ཞིང་ཆེན་ཡོངས་ཀྱི་མཐོ་རྒྱུགས་ཁྲོད་མི་རིགས་སློབ་མས་མི་རིགས་སློབ་གྲྭར་རྒྱུགས་སྤྲད་པའི(བོད་ཡིག)རྩིས་ཚན་སྐོར་གྱི་རྒྱུགས་འབྲས་ཨང་དང་པོ་ལེན་མཁན་རྡོ་རྗེ་སྐྱིད་ཀྱི་གནས་ཚུལ།

༧༧.jpg

       སློབ་གྲོགས་རྡོ་རྗེ་སྐྱིད་བཟའ་མི་གང་བོའི་མཉམ་པར།

(གསར་འགོད་པ། ཁྲི་སེམས་དཔའ།) རྡོ་རྗེ་སྐྱིད་ནི་མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་དང་པོ་ནས་མཐར་ཕྱིན་ཞིང་།   མོའི་ཕ་ཡུལ་ནི་མཚོ་ལྷོ་ཁུལ་ཀོས་ནན་རྫོང་གི་རེད། ཐེངས་འདིའི་མཐོ་རྒྱུགས་ཁྲོད་སྡོམ་སྐར535བླངས་པས་མོ་ནི་ཞིང་ཆེན་ཡོངས་ཀྱི་མཐོ་རྒྱུགས་ཁྲོད་མི་རིགས་སློབ་མས་མི་རིགས་སློབ་གྲྭར་རྒྱུགས་སྤྲད་པའི(བོད་ཡིག)རྩིས་ཚན་སྐོར་གྱི་རྒྱུགས་འབྲས་ཨང་དང་པོ་ལེན་མཁན་དུ་གྱུར།

དགེ་རྒན་གྱི་མིག་ནང་གི་རྡོ་རྗེ་སྐྱིད། 

དགེ་རྒན་ཨོ་རྒྱན་སྐྱབས་ནི་སློབ་་གྲོགས་རྡོ་རྗེ་སྐྱིད་ཀྱི་མཐོ་འབྲིང་སྐབས་ཀྱི་འཛིན་བདག་རེད།   དགེ་རྒན་ཨོ་རྒྱན་སྐྱབས་ཀྱིས་སློབ་གྲོགས་རྡོ་རྗེ་སྐྱིད་ཀྱི་གནས་ཚུལ་འདི་ལྟར་གླེང་བྱུང་། 

