ཀྲུང་གོ་བོད་ཀྱི་དྲ་བ།

བོད་ཀྱི་དམངས་ཁྲོད་སློབ་གསོ་དང་དེའི་ཕན་ནུས་སྐོར་ཅུང་ཟད་གླེང་བ།

  རྩོམ་པ་པོ། : ནོར་བུ་བཀྲ་ཤིས་ཀྱིས།   སྤེལ་དུས། : 2017-04-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཁོར་ཡུག་དང་ས་ཁོངས་གང་དུ་འཚོ་བའི་མི་རིགས་སུ་དང་སུ་ལ་ཡང་། གནའ་ནས་ད་བར་མེས་པོའི་ཤེས་རབ་དང་བློ་གྲོས་ལ་བརྟེན་ནས། འཇིག་རྟེན་བྱ་དངོས་ཕྲ་རགས་ཡོད་ཚད་དང་སྤྱི་ཚོགས་ཀྱི་སྣང་ཚུལ་སྣ་ཚོགས་ལ་འཛིན་པའི་འཇིག་རྟེན་ལྟ་བ་དང་རིན་ཐང་ལྟ་བ་རེ་གྲུབ་ཡོད་གཤིས། བོད་མི་རིགས་ཀྱི་འཚོ་བའི་འདུ་ཤེས་སམ་ཡུལ་གོམས་གཤིས་ལུགས་མང་པོས། གནས་འདིར་འཚོ་ཞིང་གནས་པའི་མི་རྣམས་ལ་ལེགས་ཉེས་བླང་དོར་གྱི་གནས་ལུགས་ཟབ་ཟབ་པོ་ཞིག་དང་། ཡ་རབས་དྲང་བདེན་གྱི་བསམ་སྤྱོད་ལེགས་ལེགས་པོ་ཞིག་གསོ་སྐྱོང་བྱས་ཡོད། མི་ཞིག་དགོས་ན་ཆུང་ནས་བྱུང་དང་། རྟ་ཞིག་དགོས་ན་རྟེའུ་ནས་གསོ་དགོས་པའི་གནས་ལུགས་བཞིན། མི་རིགས་འདི་དང་རྒྱལ་ཁབ་ཀྱི་རེ་བ་བཅོལ་ཡུལ་དང་མ་འོངས་ཀྱི་བདག་པོའི་མཚན་ཅན་གྱི་བྱིས་པ་རྣམས་ཤེས་ཡོན་གཉིས་ལྡན་གྱི་འཇོན་ནུས་ལྡན་པའི་མི་སྣ་ཞིག་གསོ་བ་ལ་སློབ་གསོ་དང་ཁ་བྲལ་དུ་མེད་གཤིས། སློབ་གསོ་ལའང་ཁྱིམ་ཚང་གི་སློབ་གསོ་དང་སློབ་གྲྭའི་སློབ་གསོ་ཞེས་རིགས་ཆེན་པོ་གཉིས་སུ་བཀར་བ་ལས། སྐབས་སུ་བབ་པའི་གླེང་གཞིར་གྱུར་པ་ནི་ཁྱིམ་ཚང་སློབ་གསོའི་ཕྱོགས་སུ་གཏོགས་པའི་དམངས་ཁྲོད་ཀྱི་སློབ་གསོའི་ཕན་ནུས་ཀྱི་སྐོར་ཡིན།

