་གང་ཡིན་ཡང་དེ་ལྟར་བྱས་ན་རིག་པ་དཔེ་ཐོག་ཏུ་མི་ལུས་པ་དང་། ནང་དོན་ཧ་གོ་སོང་ཟེར་མི་ཤེས་པའི་རབ་རིབ་མག་མོག་གི་ནམ་ཟླ་ཇེ་དྭངས་སུ་འགྲོ་བའི་དགེ་མཚན་ཆེ། ཕྱི་རྒྱལ་གྱི་མཁས་བ་ཐོར་སི་ཐེ་ཡིས་མི་ལ་ལས་ཤེས་རྒྱུ་མང་པོ་ཞིག་ཤེས་ན་ཡང་། མཁོ་གལ་ཆེ་བའི་ཤེས་བྱ་ཞིག་གཏན་ནས་མི་ཤེས། ཞེས་སྨྲས་པའི་མཇུག་འབྲས་དེ་ཁོ་ན་འཐོབ་སྲིད་དེ། སློབ་ཚན་རྫོགས་ཐུབ་མིན་དང་ཤོག་གྲངས་འགྲོ་ཐུབ་མིན་དེ་ཙམ་གྱི་གནད་འགག་ཆེན་པོ་མིན་པར། གཙོ་བོ་རྫོགས་ཟིན་པའམ་བཀླགས་ཟིན་པའི་དཔེ་ཆ་དེ་དག་ཤེས་ཐུབ་དགོས་པ་དང་། ཤེས་པ་དེ་སྒྲོ་འདོགས་ཆོད་པའི་སྒོ་ནས་ནང་དོན་རྡོག་རྡོག་ཅིག་སེམས་ནང་ལ་འཛིན་རྒྱུ་ཡོད་པ་ཞིག་བྱས་སྟེ་ཐོས་པའི་དོན་ལ་བསམ། བསམ་པའི་དོན་ལ་སྒོམ། སྒོམ་པའི་དོན་དེ་རང་རྒྱུད་ཀྱི་འཚོ་བའི་ལག་ལེན་ལ་བསྐྱེད་ཐུབ་པ་ཞིག་མཛད་དགོས། དེ་མིན་འཇམ་མགོན་ས་པན་ཀུན་དགའ་རྒྱལ་མཚན་གྱིས། རིག་པ་གླེགས་བམ་ལ་གནས་དང་།།མ་སྒྲུབ་པ་ཡི་གསང་སྔགས་དང་།།བརྗེད་ངེས་ཅན་གྱི་བསླབ་པ་རྣམས།། དགོས་པའི་ཚེ་ན་བསླུ་བ་མང་།། ཞེས་གསུངས་བ་ལྟར་འགྱུར་རོ།། དེ་ཡང་ཇི་སྐད་དུ། ས་སྐྱ་ལེགས་བཤད་ལས། མཁས་པ་ཡོན་ཏན་ཀུན་བསླབ་པ། །མཐར་ཕྱིན་གཅིག་གིས་འཇིག་རྟེན་གསལ། །བློ་ངན་ཤེས་པ་མང་ན་ཡང་། །རྒྱུ་སྐར་བཞིན་དུ་གསལ་མི་ནུས། །ཞེས་གསུངས་པ་ལྟར། ངའི་ཉེ་གམ་གྱི་སློབ་གྲོགས་མང་བོས་རྟག་པར་དཔེ་ཆ་སྣ་མང་ཀློག་བཞིན་ཡོད་མོད་གྲུབ་འབྲས་ཀྱི་ཆ་ནས་དེ་འདྲའི་བློ་ཡིད་ཚིམས་པ་ཞིག་འབྱུང་གིན་ཡོད་པ་མཐོང་མ་སོང་། དེ་ནི་ཁོ་ཚོ་རིག་པ་རྟུལ་བ་ཙམ་ཞིག་རྒྱུ་མཚན་དུ་བྱས་ན་ངས་ངོས་ལེན་རྩ་བ་ནས་བྱེད་ཐུབ་ཀྱིན་མི་འདུག