རྒྱལ་ཁ་ནི་ནམ་ཡང་གྲ་སྒྲིག་ཅན་ལ་དབང་ངེས་ཞེས་པ་ལྟར། རྣམ་ཀུན་བསླབ་བྱ་ཀུན་ལ་ཕྱོགས་རིས་མེད་པར་སྤྲོ་བས་འཇུག་པའི་སློབ་མ་རྡོ་རྗེ་སྐྱིད་ལ་མཚོན་ན། ཐེངས་འདིར་ཞིང་ཆེན་ཡོངས་ཀྱི་རྩིས་ཚན་རྒྱུགས་སྤྲོད་སློབ་མའི་ཁྲོད་ཨང་དང་པོ་བླངས་པ་ནི་དགའ་འོས་པའི་གནས་སུ་འདུག་ཅིང་། འདི་ལྟ་བུའི་རིན་ཆེན་གསེར་ལས་ལྷག་པའི་ཕུལ་བྱུང་གི་གྲུབ་འབྲས་ནི་རྒྱུ་མེད་རྐྱེན་མེད་ཀྱི་རང་བྱུང་ལྷུན་གྱིས་གྲུབ་པ་ནི་མ་ཡིན་ཏེ།མོའི་དེ་རིང་གི་དགའ་སྤྲོ་དང་གཟི་བརྗིད་མཐའ་དག་ཁ་སང་གི་དཀའ་སྡུག་དང་རྔུལ་ཆུ་ཁོ་ནས་གྲུབ་པ་ལགས་ཤིང་།   སློབ་མ་ཞིག་ལ་མཚོན་ན་སློབ་སྦྱོང་ལས་གལ་ཆེ་བ་ཞིག་མེད་ལ།   སློབ་སྦྱོང་ནི་དཀའ་སྤྱད་སྡུག་རུས་ཀྱི་ངོ་བོར་གྲུབ་པས་སློབ་མ་རྡོ་རྗེ་སྐྱིད་ལ་མཚོན་ན་མཐོ་འབྲིང་གི་ལོ་ངོ་གསུམ་གྱི་རིང་ལ་སློབ་སྦྱོང་གི་སྐབས་སུ་འབད་པ་ཧུར་ཐག་གིས་བརྩོན་པ་མཐའ་འཁྱོངས་པར་བྱས་པས་དགེ་སློབ་ཀུན་ལ་བག་ཆགས་ཟབ་མོ་ཞིག་བཞག་ཡོད་ཅིང་། སློབ་སྦྱོང་དེའང་གཞན་གང་དང་སུ་ཞིག་རྒྱུ་རྐྱེན་དུ་མ་བྱས་པར་རང་རྟོག་གིས་སློབ་སྦྱོང་བྱ་རྒྱུ་ནི་ཧ་ཅང་གལ་ཆེ།  དེ་བས་སློབ་མ་རྡོ་རྗེ་སྐྱིད་ཀྱི་སློབ་སྦྱོང་བྱེད་སྟངས་ལས་རང་ལ་བག་ཆགས་ཆེས་ཟབ་ས་དེའང་ཁོ་མོའི་རང་རྟོག་གི་སློབ་སྦྱོང་བྱེད་སྟངས་དེ་རེད།   སློབ་ཁྲིད་སྔོན་སྦྱོང་དང་བསྐྱར་སྦྱོང་། བློར་འཛིན་སོགས་བྱ་བ་གང་ལའང་དགེ་རྒན་གྱིས་བཀོད་སྒྲིག་བྱེད་མི་དགོས་པར་རང་རྟོག་གིས་འཇུག་པས། སློབ་སྦྱོང་གི་བརྩོན་པ་དང་རང་རྟོག་གི་སྤྱོད་སྟངས་དེ་ནི་ཀུན་ལ་མཁོ་བའི་རིན་ཆེན་ནོར་ལས་ལྷག་པར་འདོད།  འོན་ཀྱང་།  སློབ་མ་རྡོ་རྗེ་སྐྱིད་ལ་མཚོན་ན་སྐར་གྲངས་ཀྱི་ཆེད་དུ་སློབ་སྦྱོང་བྱེད་པ་ཞིག་མིན་ལ།  སློབ་སྦྱོང་ཁོ་ན་མ་གཏོགས་གཞན་གང་ལའང་སྤྲོ་བ་མེད་ཅིང་འཇུག་མི་མཁས་པ་ནི་དེ་བས་ཀྱང་མིན་ནོ། ། མོས་སློབ་སྦྱོང་དེ་ཁུར་པོ་ཞིག་དང་འགན་ཁུར་ཞིག་ཏུ་སེམས་ཀྱིན་མེད་པར་དེ་ལ་འཇུག་འདོད་ཀྱི་སྤྲོ་བས་བརྟས་ཡོད་པས། མོའི་སློབ་སྦྱོང་གི་འཚོ་བ་དེའང་སྤྲོ་བའི་ངོ་བོར་གྲུབ་འདུག     གླུ་དབྱངས་ནི་མོའི་དགའ་ཕྱོགས་གཙོ་བོ་ཞིག་ཡིན་ཞིང་དེ་ནི་མོའི་སློབ་སྦྱོང་གི་སེམས་ངལ་གསོ་བའི་གདངས་དབྱངས་དེ་ཡིན་ལ།   ང་ཚོའི་སྙན་དབང་གསོ་བའི་བདུད་རྩི་ལྟ་བུའང་ཅི་ལ་མིན།  མོའི་དགེ་རྒན་དུ་གྱུར་པའི་ང་ལ་མཚོན་ན་མོའི་ཐེངས་འདིའི་ཕུལ་བྱུང་གི་གྲུབ་འབྲས་ལས་ཀྱང་ཡིད་ལ་དགའ་བ་སྟེར་བྱེད་ཅིག་མཆིས་པ་ནི་མོའི་འགྲོ་འདུག་སྤྱོད་གསུམ་ལས་མངོན་པའི་ལྷད་མེད་ཀྱི་གཤིས་ཀ་སྟེ། གོང་དགེ་རྒན་ལ་བཀུར་གཟོ་ཆེ་ཞིང་བར་སློབ་གྲོགས་ལ་འདང་རྩིས་ཆེ། གཞུང་རྒྱུད་དྲང་ཞིང་གཤིས་རྒྱུད་འཇམ་པས།  ངས་ནམ་ཡང་མོའི་གཞུང་དྲང་གཤིས་འཇམ་གྱི་ཀུན་སྤྱོད་བཟང་པོ་དེ་ལ་བསྔགས་པ་གཏོར་གྱིན་ཡོད་ཅིང་།   དེ་ནི་མོའི་ད་ཡོད་ཀྱི་རྒྱལ་ཁའི་འབྲས་བཟང་ལས་ཀྱང་ལྷག་པའི་རིན་བྲལ་གྱི་ནོར་བུ་ཞིག་ཏུ་སེམས་ཀྱི་ཡོད།  དེ་ནི་ད་གཟོད་རྡོ་རྗེ་སྐྱིད་ཀྱིས་སྦྱངས་སྦྱངས་པའི་མཐར་ཐུག་གི་དམིགས་ཡུལ་ཡིན་ལ་མི་ཚེ་འདིའི་གཟི་བརྗིད་དུའང་རློམ་ཆོག་པར་འདོད།