  དང་པོ། བོད་ཀྱི་དམངས་ཁྲོད་སློབ་གསོ་སྤྱིར་ངོས་བཟུང་བ། 

  སྤྱིར་དམངས་ཁྲོད་ཀྱི་སློབ་གསོ་ཞེས་པ་ནི། གཞུང་ལུགས་ཀྱི་རང་བཞིན་དང་སློབ་ཁྲིད་ཀྱི་རྣམ་པ་སོགས་མ་ལག་འཐུས་ཚང་གི་སློབ་གྲྭའི་སློབ་གསོ་དང་མི་འདྲ་སྟེ། དེ་ནི་མི་རིགས་གང་གིས་གདོད་མའི་དུས་ནས་རང་བྱུང་ཁམས་དང་མཐུན་སྒྲིག་བྱེད་པའི་བརྒྱུད་རིམ་དུ་འཚོ་བའི་མྱོང་རྟོགས་ལས་འཁྲུངས་ཤིང་། ཡུལ་གོམས་གཤིས་ལུགས་དང་གཞི་གཅིག་ཏུ་འབྲེལ་བའི་རྒྱ་ཁྱབ་ཀྱི་རང་བཞིན་དང་སློབ་གསོའི་རང་བཞིན། དེ་བཞིན། ཡུལ་སྲོལ་གྱི་རང་བཞིན་སོགས་ཨ་མེས་ཡང་མེས་ནས་བརྒྱུད་ཡོང་བའི་མི་རྣམས་ཀྱི་ནང་བསམ་པའི་ཀུན་སློང་བཟང་ངན་དང་ཕྱིའི་ལུས་ངག་གི་སྦྱོར་བ་འཇམ་རྩུབ་ལ་མཛུབ་ཁྲིད་བྱེད་ནུས་པའི་སློབ་གསོ་ཞིག་རེད་སྙམ། དེས་ན། གླེང་གཞིར་གྱུར་པའི་བོད་ཀྱི་དམངས་ཁྲོད་སློབ་གསོ་ཡང་ངོ་བོ་དེ་ཉིད་ལས་མ་འདས་ཏེ། འུ་ཅག་གི་མེས་པོ་ཚོས་གདོད་མའི་དུས་ནས་གངས་རིས་བསྐོར་ཅིང་སྤང་ལྗོངས་དང་མཚོ་མཚེའུས་ཕྲ་བཏབ་པ་ལྟ་བུའི་ཐུན་མིན་གྱི་འཚོ་བའི་ཁོར་ཡུག་འདི་ནས། མི་ཚེའི་རིན་ཐང་དང་འཚོ་བའི་རིན་ཐང་སོགས་རིན་ཐང་ལྟ་བ་མང་པོ་འཚོལ་སྙེག་བྱེད་པའི་དུས་རིམ་ཁྲོད། ཡུལ་གོམས་གཤིས་ལུགས་ལས་ཐོན་ཞིང་ཤ་རུས་སུ་འཐིམས་ཟིན་པའི་འཚོ་བའི་འདུ་ཤེས་འཛིན་སྟངས་ལས་བྱུང་བའི་ལེགས་ཉེས་བླང་དོར་གྱི་གནས་ལུགས་ཤིག་སྟེ། མི་ནི་ཇི་ལྟར་བྱས་ན་བཟང་ཞིང་ཀུན་ལ་ཕན་པ་དང་། ཇི་ལྟར་བྱས་ན་ངན་ཞིང་ཀུན་ལ་འཚེ་བའི་གནས་ལུགས་ལ་ངོས་འཛིན་ཕྱོགས་སྡོམ་གྱིས། བཟང་སྤེལ་ངན་འགོག་གྱི་བྱ་ཐབས་ཤིག་མི་རིགས་འདི་པའི་འཚོ་བའི་མདོ་སྦུག་ཀུན་ཏུ་སྤེལ་ཞིང་ཁྱབ་ཏུ་བཅུག་ཡོད་པ་དེ་ནི་བོད་ཀྱི་དམངས་ཁྲོད་ཀྱི་སློབ་གསོར་ངོས་བཟུང་ན་ཕལ་ཆེར་འགལ་བ་ཆེར་མེད་སྙམ།