བདག་གིས་ཁོ་ཚོར་གྲུབ་འབྲས་དེ་ཙམ་འབྱུང་ཐུབ་ཀྱིན་མེད་པ་ནི་ཁོ་ཚོས་དཔེ་ཆ་ཀློག་མ་ཤེས་པ་དང་། ཡང་ན་དཔེ་ཆ་ཀློག་པ་ལས་རང་གི་བསམ་བློ་འགུལ་སྐྱོད་བྱས་ནས་དཔྱོད་པ་ལ་ཞུགས་པ་ཉུང་བའི་རྐྱེན་གྱིས་ཡིན་པར་འདོད་ཀྱིན་ཡོད་ལ། གཞུང་ལུགས་གང་ཞིག་སློབ་སྦྱོང་གི་གོ་རིམ་ཁྲོད་དུ་དཔེ་ཆ་གཅིག་ལས་སྤྱི་ཁོག་ཤེས་སུ་མི་འཇུག་པར་དཔེ་མང་ཀློག་པའང་གྲུབ་འབྲས་ལེགས་པོ་ཞིག་མ་ལོན་པའི་གནད་དོན་ཞིག་ཏུ་བསམ་བཞིན་ཡོད། ངས་སྐབས་འདིར་དྲན་ཡོང་བ་ནི་ཁོ་བོའི་དགེ་རྒན་སྐུ་དྲིན་ཅན་གྱི་ལིང་འཇིག་མེད་མཆོག་གིས་ནམ་རྒྱུན་དཔེ་ཆ་མང་བོ་ཀློག་པ་ལས་དཔེ་དེབ་གཅིག་ཚར་མང་བོ་བཀླགས་ནས་སྤྱི་ཁོག་ངེས་ཐུབ་པ་བྱུང་ན་ད་གཟོད་གཅིག་གྲོགས་གཅིག་ཏུ་སོང་ནས་དཔེ་གཞན་གང་ལ་བལྟས་ན་གོ་སླ་ཞིང་ནང་དོན་བདེ་བླག་ཏུ་རྙེད་ཐུབ་པ། ནང་དོན་འགལ་མེད་དུ་རྟོགས་ཐུབ་སོགས་ཀྱི་དགེ་མཚན་ཆེ།ཞེས་གསུངས་བ་དེ་གནད་དུ་སྨོན་པའི་གདམས་པ་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱིན་ཡོད། དེའི་ཕྱིར་ང་ཚོས་དཔེ་ཆ་བཀླག་གྲངས་གསོག་པ་ལ་མ་བལྟོས་པར་གང་བཀླག་པའི་དཔེ་ཆ་དེ་ཚར་གང་མང་བཀླག་ནས་ཞིབ་ལ་ཅུང་ཟབ་མོའི་རྒྱུས་ལོན་བྱེད་དགོས། བྱེད་པའི་ཚེ་ན་ཐོག་མར་རྩོམ་པ་བོ་སུ་ཞིག་གིས་བརྩམས་པ། དུས་ནམ་བརྩམས་པ། ཁ་ཕྱོགས་གཙོ་བོ་གང་ཡིན་པ། དབུ་ནས་ཞབས་ཀྱིས་བསྡུས་པའི་དོན་ཅི་ཡིན་པ། སྒྱུ་རྩལ་གྱི་རང་བཞིན་ཅི་ཞིག་ལྡན་པ། རྩོམ་གྱི་སྒྲིག་སྟངས་དང་། ཁ་ཕྱོགས། སྒྱུ་རྩལ་སོགས་ལ་ཟུར་དུ་མཐའ་དཔྱད་པ་བཅས་ངོས་དྲུག་ནས་བལྟས་ན་མཐུས་ཚང་པོ་ཡོང་ངེས་རེད། མ་ཚད་དཔེ་ཆ་དག་ལ་ཆེད་སྦྱོང་བྱ་བ་དང་གཞན་པ་དག་ཟུར་ལྟའི་དཔེ་ཆ་བྱས་ནས་བཀླགས་ན་སྟབས་བདེ་བ་ཡིན། དེ་འདྲའི་རང་ལ་མཚམ་པའི་དཔེ་ཆ་དེར་གོང་འོག་གི་དཔེ་ཆ་ཀློག་སྟངས་དང་ཁ་མ་བྲལ་བར་བལྟས་ན་དཔེ་ཆ་གང་དེའི་ནང་དོན་ཤེས་སླ་བ་དང་དཔེ་ཀློག་གི་འབྲས་བུ་མྱུར་དུ་སྨིན་པར་ཕན་པ་ཆེན་པོ་ཡོད།  