 ཕ་མའི་མིག་ནང་གི་རྡོ་རྗེ་སྐྱིད། 

རྡོ་རྗེ་སྐྱིད་ཀྱི་ཨ་ཕའི་མིང་ལ་དཔའ་ལས་ཟེར་ཞིང་། ཁོས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས“ བོད་ཀྱི་གཏམ་དཔེ་ལ་ལོ་ཏོག་གཞན་གྱི་ལོ་ཏོག་ཡག  བྱིས་པ་རང་གི་བྱིས་པ་བཟང་ཟེར་བ་ལྟར། ངའི་བུ་མོ་རྡོ་རྗེ་སྐྱིད་ལ་མཚོན་ན་སློབ་ལོ་མ་རན་པའི་སྔོན་ནས་སློབ་གྲྭར་བཅུག་པ་ཡིན།    ང་རང་སྐབས་ཐོག་དེར་སློབ་གྲྭ་དེའི་དགེ་རྒན་ཡིན།  དུས་ཐོག་དེར་དེང་སང་ནང་བཞིན་གཞི་རིམ་དུ་བྱིས་སྙོར་ཁང་མེད།  བུ་མོ་སློབ་གྲྭར་འགྲོ་བའི་མགོ་དེ་ལྟར་བརྩམས་པ་ཡིན།  དགེ་རྒན་ཚང་མས་ངའི་བུ་མོ་འདི་སློབ་སྦྱོང་གི་རྗེས་ཆོད་པར་བཤད་པས།  བུ་མོར་མུ་མཐུད་དུ་སློབ་སྦྱོང་བྱེད་དུ་བཅུག་པ་ཡིན།  རྡོ་རྗེ་སྐྱིད་ལ་མཚོན་ན་ཆུང་དུས་ནས་བྱ་བ་དང་སློབ་སྦྱོང་གང་ཅིའི་ཐད་ནས་ནན་ཏན་ཅན་ཞིག་ཡིན།  དཔེར་ན།  སློབ་གྲྭ་རུ་ཁྱིམ་སྦྱོང་ལས་བྱ་རེ་བཞག་ཚེ་རང་འགུལ་གྱིས་འབྲི་བ་ལས་གསལ་འདེབས་བྱ་མི་དགོས། གལ་ཏེ་མོས་མི་ཤེས་པ་འདྲ་ཡོད་ན་ང་ཡང་དགེ་རྒན་ཡིན་པས་ང་ལ་འདྲི་བ་རེད། དེ་ལྟར་ལོ་གསུམ་རྫོགས་རྗེས་ཐར་ཤུལ་དཀྱིལ་སྙིང་སློབ་གྲྭ་ནས་ལོ་རིམ་ལྔ་པའི་བར་དུ་སློབ་སྦྱོང་བྱས།    དེ་ནས་ལོ་རིམ་དྲུག་པ་ནས་ཀོས་ནན་རྫོང་མཁར་གྲོང་སློབ་ཆུང་དུ་སློབ་གཉེར་བྱས།    རང་གི་བུ་མོ་འདི་ཕ་མའི་ཁ་ལེན་པ་དང་དགེ་རྒན་གྱི་ཚིག་བརྩི་བ་ཞིག་ཡིན”ཟེར། 

གསར་འགོད་པས།  སློབ་གྲོགས་རྡོ་རྗེ་སྐྱིད་ཀྱི་རྒྱུགས་འབྲས་ཐོས་མ་ཐག་དྲན་ཚུལ་ཅི་ཞིག་བྱུང་བའི་སྐོར་འདྲི་དུས། དཔའ་ལས་ཀྱིས“དུས་རྒྱུན་གྱི་རྒྱུགས་འབྲས་ལ་བལྟས་ནའང་སྐར་མ་ཅུང་མཐོན་པོ་ཡིན་པས།    རྒྱུགས་འཕྲོད་པའི་ཡིད་ཆེས་ཡོད”ཟེར།   དེ་ནས“ཞིང་ཆེན་ཡོངས་ཀྱི་ཨང་དང་པོ་ལེན་ཐུབ་པ་ཡིད་ལའང་མ་དྲན”ཞེས་བཤད་བྱུང་།  

ཕ་མས་རྒྱུན་དུ་རྡོ་རྗེ་སྐྱིད་ལ་ཀུན་སྤྱོད་སློབ་གསོའི་ཐད་ནས་རེ་བ་མཐོན་པོ་བཏོན་པ་ཡིན་ཟེར།  དཔའ་ལས་ཀྱིས“རང་ལ་ཤེས་བྱ་ཡོན་ཏན་ཆེན་པོ་ཡོད་ཀྱང་བྱ་བ་སྤྱོད་པ་མ་ལེགས་ན་རང་གཞན་གཉིས་ཀར་རྔོ་མི་ཐོགས”ཟེར། 