  གཉིས་པ། བོད་ཀྱི་དམངས་ཁྲོད་སློབ་གསོའི་ཕན་ནུས་བསྟན་པ། 

  བོད་ཀྱི་དམངས་ཁྲོད་ཀྱི་རིག་གནས་སམ་ཡུལ་གོམས་གཤིས་ལུགས་ཀྱི་ཁྲོད་དུ་དངོས་ཤུགས་ཅི་རིགས་ནས། བོད་མིའི་བསམ་སྤྱོད་ཀྱི་སྦྱོར་བར་མཛུབ་སྟོན་དང་སློབ་གསོའི་ནུས་པ་གལ་ཆེན་ཐོན་ཐུབ་པའི་རིག་གནས་ཀྱི་སྣང་ཚུལ་མང་པོ་ཡོད་གཤིས། དེར་ཡང་བརྗོད་བྱ་དོན་གྱི་མཚོན་ཐབས་མི་འདྲ་བའི་དབང་གིས་རིས་སུ་ཕྱེས་ཤིང་དཔེ་མཚོན་དང་བཅས་ཏེ་བོད་ཀྱི་དམངས་ཁྲོད་སློབ་གསོའི་ཕན་ནུས་སྐོར་རིམ་པར་གླེང་བ་གཤམ་གསལ།

  གཅིག ཡ་རབས་གུས་ལུགས་སྐོར་གྱི་དམངས་ཁྲོད་སློབ་གསོ།

  ཡ་རབས་ཕྱག་དང་ཞེ་ས་མཁས། མ་རབས་སྙིང་དང་གྲོད་པ་ཆེ་ཞེས་པ་ལྟར། སྤྱི་ཚོགས་ཀྱི་འབྲེལ་བའི་ནང་དུ་རྒན་སྐྲ་དཀར་གྱི་བགྲེས་སོང་ནས་གཞོན་སོ་དཀར་གྱི་བྱིས་པའི་བར་ཕན་ཚུན་རྒན་བཀུར་གཞོན་གཅེས་དང་། ཡ་རབས་དྲང་བདེན་གྱི་གོམས་སྲོལ་བཟང་པོ་ཞིག་ཆགས་རྒྱུ་གནད་ཀྱི་དམ་པར་མཐོང་བས། བོད་མིའི་འཚོ་བའི་ནང་དུ་ལྷ་སྒྲུང་ངམ་གཏམ་རྒྱུད་ཀྱི་ངོ་བོར་གྲུབ་པའི་ཤོད་སྲོལ་མང་པོས། མི་རྣམས་ལ་མ་རབས་སྤྱོད་ངན་བཀག་འགོག་དང་ཡ་རབས་གུས་ཞབས་ཀྱི་སྤྱོད་བཟང་རང་རྒྱུད་དུ་སྐྱེད་སྲིང་བྱེད་ཀྱིན་ཡོད་དེ། དཔེར་ན། རང་ལ་དྲིན་བླ་ལྷག་ཏུ་ཆེ་ཞིང་གོང་དུ་བཀུར་འོས་པའི་ཕ་མ་དང་དགེ་བའི་བཤེས་གཉེན་སོགས་ལ། ནང་བསམ་པ་མ་རངས་པའི་དབང་གིས། ཕྱིའི་ལུས་ངག་གི་སྦྱོར་བའི་སྟེང་དུ་གཞན་ལ་སྡང་མིག་བགྲད་ཅིང་། ངག་ནས་ཚིག་རྩུབ་སྨྲས་ཚེ། མི་རྟག་སྲོག་གི་དབུགས་རྒྱུན་འགག་པའི་ཚེ་ལྔ་པའི་བདག་པོས་རང་གི་མིག་རིལ་འདོན་པ་དང་། སྨྲ་ལྕེར་ཐོང་གཤོལ་གྱིས་རྨོས་རྨོ་བའི་ཤོད་རྒྱུན་ཡོད། དེས་ན་ཉན་ན་སེམས་པའི་གཏིང་རིམ་ནས་འཇིགས་ཤིང་སྐྲག་ལ། བསམས་ན་ངོ་མཚར་གྱི་ལྷ་སྒྲུང་ལྟ་བུའི་ཤོད་རྒྱུན་མང་པོས་བྱིས་པའི་སེམས་ཁམས་ཀྱི་ངོས་སུ་ལུས་ངག་གི་བྱ་སྤྱོད་ལ་ཚོད་འཛིན་བྱེད་དགོས་པའི་ཐིག་རིས་ཤིག་འཐེན་པས། འཚར་ལོངས་ཡོང་གིན་པའི་བྱིས་པ་ཚོར་ཡ་རབས་གུས་ལུགས་ཀྱི་གོམས་སྲོལ་བཟང་པོ་ཞིག་ཆགས་རྒྱུར་ཕན་པ་ངེས་ཅན་ཞིག་ཐོན་ཡོད།