གོང་དུ་བཤད་པའི་རང་ལ་འཚམ་ཞིང་དོན་ལྡན་གྱི་དཔེ་ཆ་དེ་ལག་ཏུ་སོན་སྐབས་ད་གཟོད་དཔེ་ཆ་དེའི་མགོ་མཆོད་བརྗོད་ནས་བཟུང་སྟེ་མཇུག་གཏམ་ལ་མ་ཐུག་གི་བར་ཚུལ་བཞིན་དུ་ཀློག་དགོས་པ་ཡིན། ཚད་ལྡན་ཚུལ་མཐུན་གྱིས་དཔེ་ཀློག་ལ་འཇུག་སྐབས་ཤོག་ལྷེའི་ངོས་ཀྱི་ཡི་གེའི་ཐིག་འཕྲེང་དང་ཚིག་གི་གོང་འོག་སོགས་མི་འཁྲུགས་པར་གཟབ་ནན་བྱས་ནས་མིག་གིས་བལྟ་དགོས་པ་དང་། སྐད་ཀྱི་མཐོ་དམན་ཡུལ་དུས་སོགས་ཀྱི་གནས་བབས་དང་བསྟུན་ཏེ་ངག་ཐོག་ནས་བཀླགས་ན་དཔེ་ཆ་གང་དེའི་དོན་ཡིད་ལ་འཇགས་སླ་ཞིང་མི་བརྗེད་པའི་ཕན་པ་ཡོད། གཞན་ཡང་དཔེར་ན། ནང་བསྟན་གྱི་གཞུང་བཀའ་པོད་ལྔ་སོགས་ལ་སྦྱོང་སྐབས་དེ་དག་གི་རྩ་བ་བློར་བཟུང་ནས་དུས་དང་དུས་སུ་བསྐྱར་ཀློག་བྱ་བ་དང་། ཡང་ན་དེ་དག་གི་ས་བཅད་རྣམས་བློར་འཛིན་པ་དང་། དེ་དག་དང་འབྲེལ་ཡོད་ཀྱི་བསྡོམས་ཚིག་སོགས་བློར་བཟུང་ནས་བསྐྱར་ཀློག་སོགས་བྱས་ན་ཡང་ནང་དོན་དེ་མི་བརྗེད་པར་ཕན་པ་ཡོད། ད་དུང་ཕན་ཚུན་བར་བགྲོ་གླེང་བྱ་བ་དང་། རིགས་ལམ་གྱིས་བརྡར་ཤ་བཅད་པ། ཡང་ནས་ཡང་དུ་རྟོག་དཔྱོད་བྱ་བ་བཅས་ཀྱང་ནང་དོན་རྟོགས་སླ་ཞིང་མི་བརྗེད་པའི་ཐབས་ལམ་ཡག་ཤོས་ཡིན། དེར་ལྟར་དཔེ་ཀློག་གི་སྐབས་མིག་དང་ངག་གཉིས་འགུལ་ནས་ཡང་དག་ཅིག་ཀློག་གིན་ཡོན་ན་ཡང་ཡིད་མ་གཏད་པར་ཀློག་ཚེ་དཔེ་ཀློག་དེ་ཡང་ནེ་ཙོས་མ་ཎི་འདོན་པ་དང་འདྲ་བར་དོན་སྙིང་ཅི་ཡང་མེད་པས་ཡིད་གཏད་རྒྱུ་ནི་གནད་དོན་གལ་ཆེ་ཞིང་དགོས་པ་ཡང་ཧ་ཅང་ཆེ་བ་ཡོད།  དེའི་ཕྱིར་གུང་ཐང་བསྟན་སྒྲོན་གྱིས་ཀྱང་། གཞུང་ཚིག་མང་དུ་བཟུང་སྟེ་བསྐྱར་ན་ཡང་། །དོན་ལ་མི་སེམས་རིམ་གྲོའི་ཆོས་ཀློག་དང་། །ནེ་ཙོའི་འདོན་པ་ལྟ་བུའི་བརྒྱ་ཚར་གྱིས། །བརྗོད་བྱའི་གནད་ལ་སྒྲོ་འདོགས་མི་ཆོད་པས། །དོན་ལ་བརྟགས་དཔྱད་ཞིབ་མོ་གྱིས་ཤིག་ཨང་། །ཞེས་གསུངས་པ་ཡིན། དེ་ལྟར་ཡིད་ཀྱི་ཐོག་ནས་དཔེ་ཀློག་སྐབས་ཤེས་པ་ཡུལ་ལ་གཏོད