    རྡོ་རྗེ་སྐྱིད་ཀྱི་སེམས་གཏམ།   

 སློབ་སྦྱོང་བྱེད་ཐབས་སྐོར་གྱི་འདྲི་གཞི་འདི་དག་ཐེངས་མང་པོ་ཞིག་ལ་བདག་གི་སེམས་སུ་དྲན་མྱོང་།  སློབ་བུ་གཞན་དག་གི་ལྷན་སྐྱེས་ཀྱི་ཤེས་རབ་དེ་དང་འབད་འབུངས་ཧུར་ཐག་མ་བྱས་པར་ཐོབ་པའི་གཡུར་ཟའི་འབྲས་བུ་ལ་ཡིད་སྨོན་ཡང་སྐྱེས་མྱོང་།   དེ་བས།    བདག་ལ་འབྲས་བུ་ཁྱད་མཚར་བ་དང་ཐུན་མོང་མ་ཡིན་པའི་ཐབས་ལམ་ཞིག་ག་ལ་ཡོད།  འོན་ཀྱང་དེའི་སྐོར་ནས་ཅིས་ཀྱང་བསམ་ཚུལ་ཙམ་བཤད་དགོས་ཚེ།  སློབ་སྦྱོང་གི་གོ་རིམ་ཁྲོད་ཕལ་ཆེར་སྦྱོར་དངོས་རྗེས་གསུམ་ལས་གལ་ཆེ་བ་ཞིག་མེད་པ་འདྲ།  སྔོན་སྦྱོང་ནི་དཔེ་མཛོད་ཁང་གི་སྒོ་འབྱེད་པའི་ལྡེ་མིག་ལྟ་བུ་ཡིན་ལ།  གོ་རིམ་དེ་མེད་ཚེ།  ཤེས་རིག་གི་ཐོག་མའི་འཇུག་སྒོ་བཅད་པ་ལྟ་བུ་རེད།  དེ་ཡང་དཔེ་ཀློག་ཁོ་ན་ཙམ་མ་ཡིན་པར། རང་གིས་ཀྱང་དོགས་སློང་གི་སྙིང་སྟོབས་ཤིག་དང་རྟོགས་འདོད་ཀྱི་འདུན་པ་ཞིག་བསྣམས་ཏེ་བསླབ་བྱའི་གནས་ལ་ཞུགས་ན་ད་གཟོད་དྲི་བ་མང་པོ་ཞིག་ངང་ངམ་ཤུགས་ཀྱིས་སླེབས་འོང་།  སློབ་ཁྲིད་དངོས་ནི་ཆེས་གལ་ཆེ་བའི་བརྒྱུད་རིམ་ཞིག་ཡིན་ཏེ།  དེ་ནི་དཔེ་མཛོད་ཁང་དེའི་དཔེ་ཆའི་རིགས་ལ་སྤྱིའི་ཆ་ནས་དབྱེ་བ་ཕྱེས་པ་ལྟ་བུ་ཞིག་ཡིན་པས།  དཔེ་ཆ་གང་དེར་ཐོག་མའི་རྒྱུས་ལོན་བྱ་ཐུབ།    གང་ལྟར་སློབ་ཁྲིད་ཀྱི་སྐབས་སུ་དགེ་རྒན་གྱི་གསུང་དོན་ཚང་མ་ཡིད་ལ་དམ་པོར་གཟུང་རྒྱུ་ནི་ཧ་ཅང་གལ་ཆེ་བར་སྙམ།  བསྐྱར་སྦྱོང་ཡང་དེ་བཞིན་སློབ་སྦྱོང་གི་གོ་རིམ་ཁྲོད་མེད་དུ་མི་རུང་བ་ཞིག་ཡིན་ལ།   དེ་ནི་སྔར་ཁྲིད་ཟིན་པའི་ནང་དོན་སྔར་ལས་སྲ་བརྟན་དང་རྨང་གཞི་འཛུགས་པའི་གོ་རིམ་ཞིག་ཡིན། བསྐྱར་སྦྱོང་ནི་གཙོ་བོ་རང་ཉིད་ལ་བརྟེན་དགོས།  དེ་ནི་དཔེ་མཛོད་ཁང་གིས་རིགས་བགར་བའི་དཔེ་ཆ་རེ་རེར་གོ་བ་བསྐྱེད་པ་དང་མཚུངས་པས།  ང་ཚོས་འདི་ལ་བརྟེན་ནས་རང་གི་ཤེས་བྱའི་ཁྱབ་རྒྱ་ཇེ་ཆེར་གཏོང་དགོས་ལ།  གཏིང་ཟབ་པའི་སྒོ་ནས་ཤེས་བྱའི་གནས་ལ་ཞིབ་འཇུག་དང་སློབ་སྦྱོང་བྱེད་དགོས།   ཕྱོགས་གཞན་ཞིག་ནས་བཤད་ན།   ང་ཚོའི་དེ་རིང་གི་གྲུབ་འབྲས་དང་བརྩོན་པ་གཉིས་རྒྱུ་འབྲས་ཀྱི་འབྲེལ་བས་གྲུབ་པས།   ང་ཚོས་ནམ་ཡང་ཁ་སང་གི་འབད་བརྩོན་གྱི་རྔུལ་ཆུ་དེ་དེ་རིང་གི་རྒྱལ་ཁའི་འཛུམ་མདངས་ཀྱི་རྒྱུ་རུ་བསྔོ་དགོས། །

༧.jpg
སློབ་གྲོགས་རྡོ་རྗེ་སྐྱིད་ཀྱི་འཛིན་བདག་དགེ་རྒན་ཨོ་རྒྱན་སྐྱབས།

༨.jpg

སློབ་གྲོགས་རྡོ་རྗེ་སྐྱིད་ཀྱི་ཉེ་པར།

༩.jpg

སློབ་གྲོགས་རྡོ་རྗེ་སྐྱིད་ལ་ཐོབ་པའི་དགའ་རྟགས།

རྩོམ་སྒྲིག་པ། རྡོ་རྗེ་སྐྱིད།

དཔྱད་མཆན 0 ཡོད།