  གཉིས། ཁོར་ཡུག་སྲུང་སྐྱོང་སྐོར་གྱི་དམངས་ཁྲོད་སློབ་གསོ།

  དེང་གི་ཆར་ཁོར་ཡུག་སྲུང་སྐྱོང་ནི་དུས་རབས་ཀྱིས་ང་ཚོར་སྤྲད་པའི་ལས་འགན་ཞིག་ཡིན་གཤིས། ཁྲིམས་ཡིག་ལ་བརྟེན་ནས་ཁོར་ཡུག་ལ་སྲུང་སྐྱོང་བྱེད་པ་དང་། དྲིལ་བསྒྲགས་ལ་བརྟེན་ནས་ཁོར་ཡུག་ལ་སྲུང་སྐྱོང་བྱེད་པ་སོགས་རྣམ་པ་མང་དུ་སྣང་ཞིང་། རང་ཅག་ཚོས་སྔར་ནས་ཁོར་ཡུག་སྲུང་སྐྱོང་གལ་ཆེན་པོར་འཛིན་གྱི་ཡོད་དེ། དཔེར་ན། རང་བྱུང་གི་རྩྭ་དང་རྩི་ཤིང་མེར་བསྲེགས་ན་མཚན་མོ་ཉལ་གཅིན་ཤོར་བ་དང་། ཆུ་ལ་བཙོག་གཅིན་བཏང་ཚེ་སྡིག་པ་ཧ་ཅང་ཆེན་པོ་ཡོད་པ་དང་། ཤིང་སྡོང་སོགས་ཁོར་ཡུག་ཡིད་གར་འོངས་པའི་ས་ན་བཙོག་གཅིན་བཏང་ཚེ་རང་གི་ལུས་ཀྱི་ཆ་ཤས་ཀུན་ཏུ་ཐོར་པ་སྐྱེ་བ་དང་། དེ་བཞིན། བལ་སྤུ་དང་འགྱིག་རོ་སོགས་གང་བྱུང་དུ་མེར་བསྲེགས་ན་ཡུལ་ལྷ་ཁྲོས་ཏེ། རང་གཞན་ཀུན་ལ་འཚེ་བ་སོགས་ཤོད་རྒྱུན་དེ་དག་གིས་མི་རྣམས་ལ་ཆུང་བྱིས་པའི་དུས་ན་གཅིག་ནས་རང་ཉིད་མི་སྒེར་གྱི་བྱ་སྤྱོད་ལ་ཡིད་གཟབ་བྱེད་དགོས་ཚུལ་དང་ཡང་སྒོས་རང་སྤྱི་མཐུན་ཁོར་ཡུག་སྲུང་སྐྱོང་ལ་ནུས་པ་ཆེན་པོ་ཐོན་གྱི་ཡོད།