་དགོས་པ་ཙམ་མིན་པར། གུང་ཐང་བས་གསུངས་པ་བཞིན། བརྗོད་བྱའི་དོན་ལ་དྲང་པོའི་བློ་ཡིས་ཡང་དང་ཡང་དུ་བརྟགས་དཔྱད་ཞིབ་མོ་བྱེད་དགོས་པའི་དོན་ཡིན། དེ་ལྟར་ཚད་ལྡན་གྱི་དཔེ་ཆ་མང་པོ་ཞིག་གོང་གི་ཚུལ་བཞིན་དུ་བཀླགས་ན་ཡང་མི་བརྗེད་པའི་གཟུངས་ལྟ་བུ་ཞིག་ཐོབ་ཡོད་ན་མ་གཏོགས་ལོ་གཅིག་ཙམ་གྱི་རྗེས་ནས་ཀྱང་ནང་དོན་ཕལ་ཆེ་བ་བརྗེད་པར་འགྱུར་འགྲོ་བ་དང་དེ་མིན་ཡང་ནང་དོན་དག་རབ་རིབ་ཅན་དུ་འགྱུར་བ་དང་། དཔེ་ཀློག་གི་འབྲས་བུ་གཡུར་དུ་ཟ་བ་དེ་རྙེད་པར་དཀའ་བས་རང་རང་གིས་ཡུན་རིང་ལ་དཔེ་ཀློག་བྱས་པའི་ངལ་བ་ཡང་ཕལ་ཆེར་དོན་མེད་དུ་འགྱུར་སྲིད། དེའི་ཕྱིར་དཔེ་ཀློག་གི་སྐབས་ཟིན་ཐོ་འགོད་རྒྱུ་དེ་ཡང་གཏན་ནས་གལ་ཆུང་དུ་མི་བརྩི་བར། ཁྱོད་ཀྱིས་བཀླག་བྱའི་དཔེ་ཆ་ཕུལ་དུ་བྱུང་བ་མང་དག་ཅིག་ནི་དཔེ་ཀློག་ཟིན་ཐོ་གསོག་འཇོག་བྱས་པ་ལས་བྱུང་བ་ཡིན། རྒྱའི་ཁ་དཔེ་ལ། ཡིད་འཛིན་བཟང་པོ་ལས་སྨྱུ་གུ་ཆག་པོ་བཟང་ཟེར་བ་ཡང་དེའི་དོན་ཡིན་པས་ང་ཚོས་ལག་ཐོག་ནས་ཟིན་བྲིས འདེབས་པ་དང་། ལག་ལེན་དང་སྦྲེལ་ནས་སམ་ལག་ལེན་དང་དཔེ་ཀློག་གཉིས་ཕན་ཚུན་བསྲེས་ནས་དཔེ་ཀློག་བྱེད་པ་དང་དཔེ་ཆ་གང་ཞིག་གི་བསྟན་དོན་ལ་ཐོས་བསམ་མཐར་ཕྱིན་པ་བྱས་ནས་ད་གཟོད་དེའི་ནང་དོན་བཞིན་ལག་ལེན་ལ་བསྟར་ནས་སྦྱང་བ་བྱེད་དགོས་པ་ཡིན། དེ་ལྟར་བྱས་ན་ད་གཟོད་དཔེ་ཀློག་གི་འབྲས་བུ་དངོས་དེ་འབྱིན་པར་ཐག་མི་རིང་བ་ཞིག་ལ་སླེབས་ཐུབ། ད་དུང་ཡང་དཔེ་ཀློག་གི་སྐབས་ངེས་པར་དུ་མཉམ་འཇོག་བྱེད་དགོས་པ་ནི་འོད་དང་ཚ་དུབ་ཆེ་ས་ནས་ཡུན་རིང་ལ་དཔེ་ཀློག་བྱེད་མི་འོས་ཤིང་ལུས་ཀྱི་སྒལ་ཚིགས་སོགས་ཀྱང་དྲང་པོ་བྱས་ནས་བཀླག་དགོས། ལྷག་ཏུ་ཨུ་ཚུགས་ཀྱིས་ཉིན་མཚན་བར་དུ་དཔེ་ཀློག་བྱེད་པ་དང་ནང་ཇ་སོགས་ཟས་བཟའ་བའི་དུས་ལས་ཕྱིར་འགྱང་བྱེད་པ་དང་ཡང་ན་ཟས་མི་བཟའ་བར་ཡུན་རིང་ལ་དཔེ་ཀློག་བྱེད་པ་སོགས་ནི་ཚུལ་དང་མཐུན་པའི་དཔེ་ཀློག་བྱེད་སྟངས་མ་ཡིན་པས། སྐབས་སྐབས་སུ་ཀླད་པའི་ཁམས་སོགས་ངལ་གསོ་བྱས་ནས་རང་གི་ལུས་ཕུང་གིས་ལྕོགས་ཚོད་ཀྱིས་དཔེ་ཀློག་བྱེད་དགོས། འདི་ནི་དཔེ་ཀློག་གི་དུས་སུ་རིག་པ་གསལ་བ་དང་བདེ་ཐང་གི་ཆེད་ཡིན། མི་སུ་ཡིན་ཡང་ལུས་སེམས་ཀྱི་བདེ་ཐང་གི་ཆེད་དུ་གསོན་པ་ཡིན་ཞིང་བྱ་བ་གང་ཡིན་རུང་བདེ་ཐང་མེད་ན་འགྲུབ་པར་མི་ནུས་པས་བདེ་ཐང་ནི་ཤུན་ཏུ་གལ་ཆེ་བ་སྟེ། སློབ་དཔོན་འཕགས་པ་ལྷས་དབུ་མ་བཞི་བརྒྱ་བར། ལུས་ནི་དགྲ་ལྟར་མཐོང་མོད་ཀྱང་། །དེ་ལྟ་ན་ཡང་དེ་བསྲུང་བྱ། །ཞེས་གསུངས་ཡོད་ལ། ཡ་ཧུ་དཱ་པའི་ལེགས་བཤད་ཅིག་ཏུ་ཡང་། སྒྲུབ་པའི་བྱ་གཞག་ཇི་ལྟར་རྒྱ་ཆེ་ཞིང་། །ལས་ཀའི་བྲེལ་འཚུབ་ཇི་ཙམ་མང་ན་ཡང་། །ཕུང་པོའི་བདེ་ཐང་གཙིགས་སུ་ལེགས་བཟུང་སྟེ། །གཏན་དུ་བདེ་བས་འཚོ་ལ་ཡི་རངས་བྱ། །ཞེས་གསུངས་ཡོད་པ་ནང་བཞིན། ང་ཚོ་སུ་ཞིག་ཡིན་ཡང་བདེ་ཐང་ནི་འདོད་བྱ་གལ་ཆེན་ཞིག་ཡིན་ལ། ལྷག་པར་ངེས་པ་དོན་གྱི་དཔེ་ཆ་བ་ཞིག་ལ་མཚོན་ན་དཔེ་ཀློག་ནི་ཚེ་གང་གི་བྱ་བ་ཡིན་པས་བདེ་ཐང་ནི་རང་གི་ཚེ་མཇུག་དཔེ་ཀློག་སོགས་སློབ་སྦྱོང་གིས་སྐྱེལ་ཐུབ་པའི་ཆེད་དུ་ཡིན། དེའི་ཕྱིར། དབང་པོ་ཐམས་ཅད་ཀྱི་མཆོག་ཏུ་གྱུར་བ་མིག་གི་བདེ་ཐང་ལ་བསམས་ཏེ་ཉི་འོད་ཀྱི་ནང་དང་ཁ་པར་སོགས་ཀྱི་འོད་ལམ་ནས་དཔེ་ཆ་ཀློག་པ་ཉུང་ཉུང་བྱས་ན་བཟང་ཞིང་། གཉིད་དང་ཟས་སོགས་བཅགས་ནས་ཡུན་རིང་ལ་དཔེ་ཀློག་བྱས་ན་ལུས་སེམས་ངལ་དུབ་ཀྱིས་མནར་ནས་ནད་རིགས་མང་པོ་ཞིག་འགོ་སླ་བས་རང་གི་ལུས་ཕུང་དང་དུས་ཀྱི་འོས་བབས་དང་བསྟུན་ཏེ་དཔེ་ཀློག་བྱེད་དགོས་པ་སོགས་ཚན་རིག་མཁན་པོ་དག་གིས་གསུང་བཞིན་ཡོད་དོ།། 

མཇུག་གཏམ།