  གསུམ། དུད་འགྲོ་སྲུང་སྐྱོབ་སྐོར་གྱི་དམངས་ཁྲོད་སློབ་གསོ།

  འགྲོ་བ་མིའི་རིགས་དང་རང་བྱུང་ཁམས་ཆེན་པོ་མཐུན་སྒྲིག་བྱེད་པའི་བརྒྱུད་རིམ་གྱི་ཁྲོད་དུ། དུད་འགྲོ་ནི་མིའི་རིགས་ཀྱི་གྲོགས་པོ་བློས་ཐུབ་ཅིག་ཡིན་ཞིང་། རང་ཅག་བོད་ཡུལ་གྱི་ཐུན་མོང་མིན་པའི་ཕྱི་ནང་སྣོད་བཅུད་ཀྱི་ཆགས་ཚུལ་གྱི་དབང་གིས། རི་དྭགས་བྱ་བྱེའུ་སོགས་ཁོར་ཡུག་འདི་གའི་ཁྱད་ཆོས་དང་མཐུན་པའི་དུད་འགྲོ་འདྲ་མིན་སྣ་ཚོགས་ཡོད་པས། དེ་དག་ལ་གནོད་འཚེ་མ་བཏང་བར་མི་དང་རང་བྱུང་ཁམས་མཐུན་ཐབས་བྱེད་དགོས་པས། དམངས་ཁྲོད་དུ་དེའི་ཐད་སློབ་གསོའི་རིན་ཐང་ལྡན་པའི་ཤོད་རྒྱུན་སྐོར་ཞིག་ཡོད་དེ། དཔེར་ན། ཞི་མི་བསད་ན་ཉེས་དམིགས་ཤིན་ཏུ་ནས་ཆེ་བ། ཞི་མིའི་ལུས་ཀྱི་སྤུ་རེར་མཆོད་མེ་ཀོང་གང་སྤར་ཡང་ཉེས་པ་དག་ཐབས་མེད་པ་དང་། བྱ་བྱེའུ་གནས་བཅའ་སའི་བྱེའུ་ཚང་སོགས་བསྔོགས་ཤིང་གཏོར་ན་རང་གི་ཚེ་ལ་གནོད་པ་དང་། ཆུ་ནང་སྦལ་པ་བསད་ན་ཕྱིན་ཆད་རང་གི་ལག་པ་སྒུལ་མི་ཐུབ་པ། དེ་བཞིན་ཉ་བསད་ཅིང་ཉ་ཤ་ལོངས་སུ་སྤྱད་ན་མི་ཤ་ཟས་སུ་སྤྱད་པ་དང་གཅིག་པ་ཡིན་ཚུལ་སོགས་དམངས་ཁྲོད་ཀྱི་ཤོད་རྒྱུན་དེ་དག་ལས། བོད་མིའི་འཚོ་གནས་ཀྱི་ཁོར་ཡུག་ཁྲོད་འབྲེལ་འདྲིས་ཆེས་ཟབ་པའི་དུད་འགྲོའི་རིགས་ལ་སྲུང་སྐྱོབ་བྱེད་དགོས་ཚུལ་མང་དུ་བསྟན་ཡོད་པས། དེ་ཡང་དམངས་ཁྲོད་སློབ་གསོའི་ཕན་ནུས་སུ་བཞག་ན་མི་འགྲིག་པ་མེད་སྙམ།

  མདོར་ན། གོང་དུ་བསྟན་པའི་དམངས་ཁྲོད་ཀྱི་སློབ་གསོའི་ཕན་ནུས་སྐོར་གྱི་དཔེ་མཚོན་དེ་དག་སེམས་རྣལ་དུ་ཕབ་སྟེ་བསམས་ན་རི་ཆུ་དང་རྩྭ་དང་རྩི་ཤིང་ལ་མི་ལས་འདས་པའི་སྟོབས་ཤུགས་ཤིག་གནས་ཡོད་པའི་ངོས་འཛིན་ཞིག་སྟེ། བོད་ཀྱི་དམངས་ཁྲོད་ཀྱི་སློབ་གསོ་ནི་དར་ཡུན་རིང་ཞིང་། དོན་དངོས་ཀྱི་ནུས་པ་ལྡན་པ། མི་རྣམས་ལ་ཡ་རབས་དྲང་བདེན་དང་གུས་བཀུར་སེམས་ཆུང་གི་བསམ་པའི་འདུ་ཤེས་གསོ་སྐྱོང་བྱེད་པར་ནུས་པ་ཆེན་པོ་ཐོན་ཡོད། མི་སྣ་འཚར་ལོངས་ཀྱི་བརྒྱུད་རིམ་ནང་དུ་དམངས་ཁྲོད་སློབ་གསོའི་ལེགས་ཆ་རྒྱུན་འཛིན་དར་སྤེལ་གྱིས་སྤྱོད་ཡོན་གཉིས་ལྡན་གྱི་མི་སྣ་གསོ་སྐྱོང་ལ་ཅིས་ནས་ཀྱང་གལ་ཆེའོ།

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།