ཁྱོད་ཀྱིས་ཁོ་བོའི་རྩོམ་ཡིག་འདི་ཀློག་རྗེས་དཔེ་ཀློག་ལ་སྤྲོ་བ་སྐྱེས་ཡོད་མེད་དང་། ཀློག་ཚུལ་ཡང་དག་ཅིག་ངེས་ཡོད་མེད་མི་ཤེས་མོད། འོན་ཀྱང་། ཁྱོད་ཀྱིས་ཤེས་དགོས་པ་ཞིག་ལ་མི་ཞིག་གིས་དཔེ་ཆ་ཀློག་པ་ཇི་ཙམ་མང་ན་དེ་ཙམ་གྱིས་མིག་རྒྱང་ཡངས་ངེས་ལ། ཤེས་བྱ་དང་ཆ་འཕྲིན་ཡང་དེ་ལས་ཀྱང་མང་པོ་ཞིག་ཐོབ་ཐུབ་པར་མ་ཟད་ཁོག་རྒྱ་ཇེ་ཡངས་སུ་གཏོང་ཞིང་། དེ་ལ་བདེ་སྐྱིད་ཀྱི་བསམ་པ་དང་བདེ་འཇགས་ཀྱི་བསམ་པ་དམིགས་བསལ་བ་ཞིག་ཡང་བསྐྲུན་ཡོང་། ཡིན་ཡང་མིའི་གཤིས་ཀ་དང་། འཆར་སྒོ་འདྲ་མིན་གྱི་དབང་གིས་གོང་དུ་བཤད་པའི་དཔེ་ཀློག་སྐོར་གྱི་སྐད་ཆ་དེ་ཚོ་ངོས་ལེན་བྱེད་མི་ཐུབ་པའང་འབྱུང་མི་སྲིད་པ་མིན་མོད། འོན་ཀྱང་སྤྱིའི་ཆ་ནས་བལྟས་ན་ཅུང་གཏན་ཚིགས་ཅན་གྱི་སྐད་ཆ་ཞིག་ཡིན་པར་ཡིད་ཆེས་བྱེད་ཀྱིན་ཡོད། རྒྱུ་མཚན་རང་ཉིད་ནི་སློབ་གཉེར་གྱི་ལས་ལ་ཞུགས་ནས་ལོ་མང་བོ་སོང་མེད་ཀྱང་། དཔེ་ཀློག་ལ་དགའ་མོས་བྱེད་མཁན་ཞིག་དང་། འདི་ཕྱོགས་ལ་ཐེར་གཏོགས་དང་ཟབ་ཞུགས་གང་འཚམས་རེ་བྱེད་ཀྱིན་ཡོད་པས་རང་ཉིད་ལ་ཐོབ་པའི་ཉམས་མྱོང་དང་མཐོང་ཐོས་སོགས་དབུལ་བོ་དབུལ་རྐྱང་ཞིག་མིན་ལ། ལྷག་པར་ངེས་པ་དོན་གྱི་སྐྱེས་ཆེན་གང་མང་གི་དཔེ་ཀློག་ལ་གདམས་པའི་ལེགས་བཤད་སྣ་མང་གིས་ཟུར་རྒྱན་ནས་བྲིས་ཡོད་ཕྱིན་ཀློག་པ་བོ་ཚོར་མ་ཕན་ན་ཡང་གནོད་པ་མེད་པའི་ཡིད་ཆེས་བརྟན་པོ་ཡོད། གལ་སྲིད་ཁྱེད་རང་ངོས་ཀྱི་ལྟ་ཚུལ་ལ་སོམ་ཉིའི་དོགས་འདྲི་ཡོད་ཚེ་སེམས་པ་རྣམ་དག་གིས་བགྲོ་གླེང་བྱ་རྒྱུར་ངང་སྒུག་བྱེད་འདང་ཡོད་ལ། དཔེ་ཀློག་སྐོར་གྱི་བསམ་ཚུལ་བརྗེ་རེ་བྱེད་པར་དགའ་བསུ་ཡང་ཚད་མེད་ཞུ་རྒྱུ་ཡིན།

སླར་སྨྲས་པ།

ཟབ་མོའི་གཏེར་མཛོད་ལེགས་བཤད་རྒྱ་མཚོ་ལ།།

ཅོལ་ཆུང་བྱིས་པའི་བློ་ཡིས་དཔྱད་ཁུལ་བྱས།། 

མ་རྟོགས་འཁྲུལ་བའི་དབང་གིས་གང་བསྙད་པ།།

དུས་གསུམ་རྒྱལ་བའི་དྲུང་དུ་འཐོལ་ཞིང་བཤགས།།

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།